བོན་རྒྱ་བསྟན་འཛིན་རབ་རྒྱས།
དེ་རིང་གི་ཤུགས་རིང་ནར་མོ་འདིས་ངའི་གློ་སྙིང་བྲང་གསུམ་ཡུད་ཙམ་ལ་གྲང་འདར་རྒྱག་བཅུག་སོང་།དེ་ནི་གཞན་ཅི་ཡང་མིན་པར།བཙན་བྱོལ་ནང་གི་ལོ་རྒྱུས་རང་བཞིན་གྱི་ཤེས་རིག་གི་ཕ་ས། རྩོམ་རིག་གི་གཤིན་ས།གསར་འགྱུར་གྱི་ལྟེ་བ་བོད་ཀྱི་དུས་བབ་དྲ་བའི་དྲ་གྲོགས་ཚོ་ཁ་འཐོར་དགུ་འཐོར་ལ་གྱུར་སོང་བས་ཡིན།ངས་སྔོན་ཆད་བཙན་བྱོལ་ནང་གི་མཐོ་སློབ་ཁག་ལས་བོད་ཀྱི་དུས་བབ་ཀྱིས་བཙན་བྱོལ་ཤེས་རིག་ལ་བྱས་རྗེས་བཞག་ཡོད་ཅིང་། སྤྱི་འཐུས་གྲོས་ཚོགས་ལས་ཀྱང་བོད་ཀྱི་དུས་བབ་ཀྱིས་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་ཞུས་ཡོད་པར་སྙམ་ཡོད་ལ།དོན་དངོས་སུའང་དེ་ལྟར་ཡིན།ཡིན་ནའང་།ད་ནི་དངོས་སུ་ཉམས་རྒུད་ནས་ཁ་འཐོར་དང་།བཅུད་མེད་ནས་བྲོ་མེད་ལ་འགྱུར་ཉེན་གྱི་སོ་ཁ་ཞིག་ན་ཡོད་པས། ང་ལ་སྟོང་གསུམ་སྐྱོམ་པའི་ཤུགས་རིང་འདི་ཤོར་སོང་།
སྔོན་ཆད་བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་རེ་རེས་གངས་སྐྱིད་གཤོངས་ཀྱི་བཀའ་སྤྱི་གཉིས་ཀ་གོར་སེ་འཚོགས་བཅུག་མྱོང་ལ།གདན་སའི་མཁན་བླ་དགེ་བསྐོས་དག་ཀྱང་འུར་སེ་ངར་བཅུག་མྱོང་།ད་དུང་བོད་ཀྱི་དུས་བབ་ཚང་གི་རྩོམ་སྒྲིག་པའི་གཏམ་གྱིས་བཙན་བྱོལ་ནང་གི་གནད་དོན་ཡོད་ཚད་རྡོག་ལ་སྒྲིལ་མྱོང་ཞིང་།གཞིས་བྱེས་གཉིས་ཀྱི་རེ་འདོད་ཡོད་ཚད་འབུར་གྱིས་བཏོད་ཐུབ།བཙན་བྱོལ་གྱི་གོ་རྟོགས་ནི་དྲིལ་བུ་ཞིག་ཡིན་པའི་དབང་དུ་བྱས་ན་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་ནི་ཏག་ཏག་ལ་དྲིལ་ལྕེ་ནར་མོ་དེ་ཡིན་ངེས།ཡིན་ནའང་།ཡིད་སྐྱོ་བ་ཞིག་ལ།ལོ་སྔོན་མ་ནས་རྩོམ་སྒྲིག་པའི་གཏམ་ནི་ལྟ་རིན་མེད་པ་ཞིག་ལ་གྱུར་བ་མ་ཟད།དགོད་སྐྱེད་ཅིག་ལ་ཟླ་ཤས་གོང་ནས་རྩོམ་སྒྲིག་པས《དམར་པོ་མེ་ཡི་མི་རབས》དང་།《མགོ་ཟུར་རྣ་ལ་ཀི་ཡིན》《ཚོགས་ཆེན་རྨི་ལམ་དགུ་སྒྲིལ》སོགས་ངའི་ལབ་རྩོམ་ཚོ་དང་ཤིན་ཏུ་འདྲ་ལེ་ཡི་སྙན་ངག་ཐན་ཐུན་རེ་འབྲི་རྒྱུ་ཞིག་ལོབས་ཤིང་།དབུགས་མེད་བཅུད་མེད་ཀྱི་གསར་འགྱུར་ཐན་ཐུན་རེས་དྲ་ངོས་དང་ཚགས་ངོས་བཀང་ཐུབ་བྱེད་ཀྱིན་འདུག་ལ།ད་དུང་རྩོམ་ཡིག་རེ་བྲིས་ནས་མདུན་ངོས་སུ་བསྐུར་ནའང་རྩོམ་སྒྲིག་པའི་ལྷ་མ་འཐད་ན་འགོད་རྒྱུར་རེ་བ་མེད་ཚོད་རེད། དེ་ལོས་ཡིན། བདུན་ཕྲག་རེའི་ནང་ལ་མདུན་ངོས་ཀྱི་བསམ་ཚུལ་བརྗེ་སྤོར་མི་བྱེད་པའི་སྐབས་ཀྱང་དུ་མར་འབྱུང་བས་རྩོམ་པ་པོ་ཚོའང་རྩོམ་སྐུར་བར་ཉོབ་ཀྱིན་ཡོད་རྒྱུ་རེད་སྙམ། ད་ནི་ཡིག་ནོར་འཐུ་མཁན་གྱི་དྲ་གྲོགས་མེ་དང་།བསེ་རུ།བསྟན་འཛིན་ཚེ་དཔགཨ་རིག་དགེ་མཐོང་སོགས་ཀྱང་རིམ་གྱིས་སུན་སྣང་ལ་གྱུར་ནས་ཡིག་ནོར་བསལ་མགོ་བཞག་པ་མ་ཟད།དུས་བབ་དྲ་བ་ནས་ཀྱང་ཕྱིར་འབུད་མགོ་ཚུགས་སོང་།དུས་བབ་རྩོམ་སྒྲིག་པར་མཚོན་ན། ཁ་བཙོག་དེ་ཚོ་བུད་སོང་ན་དགའ་ཚོད་ཡིན་རྒྱུ་རེད་དེ། དོན་དངོས་གནས་ལ། རྩོམ་རིག་གི་གླེང་སྟེགས་འདི་འདི་ལྟར་ཤི་ལམ་ལ་ཁད་ཀྱིས་ཞུགས་པར་སྐྱོ་བ་དང་ཕངས་པ་ཉིས་བརྩེགས་ཤིག་གིས་སྐྱིད་པོ་ཞིག་མ་རེད།
དེ་རིང་ངས་རང་གི་དྲ་གྲོགས་རྙིང་བ་ཚོ་དྲན་ཏེ་ཁོང་དག་ལ་རྩད་གཅོད་ཅིག་བྱས་པ་ཡིན།ཤ་ཁྲག་རུས་གསུམ་སར་སོང་དུས།ཁོང་གིས་བཟའ་ཟླ་བུ་ཕྲུག་དང་བཅས་པ་བློས་བཏང་ནས་མི་རིགས་ཀྱི་ཆེད་དུ་ཞི་བའི་འཐབ་རྩོད་ཕྱིར་ལྡོག་མེད་པ་ཞིག་གི་མགོ་བརྩམས་ཏེ་ཟླ་བ་གསུམ་རིལ་གྱིས་འདས་ཚར་ཞིང་།ད་དུང་བལ་ཡུལ་གྱི་བཙོན་ཁང་ཞིག་ན་གློག་ཀླད་ནང་དུ་རྩོམ་ཡིག་དང་ཁ་ཆེམས་འཕྲིན་ཡིག་ལྟ་བུ་རེ་བྲིས་ནས་བསྡད་འདུགསྔར་ལྟར་ཟིན་བྲིས་ཡོད་ཚད་ཀློག་གི་མི་འདུག་ལ་མཆན་ཡང་སྤེལ་གི་མི་འདུགད་དུང་རྩོམ་ཡིག་ཚོའང་ཁ་བརྡ་གཙོ་བོ་བྱེད་ཀྱིན་པ་ལས་དུས་བབ་གཙོ་བོ་བྱེད་ཀྱིན་མེད་པ་འདྲ་ལ། ད་དུང་ཁོས་ང་ལ།ད་ནི་ང་སྔར་གྱི་ཤ་ཁྲག་རུས་གསུམ་མིན་ལ་ལྷ་ཀླུ་གཉན་གསུམ་ཡང་མིན།ང་ནི་གླིང་ཚ་ཚེ་བརྟན་རྡོ་རྗེ་སྟེ་བོད་ཀྱི་འཐབ་རྩོད་པ་ཕྱི་ནང་མེད་པ་ཞིག་ཡིན།འཆི་བ་སྲོག་ལ་ཐུག་ཡང་ངས་བོད་ཀྱི་འཐབ་རྩོད་མཚམས་མི་འཇོག་ཅེས། ཞལ་ངོ་ཟོ་རོག་གྱིག་གེར། “ཨ་ཁུ་ཟེར་དགོས་སམ་རྒད་པོ་ཟེར་དགོས་གང་ལྟར་བོན་རྒྱ་ཁྱོད་ལ་སྐྲག་རྒྱུ་མེད་པར་ང་ཡོད་སར་ཡོང་ནས་ཁ་ཞིག་གྲགས་པ་ལ་དགའ་ཡོད།ཀླུ་སྨྱོན་དང་ཟ་ལེ་རྒྱ་གཉིས་ཡིན་ན་སྔོན་ཆད་ཁ་བརྡ་མང་དུ་བྱེད་ནའང་།དེང་སང་ང་ལ་ཁ་བརྡ་ཙམ་ཡང་བྱེད་ཕོད་ཀྱི་མི་འདུག སྤྱིར་ན་འུ་ཚོས་ད་རག་བར་དུ་བཤད་པ་རེད།ད་བྱེད་དགོས་པ་རེད”ཅེས་ཚོར་བ་དང་སྤོབས་པ། རིགས་ཞེན་དང་དཔའ་ངར་གྱིས་དེད་ནས་ཐོན་པའི་ཚིག་གཟུ་མོ་ཤ་སྟག་གིས་ངའི་ངོ་གདོང་ལ་ཅལ་ཅལ་རྒྱག་གི་འདུག་མོད། ངས་ལན་ཞིག་འབུལ་རྒྱུ་ཕར་ཟད་སྐྲག་པ་དང་དངངས་པ་ལྟ་བུ་ཞིག་གིས་ཅི་ཞིག་བཤད་དགོས་པའང་གཏན་ནས་མི་ཤེས་པས་ཁུ་སིམ་མེར་ཁ་མ་གྲག་པར་ཕྱིར་ཡོང་བ་ཡིན།
དེ་ནས་ཁ་བ་ནག་པོའམ་ཡང་ན་ཀླུ་སྨྱོན་ཚང་བཙལ་བར་སོང་བ་ཡིན། རྒྱ་མཚོ་ཆེན་པོ་ཞིག་ལ་ཁ་འཁོར་ཏེ་གོས་ཆེན་འཁོར་ལོ་མའི་རྐང་ཐུང་བརླ་རྩ་ལས་མི་སྙོབ་པ་ཞིག་གོན་ཏེ། རག་ཤའི་ཕྲེང་བ་རོམ་པོ་དངུལ་གྱི་བཅུ་ཚར་ཆ་མ་ཅན་ཞིག་གཅིག་འདེད་གཉིས་དེད་ཀྱིས”ཨ་རི་ན་ཧོར་ཚང་ཉལ་འདུག རབ་གསལ་ཉལ་འདུག ཧྥ་རིན་སུ་ན་ཟ་ལེ་རྒྱལ་ཉལ་འདུག སྙན་བཟང་ཉལ་འདུག བསམ་གཏན་ཉལ་འདུག རྒྱ་གར་ན་བེ་རི་ཉལ་འདུག ལྷ་ཆབ་ཉལ་འདུག བོན་རྒྱའང་ཉལ་འདུག”ཅེས་མཛུབ་མོ་བཀུག་ཞོར་བསྡད་འདུག སྔུན་ལ་སོང་དུས། འགྲམ་སྟེང་ན་མཛུབ་མོ་ལྔའི་རྗེས་ཤུལ་འབུར་ཚུགས་ཀྱིས་བཏོན་འདུག་པ་མ་ཟད། སྐྲང་ནས་ཅུང་འགོར་ཚར་རྐྱེན་དམར་སྔོན་ལྟ་བུ་ཞིག་ལ་གྱུར་ཏེ། སྐྲང་འབུར་སྟེང་ལ་རྨ་ཞིག་ཁྲ་སིབ་བེ་ཞིག་ཀྱང་བུད་འདུག ངས་”ཨ་རོ་ཁྱོད་བདེ་མོ། ཁྱོད་འགྲམ་པར་ཅི་བྱས་སོང་”ཞེས་ཁ་ནས་ཤོར་མ་ཐག། འཁྲིས་ནས་ཁྱི་ཕྲུག་དཀར་ལེ་ཞིག་གིས། “ཨབ་ཨབ་་་་་དེ་ནི་ཉིན་ཤས་གོང་སེང་རྡོར་གྱིས་གཞུས་པའི་འགྲམ་ལྕག་རེད། ཁྱོད་ཀྱིས་བུ་ངར་མདོག་གིས་བྱེས་ཀྱི་ཁ་ཕོ་གཞིས་ནས་མ་སྒྲོག ཡག་པོ་མི་འདུག་ན་ཕར་རྒྱུག་ཅེས་གཤེ་གཤེའང་ཚ་བོ་བཏང་སོང་། ཨ་ལགས་ཞེད་ཀི་འདུག་ཟེར། ཨབ་ཨབ་་་་་”ཟེར་གྱིན་འདུག ད་ཐེངས་དངོས་གནས་སྔགས་རྒན་སྐྲག་ཐག་ཆོད་ཡོད་པ་འདྲ། ཕྱིར་འཁོར་ནས་སེང་རྡོར་དྲ་བར་སླེབས་དུས་ཡ་ལན་ཞིག་སློག་པ་ཕར་ཟད། ད་དུང་སེང་རྡོར་གྱི་བསྒྱུར་རྩོམ་ལྟ་བུ་ཞིག་ཡོད་པ་དེའི་རྗེས་ལའང”ངས་ཀྱང་ཕྱི་རྒྱལ་གྱི་རྩོམ་ཡིག་དག་དེ་ག་རང་བསྒྱུར་གྱིན་ཡོད་”ཅེས། ཁྱི་ཕྲུག་དཀར་ལེ་བོ་དེའི་རྔ་མ་གཡུག་པ་ལྟ་བུའི་གཉོམ་དུང་དུང་གི་བསྟོད་པ་ཤ་ཚ་མོ་ཞིག་བྱས་འདུག་པས། ངའི་སེམས་ཤིག་ནས་ཅིག་ཐག་སེ་ཆད་པའི་སྣང་བ་བྱུང་། དེ་ནས་ཨ་རོ་ཀླུ་སྨྱོན་བདེ་མོ། “དེང་སང་ད་དུས་བབ་ཚང་ལ་མང་པོ་ཡོང་ཐུབ་ཀི་མེད་ཀ”ཞེས་ཁ་བརྡ་ཞིག་བྱེད་དགོས་བསམ་སོང་མོད། “ཨང་ཧང་་་ཨང་ཧང་ ཁྱོད་ཁ་བརྡ་བྱས་ན་ང་ལ་རྩ་ལྟུང་འབྱུང་གི་རེད” ཅེས་ལག་པ་གཡུག་གཡུག་གིས་ཁ་ཕར་འཁོར་སོང་། དེ་ནས་ང་ལའང་བྱ་ཐབས་གཞན་མ་རྙེད་དེ་ཕྱིར་ཡོང་བ་ཡིན།
ཡོང་ཞོར་ལ་སེང་རྡོར་ཚང་གི་དྲ་ཞབས་ལ་ལྟ་དུས་དགེ་བསྐོས་མེ་དང་ཨ་རིག་འགྱུར་མེད་གཉིས་ཀས་སེང་རྡོར་ལ་མཐེ་བོང་ཀེར་ནས། ངེད་གཉིས་ལ་གནས་ཚང་ཞིག་གཡར་རོགས་ཞེས་པུས་བཙུགས་ཀྱིས་བསྡད་འདུག སྤྱིར་ན་སོ་སོའི་མོས་པ་རེད་དེ་སྙིང་རྗེ་བའི་ཚོར་བ་ཞིག་བྱུང་མོད་ཅི་ཡང་མ་བཤད་པར་ཕྱིར་ཡོང་བསམ་མོད། ད་དུང་གྲོགས་བློ་དབང་གིས་ཀྱང་”ང་ཐོན་ཡོད”ཅེས་སེང་རྡོར་ཚང་ནས་གཞི་བཟུང་ཚར་བ་མ་ཟད། ད་”ང་ལོ་སུམ་ཅུ་བརྒལ་སོང་”ཞེས་ཇ་དཀར་དེམ་གང་ཡང་འཁྲིས་ལ་བཞག་ལོས་ཡོད་སྙམ་པ་ཞིག་གིས་ལབ་རིང་གཤུར་མགོ་བཙུགས་འདུག་པས། ངས་ཀྱང་ཁ་བརྡ་ཞིག་བྱས་ན་དེ་རུ་ལྷག་པ་ལ་ཐེ་ཚོམ་ཅི་ཡང་མེད་པས། མགྱོགས་པོར་ཕྱིར་འཁོར་ནས་དུས་བབ་ནང་ལ་ཡོང་སྟེ་དྲ་གྲོགས་ཚོ་ཚང་རྩིས་ཤིག་བྱས་པ་ཡིན་ཏེ། ལྷ་ཆབ་དང་ཟ་ལེ། བློ་རྒྱམ་དང་ལྗང་མྱུག་སོགས་དུས་བབ་ཚང་གི་ཀ་ཆེན་སེང་ཆེན་དུ་འབོད་པ་དག་དང་། བསྟན་ཚེ་དང་ཁང་གསར། སྒོམ་སྡེ་དང་ཨ་ཚོགས་སོགས་གཅིག་ཀྱང་རིག་ས་མཐོང་ས་ན་མེད་པ་མ་ཟད། ཐ་ན་དུས་བབ་ཚང་ནས་རྒས་ཤིང་ཁོག་ལ། གྲགས་ཤིང་འབར་བ་རབ་གསལ་དང་། མི་ནག་ཚང་སོགས་ཀྱིའང་ཤུལ་ཙམ་ཡང་མི་མཐོང་བའི་ཚད་ན་ཡོད་པས། དངོས་གནས་སྐྱོ་བ་དང་གཟེར་བ་གཉིས་ཀ་བྱུང་སོང་།
_____ད་དུང་ཚར་མེད། ང་ཟ་ལེ་དང་དགེ་མཐོང་སོགས་བཙལ་བར་འགྱོ་གི་ཡོད།
ཅི་འདྲའི་རིན་ཐང་ལྡན་པའི་དངན་པ་རིང་མོ་ཞིག བོན་རྒྱ་འདི་གླིང་པོ་ཆེ་ཤི་ན་གསེར་སྲང་བརྒྱ མ་ཤི་གསེར་སྲིང་བརྒྱ་ཟེར་བ་དེ་ཅི་མ་བདེན་
རྩོམ་ཡིག་འདིའི་རྒྱབ་ངོས་ནས་དུས་བབ་ལས་དབྱེ་ཞིབ་བྱས་མ་ཡིན་པར། ད་ལྟ་དུས་བབ་ནང་ལས་ཀ་བྱེད་མཁན་གང་ནས་ཡིན་དང་། སྔོན་མ་ཚོ་གང་ནས་ཡིན་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད། འདི་ལ་ཨ་མདོ་ནང་ཁུལ་ནས་ས་གནས་ས་གནས་སུ་ལྟ་སྟངས་ཀྱི་ན་ཚ་ཡིས་བྲིས་པ་ཞིག་རེད།
གང་ལྟར་རྩོམ་ཡིག་སྤེལ་བར་ཁྱད་ཡོད་པབདེན་གི རྩོམ་སྒྲིག་པའཇ་ངཀ་ཤེས་གྲོགས་པོ་མིན་ན་སྤེ
ལ་གིམ་རེད་ཡ
དེ་རིང་གི་ཤུགས་རིང་ནར་མོ་འདི་དངོས་གནས་གསོན་ཉམ་ལྡན་པའི་ཤུགས་རིང་ཞིག་རེད་། དུས་བབ་ཚང་ལ་ཕྱིར་མིག་ཞིག་བསྟས་ཚེ་ཅི་ཡང་མ་མཐོང་་ ། ལྷ་གླུ་གཉན་གསུམ་ནི་གནས་འགྱུར་དེ་། གླིང་ཚ་ཚེ་བརྟན་རྡོ་རྗེ་སྟེ་།
མངོན་ལྐོག་གཉིས་མེད་ཀྱི་ཞི་བའི་འཐབ་རྩོད་པ་ཞིག་རེད་་། དེ་ལ་ཅི་ཡང་ཞུ་མ་ཕོད་། དེ་ནས་གླུ་སྨྱོན་ཚང་ལ་སོང་ཚེ་།
ཨང་ཧང་ཧང་། ཁ་བརྡ་བྱས་ན་རྩ་ལྟུང་་འབྱུང་གི་རེད་གསུང་ནས་ལན་མ་ལོན་། མཐར་སེང་རྡོར་ཚང་ལ་སོང་ཚེ་ཁ་ཤེས་སྔོན་དུ་ཐོན་ཟིན་ལ་། ལ་ལ་ལམ་ཁ་ན་འགྲོ་བཞིན་པ་མཐོང་ཚེ་དེ་ནའང་ས་ཆ་སྟོང་བ་ཞིག་མེད་ཐག་ཆོག་་།
ད་གང་དུ་འགྲོ་འདོད་ཡོད་ལགས་། བོན་རྒྱ་ལགས་ངས་ཀྱང་གོམ་པས་འདེག་འཇོག་ཅི་ལྕོག་གིས་ཁྱེད་ཉིད་གར་སོང་ལ་འགྲོ་འདོད་ཡོད་།
ངས་དངོས་གནས་བོད་ཀྱི་དུས་བབ་ཁ་འཐོར་ལ་སོང་བ་ཡིན་ནམ་སྙམ་ནས་སེམས་ཕམ་ཞིག་བྱུང་སོང་། རེད་རྒྱུ་ནི་བོད་ཀྱི་དུས་བབ་མ་ཡིན་པར་དུས་བབ་དུ་ཉིན་ཐོའི་ལས་བྱ་འབྲི་མཁན་འགས་ཉིན་ཐོ་མ་བྲིས་པ་དེ་ཟེར་གྱི་འདུག
བོན་རྒྱས་གསུངས་པ་བདེན། བོན་རྒྱས་བྲིས་པ་ལེགས།
བོད་ནང་གི་མེ་ཕྱི་ལ་འབར་བཞིན་པའི་སྐབས་བཙན་བྱོལ་བའི་མེ་ནང་ལ་འབར་བ་འདི་ག་རེ་བྱུང་བ་ཡིན་ནམ།
མི་ཟ་རི་ཟི་རི་དང་ཨམ་སྐད་ཟ་རི་ཟི་རིས་རྩོམ་ཟ་རི་ཟི་རི་བྲིས་ནས་ཨམ་འཁྱམས་ཟ་རི་ཟི་རི་ཁག་གཅིག་གྱི་མ་སྐྱིད་པའི་འཆལ་ལམ་བཀོད་འདུག ད་འདང་རྒྱག་རྒྱུ་གཅིག་ལས་ལྷག་མི་གདའ་བ་གལ་སྲིད་ད་དུང་འགྲོ་བ་མི་ལ་སྐྱེ་བའི་སྐབས་ཡུན་ཙམ་ལྷགས་ཡོད་ན་ཁྱོད་ཚོ་ཚང་མས་མ་ཤི་སྔོན་་སྐྱེ་བ་ཕྱི་མ་དེ་་ཡང་སྐྱར་བོད་ཏུ་མ་སྐྱེ་བར་ཨ་རིའི་བིར་གེཚེ་ཚང་ངམ་ཐ་ན་་རྒྱ་གུང་ཁྲན་ཕྱུག་པོ་ཞིག་གི་ཁྱིམ་ཏུ་སྐྱེ་བའི་སྨོན་ལམ་འདེབས་ཤིག
དྲང་མོ་བཤད་ན་ཅང་མི་ཤེས་ཀི བོན་རྒྱ་ཡར་ལ་འཐེན་མཁན་དང་དུས་བབ་ཚང་མར་འདེད་མཁན། ཡང་ན་དུས་བབ་ཚང་ཡར་ལ་འགྱོགས་མཁན་དང་བོན་རྒྱ་མར་ལ་འདེད་མཁན་གྱི་རིགས་སྣ་ཚོགས་ཤིག་ཡོང་གི་འདུག འདི་འགྲོ་སྟངས་ཤིག་རེད། ཡིན་ཡང་དུས་བབ་རྩོམ་སྒྲིག་པའི་གཏམ་གྱི་ཐད་ནས་བཤད་ན་ཡར་ལྷུང་མར་ལྷུང་རྩོམ་སྒྲིག་པ་སྔ་མ་དག་གི་དུས་ནས་ཡོང་གི་ཡོད་ལ། ད་ལྟའི་དུས་སུའང་ཡོང་གི་འདུག གནད་དོན་འདི་ནི་རང་ཉིད་དུས་བབ་གསར་འཕྲིན་ཀློག་པོ་ཞིག་གི་ངོས་ནས་ལྟས་ན་འདྲ་མཚུངས་ལས། རྩོམ་སྒྲིག་པ་གསར་འགོད་པ་འདི་ཚོའི་དུས་སུ་དམིགས་བསལ་བབ་ལྷུང་གི་ཕྱོགས་ངོས་མཐོང་གི་མི་འདུག ཡིན་ཡང་གསར་ཤོང་རང་གི་གསར་འགྱུར་གྱི་ཁ་ཕྱོགས་དང་འགོད་ཕྱོགས། འགོད་སྟངས། ཚིག་སྦྱོར། དག་སྡེབས་སོགས་སྔ་མ་ལས་ཅུང་ཉམས་ཞན་དུ་སོང་ཡོང་པའི་སྣང་བ་ཤུགས་ཀྱིས་འཁོར་ཡོང་གི་འདུག འདི་ནི་གཟབ་ནན་བྱ་དགོས་པའི་གནད་ཡིན་ནོ།
ཡག་པོ་བྲིས་ཞག ཉེ་སྔོན་ཀླུ་སྨྱོན་གྱི་རྩོམ་དེ་ཀློག་སྐབས་ཉལ་མཁན་གྱི་གྲས་སུ་ཉིད་ཀྱི་འགན་འཛིན་ལགས་ཀྱང་ཡོད་པ་འདྲ་ཞིག་དྲན་སོང་།
ཀླུ་སྨྱོན་སེང་རྡོར་ཚང་ན་རྔ་མ་ཉིལ་ལེ་གནས་ཚང་གཡར་ནས་ཡོད་པ་ལྟར། ཨ་དཀྲུགས་ཚེ་བརྟན་ཟེར་བ་འདིའང་སྙིང་རྗེ་འདི་ནས་འགྲོ་གི་འདུག མི་འདི་ལ་འདི་ཙམ་ཞིག་ལས་ངས་སྔོན་མ་ནས་ཆ་འཇོག་བྱས་མེད། བོན་བརྒྱས་ངར་བ་ཞིག་བྲིས་འདུག ཡིན་ན་ར་ད་ལྟའི་དོན་གྲུབ་བཀྲ་ཤིས་ལ་ནམ་ཞར་ཞར་སྙིང་ནད་བཟུང་ཟིན་འདུག་པ་འདི་ཡག་པོ་ཞིག་མ་རེད་ཡ། ད་དུང་མང་པོ་ཞིག་ལ་འགྲམ་ལྕག་ཚ་པོ་གཞུས་འདུག ཧཧཧ
བོན་རྒྱས་ཉེ་ཆར་རྩོམ་ཡིག་འདི་དུས་བབ་ཟིན་བྲིས་ནང་བཏང་འདུག་པ་དེའི་འོག་ཏུ་མཆན་ཞིག་འདེབས་དགོས་བསམ་ཡང་ཁོ་རང་སྒེར་གྱི་ཟིན་བྲིས་ཙམ་རེད་སྙམ་ནས་བཞག་པ་ཡིན། དེ་རིང་འདིར་བཤུས་ཏེ་བཏང་འདུག མ་བདེ་བ་ཟེར་ན་འདྲ་ཁོང་ཁྲོ་ཟེར་ན་རེད་མཆན་ཞིག་མི་འདེབས་ག་མེད་བྱུང་སོང་། ངས་དེ་སྔོན་བོན་རྒྱའི་རྩོམ་ཡིག་འདིའི་འོག་གི་མཆན་ཚང་མ་བཀླགས་པ་ཡིན། སྤྱིར་རྩོམ་སྒྲིག་པའི་གཏམ་དེ་དག་འབྲི་མཁན་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་ཡིན་ཚོད་མི་འདུག ཁོ་རང་གུང་སེང་དུ་ཕེབས་ཤུལ་ནས་རྩོམ་སྒྲིག་ལས་རོགས་ཚེ་རིང་རྒྱལ་གྱིས་བྲིས་པ་ཞིག་ཡིན་ས་རེད། གང་ཡིན་ཟེར་ན་ཁོ་རང་སྤྱི་ཟླ་བཞི་བ་ཧྲིལ་བོར་ནད་པ་ཞིག་གི་ནད་གཡོག་ཡིན་པ་ཞིག་དེ་སྔ་དྲ་ཐོག་ནས་གོ་སོང་།
ཡིན་ནའང་ཁྱད་པར་མི་འདུག ལས་ཁུངས་གཅིག་ལ་ཁྱོད་དང་ང་ཡོད་རྒྱུ་མ་རེད། རྩོམ་སྒྲིག་ཕྱག་རོགས་ཚེ་རིང་རྒྱལ་ལ་མཚོན་ནའང་གང་ཐུབ་ཐུབ་ཀྱིས་བྲིས་ཡོད་རྒྱུ་རེད་ལ། རྩོམ་སྒྲིག་པའི་གཏམ་དེ་དག་རང་ངོས་ནས་བལྟས་ཀྱང་ངའི་ཆུ་ཚད་སྐྱོ་དྲགས་པ་དང་བོན་རྒྱའི་གནས་ཚད་རྦད་དེ་མཐོ་དྲགས་པ་མིན་ན། རྩོམ་ཡིག་ཚད་ལྡན་འཁྱོང་མེད་པ་དེ་འདྲ་ཞིག་ལ་རྩ་བ་ཉིད་ནས་མཐོང་མ་སོང་།
དེ་ནས་བོན་རྒྱ་བསྟན་འཛིན་རབ་རྒྱས་ཟེར་བ་འདིའི་སྐོར་ལ་ཁ་ཤས་ཞུ་འདོད་བྱུང་སོང་། མི་འདི་ལ་མཚོན་ནངའ་ངོ་ཤེས་གྲོགས་པོ་དེ་འདྲ་མིན་ཡང་ཁོས་ནམ་རྒྱུན་གྱི་བཤད་སྟངས་སྤྱོད་སྟངས་དེ་ཧ་ཅང་གསལ་བོར་ཤེས་ཀྱི་ཡོད། ལས་དོན་གང་ལ་འཇུས་ཀྱང་ཁུངས་མི་འཁྱོལ་མཁན་ཞིག་དང་། ནམ་རྒྱུན་ཁ་རྒྱགས་པ་བཤད་སྡོད་པ་ལས་དོན་གནད་དེད་ཡོང་ན། ཁོ་རང་གིས་གང་བཤད་པ་དང་གང་བྲིས་པ་དག་ལ་མདོ་རྩ་འདེད་རྒྱུ་མེད་པ་རྐྱང་རེད་ལ། གོང་གི་སྐད་ཆ་ཆལ་ཆོལ་དེའི་ནང་དུའང་མདོ་རྩ་དེད་ན་ས་གནས་ཀྱི་ཞེན་ཁོག་ཅིག་གིས་བསླངས་ཏེ་འབྲེལ་བ་མེད་ས་ཞིག་ལ་ཕྲག་དོན་ཟ་བཞིན་ཡོད་པ་དེ་རེད།
ཁོ་བ་སྔོན་མ་གྲྭ་སར་སྡོད་སྐབས་ནས་ཀུན་སྤྱོད་དང་ཀུན་སློང་གང་ཐད་ནས་གཙང་མ་ཡང་མ་ཞིག་མིན་ལ་རྡ་རམ་ས་ལར་ཕྱིན་རྗེས་ཀྱང་བཤད་རྒྱུ་གཏམ་རྒྱུ་མང་པོ་ཡོད་མཁན་ཞིག་རེད། ངས་འདི་ནས་ཁོ་རང་མི་སྒེར་གྱི་ཀུན་སྤྱོད་སྐོར་བཤད་ན་འོས་འཚམས་ཤིག་མིན་ཡང་། ཁོ་རང་གིས་འདིར་དུས་བབ་ཚང་གི་རྩོམ་སྒྲིག་པར་འུ་ཚུགས་ཀྱིས་སྐྱོན་མདོག་ཁུལ་བྱས་པ་འདིས་ཁོ་རང་གི་ཀུན་སྤྱོད་ཀུན་སློང་གཉིས་ཀ་གཙང་མ་མིན་པ་བསྟན་ཡོད་པའི་དབང་གིས་ངས་ཀྱང་འདི་ནས་ཅུང་ཙམ་མི་བཤད་ཐབས་མེད་ཆགས་སོང་།
དུས་བབ་ཀྱི་རྩོམ་སྒྲིག་པ་སྔོན་མ་དག་ལའང་སྤྱི་ཚོགས་ནང་འདི་འདྲ་བཤད་ཚུལ་མང་པོ་བྱུང་ཡོད་ལ། ལྷག་པར་དུ་རྩོམ་སྒྲིག་པ་འཕོ་འགྱུར་རེ་ཕྱིན་སྐབས་མི་མང་པོ་ཞིག་གིས་ཁ་རྡུང་སྣ་ཚོགས་བཏང་ཡོད། དེའི་གྲས་ཀྱི་མི་མང་ཆེ་བ་དུས་བབ་ལ་མི་དགའ་མཁན་དང་མ་འདོད་མཁན་རྐྱང་རྐྱང་རེད་ལ། རེ་ཟུང་གིས་དུས་བབ་ལ་ཤ་ཚ་བ་ཡིན་མདོག་མདོག་གིས་སྡུག་མོལ་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་མི་དེ་དག་ཀྱང་དུས་བབ་རྩོམ་སྒྲིག་པར་མ་དོ་མཁན་དང་། མ་ཤེས་མཁན་རྐྱང་རྐྱང་རེད།
ད་ལྟའི་དུས་བབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་ལ་མཚོན་ནས་བཤད་ན། ང་ཁོ་རང་ལ་ཆ་རྒྱུས་གང་ཡང་མེད་མོད་ལ་ཤེས་ཡོན་གྱི་གནས་ཚད་ཀྱང་ངས་བཤད་ཤེས་ཀྱི་མེད། ཡིན་ནའང་དུས་བབ་ཀྱི་ཚགས་པར་དང་དྲ་རྒྱ་གཉིས་ཀ་ཉིན་རེ་བཞིན་ཡར་རྒྱས་ཆེན་པོ་རེད་ལ། མི་ཁོ་རང་གི་གཤིས་ཀ་དང་རང་ཚུགས་བརྟན་པོ་ཡོད་མཁན་གྱི་མི་བུ་ལྗིད་ཁོག་ཅན་ཞིག་རེད། ནམ་རྒྱུན་གང་བྱུང་མིང་བྱུང་ཁ་ནས་མི་བཤད་པ་དང་། ལག་ནས་ཀྱང་མི་འབྲི་མཁན་ཞིག་རེད། ཁོ་རང་གིས་རེ་ཟུང་བྲིས་ཡོད་པ་དག་ལ་གོ་རྒྱུ་ཆེན་པོ་ཡོད་པ་མ་ཟད། མ་འོངས་པར་ཡང་མི་འདིར་རེ་བ་ཆེན་པོ་འདུག་བསམ་བསམ་འདུག
ང་རང་ལ་མཚོན་ན་ད་ལྟའི་ཛ་དྲག་གཉན་འཕྲང་གི་དུས་ཚོད་འདིའི་ནང་འདི་འདྲ་བྱ་བ་རླབས་ཆེན་པོ་དང་། བོད་པའི་རྩ་དོན་འཐབ་རྩོད་དང་བོད་ཕྱི་ནང་གཉིས་ལ་ཕན་ཐོགས་ཆེན་པོ་ཡོད་པའི་ཕྱག་ལས་ཤིག་གནང་གི་ཡོད་པ་འདིར་གདེང་འཇོག་དང་གུས་བརྩི་ཆེན་པོ་བྱེད་ཀྱི་ཡོད་ལ། མི་གཞན་པ་ཞིག་གིས་ག་ཚོད་བཤད་ཀྱང་ཕྱོགས་གང་ཐད་ནས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་ཞིག་ལ་མཐོང་གི་ཡོད།
ད་ཡིན་ན་ཧ་གོ་སོང་། བོད ཀྱི་རྩོམ་པ་པོ་མིང་གྲགས་ཅན་ཞེས་ཀླུ་སྨྱོན་དང་བོད་རྒྱ་སོགས་ཀྱི་གཅིག་གིས་གཅིག་ལ་གོ་བསྟོད་བྱེད་མོད། དོན་དངོས་ཁོང་ཚང་མ་ཕ་ཡུལ་གཅིག་པ་རེད་འདུག དེ་ནི་ས་འབུ་དང་ཕྱེ་མ་ལེབ་གཉིས་ཀྱིས་གཅིག་གིས་གཅིག་བསྟོད་བྱེད་དང་གཉིས་སུ་མ་མཆིས།
དུས་བབ་གྱིས་རྒྱ་ནག་ལྟར་མིའི་བསམ་ཚུལ་ལ་རིན་ཐང་མི་སྤྲད་པས་སུ་ཡང་རྩོམ་ཡིག་སྐུར་བ་ཉོབ་སྣང་ལོས་སྐྱེས། དུས་བབ་རྩོམ་སྒྲིག་པའི་ལྟ་བ་དང་མི་མཐུན་པ་ཞིག་སྐུར་ཚེ་དུས་བབ་ཏུ་བཀོད་ལ་རེ་བ་མེད། དོན་དངོས་རྒྱ་ནག་ཆུང་ཆུང་ཞིག་ཡིན། མཆན་ཀུན་ལ་ཞིབ་གཤེར་མ་བྱས་བ་བཀོད་མི་སྲིད། དོན་དངོས་དུས་བབ་ཀྱི་སྤྱོད་སྟངས་ལ་སུན་སྣང་སྐྱེས་ནས་ཡུན་རིང་འགོར་སོང་། ངའི་གྲོགས་པོ་ཞིག་ཀྱང་རྒྱ་ནག་དང་དུས་བབ་གཉིས་གཅིག་པ་རེད་ཟེར་བ་ད་ལྟའང་དྲན། སྨྲ་བརྗོད་ཀྱི་རང་དབང་བརླགས་པའི་མྱོང་འཚོར་ཡོད་མཁན་ཞིག་གིས་དེ་ལྟར་བྱེད་མིག་ཆུ་ལས་ཅི་ཡང་མི་སྣང་།
ནོར་བཅོས།
དུས་བབ་གྱིས་རྒྱ་ནག་ལྟར་མིའི་བསམ་ཚུལ་ལ་རིན་ཐང་མི་སྤྲད་པས་སུ་ཡང་རྩོམ་ཡིག་སྐུར་བ་ཉོབ་སྣང་ལོས་སྐྱེས། དུས་བབ་རྩོམ་སྒྲིག་པའི་ལྟ་བ་དང་མི་མཐུན་པ་ཞིག་སྐུར་ཚེ་དུས་བབ་ཏུ་བཀོད་ལ་རེ་བ་མེད། དོན་དངོས་རྒྱ་ནག་ཆུང་ཆུང་ཞིག་ཡིན། མཆན་ཀུན་ལ་ཞིབ་གཤེར་མ་བྱས་བ་བཀོད་མི་སྲིད། དོན་དངོས་དུས་བབ་ཀྱི་སྤྱོད་སྟངས་ལ་སུན་སྣང་སྐྱེས་ནས་ཡུན་རིང་འགོར་སོང་། ངའི་གྲོགས་པོ་ཞིག་གིས་ཀྱང་རྒྱ་ནག་དང་དུས་བབ་གཉིས་གཅིག་པ་རེད་ཟེར་བ་ད་ལྟའང་དྲན་གྱི་འདུག སྨྲ་བརྗོད་ཀྱི་རང་དབང་བརླགས་པའི་མྱོང་འཚོར་ཡོད་མཁན་ཞིག་གིས་དེ་ལྟར་བྱེད་པ་མིག་ཆུ་ལས་ཅི་ཡང་མི་སྣང་། ཁ་བརྡ་ནི་དེ་ལ་ལྟོས་ན་རྡབ་བརྒྱ་ཡི་གུ་ཡང་རེད། དེ་ནི་བོད་ཀྱི་བསོད་ནམས་རེད། ཁ་བརྡ་འཇིག་རྟེན་དུ་འཁྲུངས་བ་བོད་ཀྱི་བསོད་ནམས་རེད།
བདེན་ནོ་བདེན་ནོ་བོན་རྒྱ་ལགས་དང་མཆན་ཞབས་མཁན་པོ་ཐམས་ཅད་བདེན།།
རྩོམ་སྒྲིག་འགན་འཁུར་རེ་རེ་བརླགས་ཤིང་བོད་མིའི་ཆེ་མཐོངས་རྒྱ་མཚོ་སྐེམས།
སྐབས་ཚོལ་རིང་ལུགས་རེ་རེ་དར་ནས་ཚོགས་པ་མང་པོའི་མདུན་ལམ་བཅོམ།།
ཉམས་མྱོང་དམན་པའི་འཆི་བདག་ལྷགས་ཏེ་ཚགས་ཤོག་རེ་རེར་ཡང་སྲིད་བསྐྲུན།།
བོད་ཀྱི་དུས་བབ་ཚགས་ཤོག་ཉམས་རྒུད་དུ་འགྲོ་བར་རྒྱུ་རྐྱེན་གཅིག་རང་ཡོད་པ་དེ། རྩོམ་སྒྲིག་པ་རྒན་པ་རྣམ་པས་ཕྱི་རྒྱལ་དུ་འགྲོ་བའི་གོ་སྐབས་ཤར་ཚེ་གང་ལའང་བསམ་བློ་མི་གཏོང་བར་ཐོན་འགྲོ་བ་དེ་རེད། དེ་ནི་དུས་བབ་ཚགས་ཤོག་གསར་བཏོད་མཁན་རབ་གསལ་ནས་བཟུང་སྟེ་ལམ་ཁ་གཅིག་ལྟ་བུར་གྱུར་ཡོད། བཙན་བྱོལ་ནང་གི་ཚོགས་པ་མང་ཆེ་བ་འདི་ལྟར་རེད་སྙམ། ཡིན་ནའང་ཁོང་ཚོ་ཚང་མས་བཙན་བྱོལ་སྤྱི་་ཚོགས་ནང་ཞབས་འདེགས་གང་ལ་གང་འཚམས་སྒྲུབ་མྱོང་ཡོད་སྟབས་བཀའ་དྲིན་ཆེན་པོ་རེད་བསམ་ཡོད། ལྷག་པར་ཏུ་ང་འདྲ་བ་ཞིག་གིས་ཁོང་ཚོར་ཅིག་ལབ་ན་འཚམས་པོ་མི་འདུག རྒྱུ་མཚན་ང་རང་གིས་བཙན་བྱོལ་གཞུང་ལ་ཞབས་ཞུ་གང་ཡང་བསྒྲུབས་མེད་པས་ཡིན།
ངས་གྲོགས་པོ་གསལ་ལེ་རྒྱལ་གྱིས་ཁོང་གི་ཟིན་བྲིས་ངོ་གདོང་ལ”ཀུ་རེ་རྩེད་མོ་མེད་ས་ནས་རྩམ་པ་ཟས་ཀྱང་མི་བརྒྱགས་གི། ལ་གཞས་དང་ཁ་མཚར་མེད་ས་ནས་ཨ་རག་འཐུང་ཡང་མི་བསོ་གི། “ཞེས་བྲིས་ཡོད། སྡོམ་ཚིག་དེ་གྲོགས་པོ་རིག་རྡོབ་ཁོང་ལྟ་བུ་ཞིག་གིས་བཤད་པ་རེད་དེ། ངེད་ཟུང་ནི་དོན་དངོས་ལའང་གཤིས་ཀ་དེ་ཉིན་ཅན་ཡིན། ང་ལ་མཚོན་ནའང་རིག་གནས་དགག་སྒྲུབ་ཀྱི་ཁྲོམ་ར་མེད་སའི་མུ་གེ་ལུང་སྟོང་ཞིག་ལ་རང་གི་ཁ་རྒྱགས་ཚོའང་གཏོར་ན་མི་འདོད་ཀི་གཏོར་ཡང་མི་སྐྱིད་ཀི ཀུ་རེ་ཁ་མཚར་མི་ཐུབ་པའི་རྩོམ་གྲོགས་ཚོ་ལ་ཁ་བརྡ་བྱེད་ན་མི་འདོད་ལ་བྱས་ཀྱང་མི་བསོ་གི དེའི་ཕྱིར། དུས་བབ་ཟིན་བྲིས་ནང་དུ་ང་དང་ལྷན་དུ་ཀུ་ཡངས་པོའི་རིག་གནས་དགག་སྒྲུབ་བྱེད་རོགས་ཀྱི་དྲ་གྲོགས་ཚོ་དང་། ཁ་མཚར་ལབ་ཆེན་རྒྱག་རོགས་ཚོ་ཚར་ནས་འགྲོ་དུས་དུས་བབ་ཚང་འཐོར་ནས་འགྲོ་གི་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་འཆར་གི དེ་ནས་དུས་བབ་ཚང་གི་སྐྱོ་ཚུགས་ཀྱི་རྣམ་པ་རེ་ཚུར་མངོན་བྱ་སྐབས་ཀུན་དུ་རྣམ་དཔྱོད་ལྡན་པའི་རྩོམ་སྒྲིག་པ་མི་ནག་ཚང་ལུང་རིགས་རྒྱལ་དྲན་གྱིན་ཡོད། དེ་བདེན་པ་ཡིན། དེ་ནས་སྤྱི་འཐུས་ཨ་ཀྲུག་ལགས་དང་རྩོམ་པ་པོ་འབའ་སྲས་ལགས་བཅས་པའི་དགག་སྒྲུབ་ཀྱིབསམ་ཚུལ་འབུལ་མཁན་རྣམ་པར་ཡང་ཐུགས་རྗེ་ཆེ་ཞུ།
དུས་བབ་སང་ཞེན་འགོག་ཆེ་གི་ལབ་ཀྱིན་འདུག་ངོ་མ་ཡིན་མི་གཞན་གྱིས་དེ་འདྲ་གསུངས་ཀྱིན་འདུག་
ཧཧཧཧཧཧཧཧ། ངས་དང་པོ་ཁ་བྱང་མཐོང་དུས་དུས་བབ་ཀྱི་ལས་བྱེད་རྣམས་ཁ་འཐོར་བ་མིན་འགྲོ་སྙམ་ནས་ཞེ་སྣང་ཞིག་སྐྱེས་བྱུང་། རྩོམ་ལ་ཞིབ་ལྟ་བྱེད་དུས་ཁོ་རང་གི་ངོ་ཤེས་ཕ་ཡུལ་གཅིག་པ་ཁ་ཤས་ཀྱིས་མཆན་བུ་མ་བྲིས་པ་རེ་འདུག
ལུང་རིགས་ཤོར་བའི་ཉིན་མོ་ནས་བཟུང་། ངས་དུས་བབ་རྩོམ་སྒྲིག་པའི་རྩོམ་ཕྲེང་གཅིག་ཀློག་མྱོང་མེད། གསར་འགྱུར་དག་ལ་ཡིག་ནོར་བརྡ་ནོར་འཇོལ་ཉོག་ཏུ་ཡོད་ལ། བསམ་ཚུལ་མི་མཐུན་པ་གཅིག་ཀྱང་ཡར་འགོད་མེད་པས། ངོ་མ་ཙི་ན་ཆུང་ཆུང་ཞིག་རེད།
བོན་རྒྱ་འདི་ཚོས་རྒྱ་ལ་ཁ་གཏད་མི་བཅོག་པར་དུས་བབ་ཚང་ལ་མདུང་རྩེ་བསྐོར་ནས་འཁོར་བར་འཁོར་གི་ཡོད་པ་དེ་སྙིང་རྗེ་སྐྱེས་ཡ་རང་རེད། གྲྭ་ལོག་གིས་བོད་སྤྱི་ཚོགས་ལ་བསྐྱེད་པའི་བག་ཆགས་ཀྱི་དུད་རྒྱུན་གསལ་བོ་ཆགས་འདུག
སྤྱི་སེམས་པ་རྣམ་པས་དྲ་གསུངས་ལྟར་རེད། ་བདག་གིས་ཀྱངདོགས་སློང་དཔྱད་བསྡུར་རེའི་ཆེད་དུ་རྩོམ་ཐུང་འབྲི་ཁུལ་བྱས་པ་ཡིན། རྩོམ་སྒྲིག་པའི་ཉེ་ཕྱོགས་དང་ཐུག་ཡོང་དུས། རྩོམ་བྱང་དང་། ཡང་ན་རྩོམ་པ་པོའི་མིང་སོགས་ཕྱེད་བཏུབ་བྱས་ཏེ་མ་དགའ་བའི་རྣམ་འགྱུར་བསྟོན་ཅི་ཐུབ་བྱེད་ཀི་་་་དཔེར་ན་སྔོན་མ་ཞིག་ལ་་་《གླིང་གེ་སར་འཁྲུངས་འདས་ཀྱི་སྐོར།》ཞེས་པ་ལྟ་བུ་རེད། དེ་ལྟའི་ཡིད་ཆད་ཀྱི་ལས་ཀ་ཐ་ཤར་བྱེད་ཡོང་དུས་སྐུ་ཞབས་བོན་རྒྱ་ཡིས་གསུངས་དོན་དེ་ཕན་སེམས་རང་རེད།
ཨོ་བཀའ་འགྱུར་ཡ། བོན་རྒྱའི་དངན་པ་རིང་མོ་དེས་ང་རང་གི་རྩུབ་རིས་བཟོ་ན་སོང་། སྤྱི་ཚོགས་ཀྱི་སྐྱོན་ཆ་སྔོགས་ན་འདི་ལྟར་ལྷང་ལ་བུད་དེ་སྔོགས་དགོས་པ་རེད། འཇིག་གི་ཡ་་་་་་སྤྱིར་ཀི་སྤྱི་ཚོགས་ཀྱི་ནང་དུ་མི་ལ་འདི་ལྟར་ངོས་ཟིན་མ་ཐོབ་ན་་་་་་་དཔྱད་བརྗོད་པ་དེ་སྙིང་མ་རྗེ་་་་་་་་་་དཔྱད་ཡུལ་དེ་འཁྲེགས་པ་ལ། གང་ལྟར་གྱང་བོན་རྒྱ་ལགས་་་་་ཁྱེད་རང་ནི་སྤྱི་ཚོགས་ནང་གི་ཉེན་རྟོག་པ་དངོས་དེ་རེད་འདུག
དྲྭ་ཚིག་ཐོག་ནས་བོད་ཀྱི་གནས་ཚུལ་མང་པོ་ཞིག་ང་ཚོ་ལ་མཁོ་སྤྲོད་ཐུབ་ཀྱི་ཡོད་དུས། དེ་མ་ཉམས་པར་གཅེས་འཛིན་བྱེད་རྒྱུ་ནི་ལྡོག་ཐབས་མེད་པའི་ང་ཚོའི་འགན་འཁྲི་ཡིན། བྱས་ཙང་མི་རེ་ངོ་རེ་ནས་རང་ནུས་གང་ཐོན་ཐོག་རྩོམ་དང་གསར་འགྱུར་གཏོང་ཐབས་བྱེད་རྒྱུ་ནི་གུས་པས་སེམས་གཏིང་གི་རེ་བ་ཉག་ཅིག་ཁོ་ན་ཡིན།།
ཟ་རྒྱུ་འཐུང་རྒྱུ་ཡོད་བཞིན་དུ།།
ཟ་འི་འཐུང་གི་མི་ཡོང་ན།།
གང་ན་གནས་བ་དེ་ས་ནས།།
དུས་བབ་ཚང་ལ་སྡུག་མི་དགོས།།
ཁྱེད་ཀྱི་དྲ་གྲོགས་རྙིང་པ་ཚང་མ་དྲ་འབུའི་སྐྱེ་བ་ལེན་ཡོད་པར་མ་རྟོགས་སམ།
གཞན་ཅི་མི་ཤེས། འོན་ཀྱང་ལུང་རིགས་རྒྱལ་འགྲོ་ཚར་ནས་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་དེ་ལ་བྲོ་བ་མེད་པ་གྱུར་སོང་། དེ་ནི་ང་རང་གི་ཉམ་མྱོང་གི་ཐོག་ནས་བཤད་པ་ཡིན། ད་དུང་དག་ཆ་ནོར་བ་དང་ལྷག་ཆད་མང་པོ་ཞིག་ཡོང་གི་ཡོད་པའི་ཚོར་སྣང་བྱུང་།
བོད་ཀྱི་དུས་བབ་ལ་མཚོན་ན། ཉམས་ཆག་སོང་ནས་ལོ་གཉིས་ཡིན་པ་ཡོད།་ད་དུང་ཡང་ཡར་རྒྱས་ཟེར་བ་དེའི་ཐད་ནས་ཅང་མཐོང་རྒྱུ་མི་འདུག མ་འགྲིག་པ་དང་མ་འཐུས་པ། ནོར་བ་སོགས་བཤད་མཁན་ཚོ་དུས་བབ་ཀྱི་དགྲ་མ་རེད། བཤད་སྟངས་རྣམ་པ་སྣ་ཚོགས་ཡོང་གི་ཡོད་པ་རེད་མ་གཏོགས། དུས་བབ་ཀྱི་སྐྱོན་ལ་མཛུབ་མོ་བཙུགས་ན་དེའི་ཐད་སོ་ནས་ཡར་རྒྱས་ཀྱི་འབད་པ་བྱས་ན་ཡག་པོ་ཡོད་པ་ལས། དུས་བབ་ལ་གང་ཡང་བཤད་མི་ཆོག་པ་གང་ཡོད།
ད་དུང་ལ་ཤས་ཀྱིས་སྔོན་གྱི་ལས་ཀ་བྱེད་མཁན་དང་ད་ལྟའི་ལས་ཀ་བྱེད་མཁན་ཞེས་དབྱེན་སྦྱོར་གྱི་སྐད་ཆ་རེ་ཡང་བྲིས་འདུག དེ་ཚོ་ཁུངས་ལུང་མེད་པ་རང་རེད། དུས་བབ་ཀྱི་འགན་ཨ་མ་འཁུར་མཁན་ཚོ་སྔོན་མ་གསར་འཛུགས་གནང་མཁན་ཚོ་རེད། ད་ལྟའི་འདི་ཚོ་དང་སྔོན་མའི་དེ་ཚོ་ཞེས་ལོགས་ཀ་འབྱེད་ས་མེད་པ་ཞིག་ཡོད་པ་མ་རེད། དབང་ཆ་ལྟེ་བ་དེ་ཚོ་འགན་འཛིན་ལྷན་ཚོགས་ཀྱི་ཕྱག་ན་ཡོད་པ་རེད་ཅེས་དུས་བབ་ཀྱི་ལས་བྱེད་ཚོས་ཟེར་གྱི་འདུག
མདོར་དེད་ན་རྩོམ་ཡིག་འདིའི་ནང་དོན་ལྡོག་ལྡོག་པོ་གཤམ་གྱི་འདི་རེད། ཚང་མས་གཟིགས་དང་། ༼དེ་ནས་ཁ་བ་ནག་པོའམ་ཡང་ན་ཀླུ་སྨྱོན་ཚང་བཙལ་བར་སོང་བ་ཡིན། རྒྱ་མཚོ་ཆེན་པོ་ཞིག་ལ་ཁ་འཁོར་ཏེ་གོས་ཆེན་འཁོར་ལོ་མའི་རྐང་ཐུང་བརླ་རྩ་ལས་མི་སྙོབ་པ་ཞིག་གོན་ཏེ། རག་ཤའི་ཕྲེང་བ་རོམ་པོ་དངུལ་གྱི་བཅུ་ཚར་ཆ་མ་ཅན་ཞིག་གཅིག་འདེད་གཉིས་དེད་ཀྱིས”ཨ་རི་ན་ཧོར་ཚང་ཉལ་འདུག རབ་གསལ་ཉལ་འདུག ཧྥ་རིན་སུ་ན་ཟ་ལེ་རྒྱལ་ཉལ་འདུག སྙན་བཟང་ཉལ་འདུག བསམ་གཏན་ཉལ་འདུག རྒྱ་གར་ན་བེ་རི་ཉལ་འདུག ལྷ་ཆབ་ཉལ་འདུག བོན་རྒྱའང་ཉལ་འདུག”ཅེས་མཛུབ་མོ་བཀུག་ཞོར་བསྡད་འདུག ༽ད་འདི་ནས་ཅི་ཞིག་མཐོང་གི་འདུག་ལྟས་ར་ཧོར་གཙང་། རབ་གསལ། ཟ་ལེ་རྒྱལ། སྙན་བཟང་། བསམ་གཏན། བེ་རི་།
ལྷ་ཆབ་། འདི་ཚོ་གླིང་ཆེན་དག་དག་ཡིན་ན་གཤམ་གྱི་བོན་རྒྱ་ཙི་ཙི་ཆུང་ཆུང་ཞིག་རེད། ཡིན་ཡང་ཙི་ཙི་འདིས་བཤད་བཤད་ཀྱི་རྔ་མ་ཁོ་རང་གླིང་ཆེན་དང་མཉམ་དུ་བཞག་འདུག་་་ཧཧཧཧ
རེད་ཡ། ངའི་མི་ཚེ་ཧྲིལ་བོའི་ནང་གི་གལ་ཆེ་ཤོས་ཀྱི་བརྩོམ་ཏེ་དུས་བབ་སང་ལ་ཞུ་བ་དགུ་སྒོར་ཞིག་བྱས་ཀྱང་བཞག་ཁ་ཉན་མ་སོང་། དྭ་རྒ྄གཞན་ཀུན་གྱིས་བརྩམ་ཡག་ཤོས་སུ་འདམ་སོང། དངོས་ཐབས་སྐྱོ་རེད། དོན་འགྲུ་བཀྲ་ཤིས་རེད། ཁྱེད་ཚོ་ཧ་གོ་བ་ལ་དགའ་བོ་བྱུང་།
རྩོམ་སྒྲིག་པའི་གཏམ་ལ་བྲོ་བ་མེད་པ་གཅིག་པོས་དུས་བབ་ཁ་འཐོར་དགུ་ཟད་དུ་གྱུར་བ་ག་ལ་ཡིན། རང་ཕྱོགས་ནང་ལེན་དང་། གཞན་ཕྱོགས་ཕྱིར་ཕུད་ཀྱི་ཆགས་སྡང་གི་རྣམ་པ་མང་དྲག་པས་རེད། དྲང་ཕྱོགས་སུ་གོམ་གང་མི་སྤོ་བའི་རིགས་ལ་འགྲོ་ལམ་བཅད་ན་བདེ་ནི་མ་རེད་ན་དཀར་པོའི་དགེ་བ།
བོན་རྒྱ་ཟེར་བ་འདིས་ལྷག་བསམ་རྣམ་དག་གི་སྐད་ཆ་བཤད་ཀྱིས་ཡོད་རེད་དམ?
དྲ་གྲོགས་ཚོགས།
ངོ་མ་མི་ངན་པས་རང་བསྟོད་དང་བྱ་ངན་པས་སྒྲོ་བསྟོད་ཟེར་བ་བོན་རྒྱ་བསྟན་འཛིན་གྱིས་བཤད་ཀྱི་འདུག
ཁྱོད་དང་གསལ་ལེ་རྒྱ་ཀླུ་སྨྱོན་སོགས་ཀྱིས་ག་རེ་ཤེས་ཀྱི་ཡོད།སྙན་ངག་ཐ་ཐུན་རེ་མ་གཏོགས་ག་རེ་འབྲི་ཤེས་ཀྱི་ཡོད་དམ།
བོད་ཀྱི་གཞུང་ལུགས་ཆེན་པོ་ཁྱེད་ཚོས་མི་ཤེས།གལ་སྲིད་ཤེས་ན་རྩོམ་ཐུང་རེ་བྲིས་ན་ཚིག་གི་ལྗིད་ཁོག་ཁོ་ནས་ཤེས་ཐུབ།ད་ལྟ་བར་དུ་གཅིག་ཀྱང་མཐོང་རྒྱུ་མེད།ཁྱེད་ཚོས་སྐད་རིགས་གཞན་གྱི་སྟེང་ནས་ཡང་གཞུང་ཆེན་ཞིག་ཀློག་ཐུབ་པའི་ནུས་པ་མེད།ཁྱེད་ཚོས་རྩོམ་ཐུང་ཕྲན་བུ་བྲིས་ནས་ཡིག་རྨོངས་སད་ཙམ་ཚོའི་མདུན་ན་འཇོག་རྒྱུ་ཙམ་ཞིག་མ་གཏོགས་ད་ལྟ་བར་མཐོང་མྱོང་མེད་ལ་གོ་ཡང་མ་མྱོང་།ཁྱེད་ཚོའི་ཉིན་ཐོ་བྲིས་ཀྱང་ཀློག་མཁན་ཡང་ཁྱེད་ཚོ་ལྟ་བུ་དག་མ་གཏོགས་སུ་ཡོད།བླུན་པོ་སྨྲ་བ་ཉུང་ན་མཛེས་བ་ལྟར།ཁྱེད་ཚོས་ནང་ཁུལ་བསྟོད་རེ་འདྲ་བྱེད་པ་འདི་ངོ་མ་ངོ་ཚ་དགོས་བའི་གནས་རེད།དུས་བབ་ཚང་གི་རྩོམ་སྒྲིག་པ་དངོས་གནས་མི་བླུན་པོ་འུ་ཚུགས་ཅན་ཞིག་ཡིན་པ་གོ་ཐོས་བྱུང་།དེ་ཕལ་ཆེར་བདེན་པ་འདྲ།རྩོམ་སྒྲིག་པའི་གཏམ་ཡང་ཡག་པོ་ཞིག་འབྲི་ཤེས་ཀྱི་མི་འདུག་པ་མ་ཟད།རྩོམ་ཡིག་འདེམས་སྒྲིགས་བྱེད་ཤེས་ཀྱི་མི་འདུག་ཟེར་ནས་མི་ཚོ་བློ་ཕམ་ནས་དུས་བབ་ལ་རྩོམ་གཏོང་གི་མེད་ཟེར།གང་ལྟར་ཚེ་རིང་རྒྱལ་གྱིས་རྒྱ་ཡིག་ནས་གནས་ཚུལ་འགའ་ཕབ་བསྒྱུར་བྱས་བ་ལ་རྟེན་དུས་བབ་ཚང་ཅུང་མ་ཤི་ཙམ་ཞིག་རེད་སྙམ།
ཕྱོགས་ཞེན། ཕྲག་དོག། ཁ་གཏོང་བ། ད་དུང་རྒྱབ་ལངས་བྱེད་པ་སོགས་འདི་དག་མང་པོ་ཞིག་སྨྱུག་ཐོག་པ་ཞིག་ལ་མཚོན་ན་ངེས་པར་དུ་དོར་དགོས་བའི་ཆ་རྐྱེན་གལ་ཆེན་ཡིན། ཡིན་ཡང་དེ་རིང་འདི་རུ་མཆན་སུམ་ཅུ་ཁ ཤས་ཤིག་བཀོད་འདུག་ལ་དེའི་ནང་གི་མང་ཆེ་ཤོས་ནི་ཕྱོགས་འདི་དག་ལས་མ་འདས་སོ།
ཀྱེ་ཀྱེ། ཁ་བརྡ་ལགས། ངས་རྩོམ་ཐུང་གཉིས་བསྐུར་ཡོད་མོད། ཁ་བརྡར་གཏན་ནས་བཅུག་མ་སོང་། རྒྱུ་མཚན་གསུངས་རོགས། ཐུགས་རྗེ་ཆེ།
དེང་སང་ཁ་བརྡས་རྩོམ་ཡིག་བསྐུར་བ་དག་དྲ་རྒྱར་འགོད་ཁག་པོ་བྱེད་ཀྱི་འདུག
ང་ལའང་དེ་འདྲ་ཐེངས་ཁ་ཤས་བྱས་སོང་བས་ད་ཆ་རྩོམ་ཡིག་བསྐུར་རྒྱུར་ཉོབ་ནས་སྡ་ཡོད།
རྩོམ་འདིའི་མགོ་རྣོ་ལྕགས་མེ་ལ་ངར་བ་འདྲ་ཞིག་འདུག་མོད། བར་མཚམས་ཤིག་ནས་གློ་ལུག་སྟེ་སྒྲུང་ཞིག་འགོ་བཟུང་འདུག་པས། ཞ་ཉེ་མེ་ལ་ལྷུང་བ་དང་འདྲ་བས། མགོ་ཡི་མི་གྲུང་པོ་དེ་མཇུག་ནས་ར་བཟི་ལྟ་བུ་ཞིག་ཆགས་སོང་།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ “བོད་ཀྱི་དུས་བབ་ཚང་ཁ་འཐོར་ལ་གྱུར་རྗེས་ཀྱི་དངན་པ་རིང་མོ་”ཞེས་པའི་རྩོམ་ཡིག་འདི་སྤེལ་བ་དང་། དེ་དང་འབྲེལ་ནས་མཆན་མང་པོ་ཞིག་སླེབས་བཞིན་པ་ལ་བརྟེན་ནས་གསལ་བཤད་ཀྱི་ཚིག་འགའ་ཞུ་བར་འདོད།
དང་པོ་དེ་ནི། ང་ཚོས་འགྲོ་བ་མི་ཞིག་ཡིན་ཕྱིན་དེ་ལ་འགྲོ་བ་མིའི་ཆེ་མཐོང་ཞིག་འབུལ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་དྲན། ད་འདི་ཚིག་བཙན་མ་སོང་ངམ། མི་ཞིག་ཡིན་བརྟེན་གཞན་དང་མི་མཚུངས་པ་དང་། མི་ཞིག་ཡིན་ཕྱིན་གཞན་ལ་མ་ལྟོས་པའི་རང་གི་བསམ་བློ་དང་རྣམ་དཔྱོད་ཡོད་པ། མི་ཞིག་ཡིན་ཕྱིན་གྲངས་ཀའི་མང་ཉུང་དང་དོན་གྱི་ཆེ་ཆུང་མ་གཏོགས་ཤེས་ཡོན་ཅན་དང་རྣམ་དཔྱོད་ཅན་བཅས་མ་རེད་དམ། དེ་ཡིན་ན། དེ་འདྲའི་རྣམ་དཔྱོད་ཀྱི་འབྲས་བུ་དེ་ལ་ང་ཚོས་གུས་ཞབས་དང་ཆ་འཇོག་བྱེད་དགོས་པ་མིན་ནམ། ང་ཚོའི་བསམ་ཚུལ་མ་མཐུན་པར་གྱུར་པའི་སྐབས་སུ། མ་མཐུན་ས་དེ་ལའང་གུས་ཞབས་དང་བརྩི་འཇོག་བྱེད་པའི་གུ་ཡངས་ཀྱི་བསམ་བློ་ཞིག་ང་ཚོ་ལ་དགོས་པ་མིན་ནམ། ངས་ལེགས་པར་མ་མཐོང་བའི་རྒྱུ་མཚན་ཁོ་ན་བཙན་པོ་བྱེད་རྒྱུ་ཨེ་ཡོད། ཁམས་དང་མོས་པ་སྣ་ཚོགས་པ་རེད། གཅིག་གིས་ལེགས་པར་འདོད་པ་དེ་གཞན་གྱིས་ངན་པར་འདོད་པ་རེད། དེས་ན། བཟང་ངན་གྱི་གཅོད་མཚམས་དང་འདམས་ཁ་དེ་ཚོ་ཡང་ལྟོས་འཇོག་ཅིག་མ་རེད་དམ།
གཉིས་པ་ནི། ཚད་མཐོ་དང་མི་མཐོ་ཞེས་པ་དང་ཤེས་ཡོན་ཡོད་དང་མེད་ཅེས་པའི་རྩོད་པ་འདི་རེད། རྩོད་པ་འདི་འགེལ་སའི་ཚིག་དེ་ག་རང་ཁྱད་ཆོས་ཀྱི་བཟང་ངན་བསྡུར་བའི་ཚིག་ཅིག་རེད། མཐར་གཏུགས་ན། ཚད་དང་ཤེས་ཡོན་ཡོད་པ་འཇལ་བྱེད་ཀྱི་སྲང་དེ་ལ་བརྟག་དགོས་པ་རེད། སྲང་དེ་ཡང་བསམ་ཚུལ་གྱི་ངོ་བོར་ཡོད་པའི་སྲང་ཞིག་རེད། སྲང་དེ་བསམ་ཚུལ་གྱི་སྲང་ཞིག་ཡིན་སྟབས། དེས་འཇལ་བའི་དངོས་པོ་རྣམས་ཀྱང་བསམ་ཚུལ་ཙམ་ཞིག་གཞན་དུ་ག་ལ་འགྱུར། ད་དུང་ང་ཚོ་ལ་ཡོན་ཏན་ཅན་རེད་དང་ཡོན་ཏན་ཡོད་མ་རེད་སོགས་ཀྱི་བཤད་སྒྲོས་བཙན་པོ་ཞིག་འདུག བཤད་སྒྲོས་བཙན་པོ་འདི་ནི་ཧ་ཅང་མཁྲེགས་པོ་ཞིག་དང་ང་ཚོའི་ཁྲག་ལ་འགོས་པ་ཇི་བཞིན་བཀོག་དཀའ་བ་ཞིག་རེད་འདུག
གསུམ་པ་ནི་དུས་བབ་ཀྱི་སྐོར་དེ་རེད། དུས་བབ་ནི་གསར་འགྱུར་ལས་ཁུངས་ཤིག་རེད། ཁོང་ཚོའི་ཕྱག་ལས་རྣམས་ཀྱང་གསར་འགྱུར་འབྲི་རྒྱུ་དེ་རེད། གསར་འགྱུར་འབྲི་སྐབས་ “དྲང་བདེན་དང་། ཆ་སྙོམ་པོ། ཁུངས་དག་པ་”ཞིག་འབྲི་དགོས་པ་དང་། དེ་དག་ཀྱང་འབྲི་མཁན་གྱི་བསམ་ཚུལ་མ་བསྲེས་པའི་ཐོག་ནས་གསར་འགྱུར་གྱི་སྒྲོམ་གཞི་ཞིག་སློང་དགོས་པ་དེ་རེད། ད་ལྟའི་དུས་བབ་ཐོག་གི་གསར་འགྱུར་རྣམས་ལ་བརྟག་སྐབས་གསར་འགྱུར་གྱི་སྤུས་ཚད་ཧ་ཅང་མཐོ་བ་འདུག གསར་འགྱུར་གྱི་ཚད་དེ་འཇལ་བྱད་ཀྱང་གསར་འགྱུར་གྱི་རྒྱུན་ལྡན་འབྲི་སྲོལ་ནས་བརྟགས་པ་ཡིན། དེ་ནས་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་སྐོར་ཡིན། རྩོམ་སྒྲིག་པའི་གཏམ་ནི་རྩོམ་སྒྲིག་པའི་བསམ་ཚུལ་འབྲི་ས་དེ་རེད། བསམ་ཚུལ་དེ་ཡང་གོང་དུ་ཞུས་པ་ལྟར་བསམ་ཚུལ་གྱི་ས་བཅད་ཅིག་ཡིན་སྟབས། བཟང་ངན་བརྟག་དཔྱད་ཀྱི་རྒྱུ་ཆ་ཧ་ཅང་ཆུང་བ་རེད་དྲན།
བཞི་བ་ནི་སྔོན་མ་དང་ད་ལྟའི་སྐོར་དེ་ཡིན། སྔོན་མ་དང་ད་ལྟ་བསྡུར་ན། དུས་བབ་ནི་ཡར་རྒྱས་ནས་ཡར་རྒྱས་ལ་ཕྱིན་འདུག་དྲན། དེའི་རྒྱུ་མཚན་ནི། སྔོན་མ་ང་ཚོར་ཡོད་པའི་གསར་འགྱུར་ནི་གངས་སྐྱིད་དང་དེ་ནས་WTN ཞེས་པ་དང་། TIN ན་ཞེས་པ་སོགས་བདུན་རེ་ནས་བདུན་རེ་ལ་སྒུག་ནས་སླེབས་པའི་གསར་འགྱུར་ཁག་ཅིག་ཡོད་པ་དེ་རེད། ད་ལྟའི་ཆར་གསར་འགྱུར་རྣམས་ཉིན་རེ་བཞིན་དྲ་ཐོག་ལ་འཇོག་ཐུབ་ཅིང་། ཉིན་རེ་བཞིན་གྱི་གསར་འགྱུར་སྒྲུག་ཐུབ་པ་རེད། སྔོན་མ་ང་ཚོར་སྐད་ཡིག་གི་ཆུ་ཚད་འདང་ངེས་མེད་པ་རེད། ད་ཆ་དེ་ཡང་འདང་འདུག གོང་དུ་ཞུས་པ་བཞིན་གསར་འགྱུར་གྱི་སྤུས་ཀ་དང་མགྱོགས་ཚད་གཉིས་ཀའི་ཐོག་ནས་ད་ལྟ་དེ་སྔོན་དང་བསྡུར་ན་ཡག་ག་འདུག ད་ངས་ཀྱང་ཡག་སྡུག་གི་ཐ་སྙད་འདི་སྤྱད་སོང་། དཔེར་ན། སྔོན་མ་ང་ཚོས་ “བསྟན་འཛིན་གྱིས་གངས་སྐྱིད་ནས་རྐུན་མ་མང་པོ་འཇུས།”ལྟ་བུ་འབྲི་གི་ཡོད་རེད། དེང་སང་། “བསྟན་འཛིན་གྱིས་གངས་སྐྱིད་ནས་རྐུན་མ་གསུམ་འཇུས་སོང་།”ལྟ་བུ་འབྲི་གི་ཡོད་པ་རེད། དོན་དག་ཆུང་ཆུང་རེད། འོན་ཀྱང་ཡར་རྒྱས་ཀྱི་རྣམ་པ་རེད།
ད་ངས་ཚིག་གི་རིམ་པ་རྣམས་འཆོལ་འགྲོ་གི་འདུག ལྔ་བ་ནི། ང་ཚོས་དུས་བབ་ཡར་རྒྱས་གཏོང་ཕྱོགས་དེ་རེད། སྐྱོན་བརྗོད་བྱེད་ན་དགའ་བསུ་ལོས་ཡོད། འོན་ཀྱང་སྐྱོན་བརྗོད་བྱེད་སྐབས་དོན་བྱེ་བྲག་པ་ལ་བབས་ནས་སྐྱོན་བརྗོད་བྱས་ན་ཕན་ཐོགས་ཀྱི་རེད་དྲན། དཔེར་མཚོན་ནི། དག་ཆ་ལྟ་བུ་རེད། དག་ཆའི་སྐྱོན་བརྗོད་རྣམས་ལ་དུས་བབ་ཀྱིས་ཇེ་ཉུང་ལ་གཏོང་བའི་འབད་བརྩོན་བྱེད་བཞིན་འདུག རྩ་བའི་བོད་ཡིག་དག་པོ་འབྲི་རྒྱུ་ནི་ཧ་ཅང་དཀའ་བ་ཞིག་རེད་འདུག ཧ་ལམ་སྣ་འཐེན་ནས་ཁ་ལ་སྙོབ་ཐབས་བྱེད་པ་དང་མཚུངས། འོན་ཀྱང་། གང་ཐུབ་ཅི་ཐུབ་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་རེད།
མཐའ་མ་དེར་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་མཚོན་པའི་འདིར་བསམ་ཚུལ་འབུལ་མཁན་རྣམས་ལ་གུས་ཞབས་དང་བཅས་ཐུགས་རྗེ་ཆེ་ཞུ་བ་ཡིན། དེའི་རྒྱུ་མཚན་ནི་གླེང་སློང་འདི་དག་ལ་བརྟེན་ནས་དུས་བབ་ལ་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམས་ཀྱི་འདུག ཐུགས་རྗེ་ཆེ།
སྤྱིར་སྐད་ཆ་བཤད་ན་བཤད་སྟངས་འདི་རེད། དེ་ཡག་པོ་བྱུང་འདུག རྒན་རབ་གསལ་ལགས་ཀྱིས་ལག་པ་འཇུ་ས་ཡོད་པས་མ་ཚད་འཇུ་ན་འཇུ་སྟངས་ཀྱང་ག་འདྲ་ཡིན་མིན་གསལ་བོ་ཡིན་པའི་ཁ་བརྡ་ཞིག་བྱས་འདུག དེས་ཏན་ཏན་ཕན་གི་རེད་འདོད།
ང་ལ་གསར་འགྱུར་འབྲི་སྟངས་དང་དེའི་རིག་པའི་གཞུང་ལུགས། རྩོམ་སྒྲིག་པའི་གཏམ་དང་དེའི་ཁྱབ་ཚད་བཅས་ག་འདྲ་ཞིག་ཡིན་མིན་གསལ་བོ་ཆགས་སོང། མ་འོངས་པར་རང་ངོས་ནས་སྨྱུག་ཁ་ཡུལ་དངོས་ལ་གཏོད་དུས་ཡུལ་གྱི་གཤིས་ལུགས་ཇི་བཞིན་པ་དང་པོ་ཆ་ཚང་མིན་རུང་ཅུང་ཙམ་མ་ཤེས་དུས་ཁྱོན་ནས་འགྲིག་མེད་པར་འདོད། མཁས་པ་རབ་གསལ་ལགས་ཀྱི་བཀའ་མོལ་འདི་སྤྱིར་བཙན་བྱོལ་ནང་གི་ཡི་ཉོག་འབྲི་རྒྱུར་དགའ་མཁན་ཚོར་གདམས་པ་འདྲ་བས་རྒྱུ་མཚན་འདུག་ཅེས་དབང་མེད་དུ་ཤོར་ཐལ།།།
ངའི་མི་ཚེའི་ནང་ལ་བོད་ཀྱི་དུས་བབ་བེད་སྤྱོད་མེད་པ་ཆགས་ནས་ལོ་མང་པོ་ཕྱིན་སོང་། ཤོག་བུའི་ཐོག་པར་བརྒྱབ་པ་དེ་དག་ཕན་མེད་རེད། དྲ་རྒྱའི་ཐོག་ལ་ཀློག་ཐུབ། དྲ་རྒྱའི་ཐོག་ལ་ཡོད་པ་རྣམས་ཀྱང་གསར་འགྱུར་ཉིན་རེ་བཞིན་བརྗེ་པོ་རྒྱག་མི་ཐུབ་སྟབས། དྲ་རྒྱ་གཞན་གྱི་ཚོད་བྱས་ནས་རྗེས་ལུས་ཡིན་སྟབས། གསར་འགྱུར་འཚོལ་མཁན་ཞིག་གིས་དང་པོ་ཕ་ཡུལ་དང་། ཨ་རིའི་རླུང་འཕྲིན་ལ་སོགས་ལ་འགྲོ་གི་རེད་མ་གཏོགས་དུས་བབ་སེམས་ལ་འཁོར་ཐུབ་ཨེ་ཡོང་། ད་ཟིན་བྲིས་ལ་འགྲོ་འདོད་ན། ཁ་བརྡ་ཚང་འདི་ཡོད། མ་ཟད་མི་སྒེ་སོ་སོའི་ཟིན་བྲིས་ཡོད། དཔེར་ན། ང་ཀླུ་སྨྱོན་གྱི་ཟིན་བྲིས་ལ་བལྟ་དགོས་ན། དང་པོ་ཁ་བརྡར་ཡོང་གི་རེད། དེ་ནས་ཀླུ་སྨྱོན་སྒེར་གྱི་ཟིན་བྲིས་ལ་འགྲོ་བཞིན་ཡོད།
ད་བྱས་ན། ཅིའི་ཕྱིར་ངེད་ཚོས་དུས་བབ་སྤྱོད་དམ། གཞན་ལ་མེད་པ་དུས་བབ་ཚང་ལ་ཡོད་པ་དེ་ག་རེ་རས། འདི་ལ་བསམ་བློ་ཡག་པོ་ཞིག་བཏང་ནས་དུས་བབ་ཚང་གི་ནུས་པ་གསར་སྐྱེད་ཅིག་བྱེད་ཐུབ་ན་བཟང་།
ངའི་བསམ་ཚོད་ལ། དུས་བབ་ཚང་གིས། རྩད་ཞིབ་ཅན་གྱི་གསར་འགྱུར་༼Investigative Journalism༽གཏིང་ཟབ་པོ་རེ་གཉིས་འདོན་ཐུབ་ན། ཤིན་དུ་ལེགས།
དཔེར་ན། ཉེ་འཆར་བློ་བཟང་དབྱང་རྒྱལ་དང་མཛངས་མའི་གནས་ཚུལ་འདིའི་སྐོར་ལ། དུས་བབ་ཚང་གིས་རྩད་གཅོད་ལེགས་པོ་བྱས་ནས། རྩོམ་གཅིག་འདོན་ཐུབ་ན། ད་དེ་གཞན་གྱིས་མ་ཐུབ་པའི་བྱ་བ་རེད། བོད་གཞུང་གིས་མི་ཐུབ། ཨ་རླུང་གཉིས་ཀས་མི་ཐུབ། བོད་ནང་གི་ཚགས་པར་དང་དུས་དེབ་རྣམས་ཀྱིས་མ་ཐུབ།
རྒྱལ་སྤྱིའི་ཐོག་ལ། ཚགས་པར་དང་དུས་དེབ་སོ་སོར་དམིགས་བསལ་གྱི་ཁྱད་ཆོས། (Assets) རེ་དགོས་པ་ཡིན། དུས་བབ་ཚང་གིས་གསར་འགྱུར་ལ་ཤུགས་བརྒྱབ་ན། དེ་ཕན་མེད་རེད། ཨ་རླུང་གཉིས་ཀའི་རྗེས་ཤུལ་ཟིན་གྱི་མ་རེད། ཟིན་བྲིས་ཀྱང་དེ་ལྟར་རེད། དེ་བས། རྩོམ་སྤུས་ལེགས་ཞིབ་ཚགས་རེ་གཉིས་བཀོད་ཐུབ་ན། དེ་དུས་བབ་ཚང་གི་ནོར་བུར་འགྱུར་ནས། ཕན་པ་ཆེན་པོ་མེད་འགྲོ་སྙམ། འདི་བསམ་ཚུལ་ཡིན།
རྒད་པོ་ཟེར་བ་འདི་དངོས་ནས་རྒན་འཁོགས་ཧོན་ལོག་ཅིག་ཡིན་པ་འདྲ
བོད་ཀྱི་དུས་བབ་བོད་ལ་ཕན་མེད་དུ་གྱུར་ནས་ལོ་ངོ་འགའ་ཕྱིན་སོང་། དེ་ཡང་ཆོལ་ཁ་དང་ལུང་ཚན་མི་སྒེར་བཅས་ཀྱིས་ཕྱོགས་ཞེན་གྱིས་གནས་ཚུལ་ཞིག་མ་གཏོག་ཕལ་ཆེ་ཐོན་རྒྱུ་མེད་པར་གྱུར་ནི་ཡོད། རྩོམ་དང་ཟུར་མཆན་གང་ཞིག་ཡིན་ཡང་། དུས་བབ་ཚང་གི་རང་ཕྱོགས་ལས་གཞན་འགྲོ་ས་མེད། ང་ནི་དུས་བབ་ཚང་ལ་རེ་བ་མེད་ལ། ངས་དེར་ལྟ་ཀློག་ཡང་བྱེད་ཀྱི་མེད།
ཁ་བརྡའི་ཐོག་རྩོམ་ཡིག་སྤེལ་འདོད་ཡོད་མཁན་ཚོས་གཤམ་གསལ་གྱི་གློག་འཕྲིན་ཁ་བྱང་ཐོག་རྩོམ་ཡིག་བསྐུར་ཆོག
མཆན། གློག་འཕྲིན་ཁ་བྱང་ངོ་མའི་ནང་ (at) ལ་ dorje@hotmail.com ཞེས་པ་ནང་བཞིན་འབྲི་རོགས་གནང་།
ཁ་བརྡའི་རྩོམ་སྒྲིག་པ།
Khabdha(at)gmail.com འདི་གཉིས་མ་ཡིན་པའི་ཁ་བརྡར་འབྲེལ་བ་བྱ་ཡུལ་ཁ་བྱང་གཞན་ཡོད་དམ། གོང་གསལ་ཁ་བྱང་ལ་ཡི་གེ་བསྐུར་ན་འབྱོར་གི་མེད་པ་འདྲ།
མེ་ཏོག་དཀར་པོ་ལགས། གནས་སྐབས་རིང་ཕྲན་གྱི་གློག་འཕྲིན་ཐོག་ཡི་གེ་གཏོང་འཐུས།
grabsal@aol.com
ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ།
བོད་ཀྱི་དུས་བབ་ནི་ང་ཡི་ཉིན་རེའི་ཁ་འདོན་ནང་གི་གྲལ་ཞིག་ཡིན།
འདིར་བོད་ཀྱི་དུས་བབ་སྐོར་ལ་སྐད་ཆ་མང་པོ་ཞིག་བཤད་སོང།
གང་ལྟར་དུས་བབ་དང་བང་ཆེན་ཨེ་རླུང་ཨ་རླུང་ལས་སོགས་ཀྱང་ང་ཡི་ཁ་འདོན་མིག་གི་བལྟ་ཡུལ་ཞིག་ཡིན།
འོན་ཀྱང་ང་ནི་བོད་དང་རྒྱ་ནག་གཅིག་པོ་མིན་པ་འཛམ་གླིང་གི་གསར་འགྱུར་དང་ཡ་མཚན་དངོས་བྱུང། དེང་རབས་ཀྱིས་འགྱུར་ལྡོག་སོགས་ལ་བལྟ་འདོད་ཡོད་མཁན་ཅིག་ཡིན་མོད། གསར་འགྱུར་རླུང་འཕྲིན་དེ་དག་ཏུ་ཉུལ་དུས་བོད་དང་རྒྱ་ནག་གཉིས་ལས་གཞན་པའི་གསར་འགྱུར་མཐོང་རྒྱུ་དཀོན། མ་ཟད་དེ་གཉིས་ཀྱི་གསར་འགྱུུར་ནང་དུ་ནི། ཕྱོགས་གཅིག་ལ་སྐུ་བསྟོད་གསུང་བསྟོད་ཐུགས་བསྟོད་དང། ཕྱོགས་གཅིག་ལ་བསྲུང་བཟློད་བསད་གསུམམནན་པ་རྒྱབ་རྒྱུ་གཉིས་ལས་གཞན་པའི་གནས་ཚུལ་མཐོང་བར་དཀོན།
དེས་ན་ང་ཡི་ཁ་འདོན་ཀྱང་ཆག་པར་གྱུར་སོང། དེ་ལས་bbc and cnn ལས་སོགས་ལ་དོ་སྣང་ཆེ་རུ་ཕྱིན་སོང། རྒྱུ་མཚན་དེ་ལ་བརྟེན་ནས་ད་བར་དུ་དེ་རིང་བར་གྱི་གནས་ཚུལ་འདི་ཚོའང་མ་མཐོང།
གང་ལྟར་ངེད་ཅག་གི་ལས་བྱ་ཕལ་མོ་ཆེ་ཡི་གནས་སྟངས་ནི། ཙི་ཙིའི་རྔ་མ་ནང་བཞིན་རེད། དེ་འདྲ་མི་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།
བོན་རྒྱ་ཟེར་ཡ་འདི་ངོ་གནས་སྐབས་འཚོ་བ་རང་རེད་འདུག
མི་ངན་རང་སྟོད་ཅན་
རྩོམ་སྐུར་ལ་ལག་པ་གང་བྱུང་མ་བྱུང་འཆང་གི་རེད། དེ་བཅོས་པའི་ཤེས་ཚད་ནི་འདང་གི་མེད། ལབ་ན་ནི་ཉན་གི་མ་རེད། ཡི་མུག་ཡག་རང་རེད།
བོན་རྒྱའི་སྨྱོ་ལབ་རེད། ཨམ་ཤེད་དགོས་ན་སྔོན་མའི་དུས་བབ་ཀྱི་རྩོམ་སྒྲིག་པ་ཚད་མཐོ་གི་རེད། དོན་དངོས་བོད་ཀྱི་དུས་བབ་དགོས་ན། ད་ལྟའི་རྩོམ་སྒྲིག་པ་དང་གསར་འགོད་པ་རྣམས་ཚད་མཐོ། ད་ལྟའི་གནས་སྐབས་འདིར་དུས་བབ་གསར་ཁང་འདི་རིས་མེད་ཀྱི་གསར་འགྱུར་ཁང་ཞིག་དང་། གནས་ཚུལ་ལ་ཕྱོགས་རིས་ཆུང་དུ་ཕྱིན་ཡོད་པས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ལྷུང་མེད་པའི་སྐྱེ་བོ་རྣམས་ཀྱིས་གདེང་འཇོག་ཆེ་རུ་འགྲོ་བའི་སྐབས་ཤིག་ཡིན།
སྔོན་མའི་དུས་བབ་ཀྱི་རྩོམ་སྒྲིག་པ་རྣམས་ཚད་མཐོ་གི་རེད། ཅེས་བཅོས་པར་ཞུ།
ད་སྐབས་དུས་བབ་དང་ཁ་བརྡ་གཉིས་ནི་ངའི་ཉིན་རེའི་ཁ་འདོན་གྱི་གཙོ་བོ་ཡིན། སྔོན་ཆད་དུས་བབ་ཉིན་རེའི་ཁ་འདོན་གཙོ་བོ་དང་ང་ནི་དུས་བབ་དྲ་ཚིགས་ཀྱི་མི་རབ་ཆེས་ཐོག་མའི་གྲས་ཤིག་ཡིན། ངས་ཅི་ཡང་མི་འཇོན་པས་ཐ་ན་འགོ་སྔ་མཚོངས་པའི་རྩོམ་ཐུང་ཞིག་ཀྱང་སྤེལ་མི་ཐུབ་མོད་དུས་བབ་ལ་ནམ་ཡང་གདེངས་འཇོག་དང་དུངས་བ་ཡོད་མཁན་ཞིག་ཡིན་ལ་ད་དུང་ཡང་དེ་ག་རང་ཡིན། འོན་ཀྱང་ད་སྐབས་དུས་བབ་ཚང་ལ་ཞན་ཆ་འགའ་རེ་སླེབས་ཡོང་གིན་འདུག་་་འཚམ་རེར་གསར་འགྱུར་སོགས་དུས་ཐོག་ལ་མ་ཐོན་པའམ་དངུལ་དཔྱ་ལ་འགོར་འགྱང་གིས་ཉིན་འགའ་རེར་སྒོ་འབྱེད་མི་ཐུབ་པ། རྩོམ་སྒྲིག་པའི་གཏམ་ཉུང་དུ་ཕྱིན་པ་སོགས་ཞན་ཆ་ཉུང་ཙམ་འདུག་ཡིན་ཡང་ད་དུང་ངའི་རེ་ཤི་མེད། མི་མང་པོ་ཞིག་གིས་འདིའི་སྐོར་ལ་འདྲ་མིན་སྣ་ཚོགས་ཞིག་ཤོན་གྱིན་འདུག་་་་་་
དགོས་རྒྱུ་ཡོད་ན་དུས་བབ་ཚང་ལ་ཡོང་རྐྱང་བྱོས། དེ་མིན་དུས་བབ་ཀྱི་རྒྱབ་སྐྱོར་དང་རེ་བ་དང་མ་འོངས་བ་སོགས་ལ་གཏོར་སྐྱོན་གྱི་ཁ་རྡུང་མི་གཏོང་བར་ཞུ། དུས་བབ་ནི་བོད་མི་རིགས་ཀྱི་དུས་བབ་རེད། གནས་ཚུལ་སྤེལ་ས་རེད། འཆལ་གཏམ་སྤེལ་ས་མ་རེད། དུས་བབ་ཚང་དུས་བབ་ཚང་དུ་སྐུ་བཞུགས་དགོས།
ངའི་སྙིང་སྡུག་ཁ་བརྡ་ཁོ་ན་ཡིན་མོད། ད་ནི་འདིས་ཀྱང་སྣང་ཆུང་གཏོང་གི་འདུག
དུས་བབ་ཡར་རྒྱས་ཡུན་བརྟན་ཤོག །
ལུང་ཚན་གྱི་སྐད་ཆ་འདི་འདོར་ཐུབ་ཀྱི་མ་རེད་དེ། གང་བཤད་ཡོད་པའི་གནད་རྩར་འཇུས་ནས་སྐད་ཆ་བཤད་ན་འོས་འཚམས་ཤིག་ཏུ་མཐོང། མང་པོ་ཞིག་གིས་མདོ་སྨད་ནང་ཁུལ་ལུང་ཚན་ཟེར་བའི་བཤད་ཡམས་སྤེལ་གྱི་འདུག ངས་ཚིག་ཐག་ཆོད་པོས་བཤད་ཐུབ་པ་ཞིག་ལ། རྒྱ་གར་གཙོས་ཕྱི་ལོག་ཏུ་གནས་པ་ཚོའི་ནང་ན་ལུང་ཚན་བྱེ་བྲག་པའི་བྱུང་རབས་ཤེས་མཁན་གཅིག་ཀྱང་མེད་ཅེས་པ་འདི་རེད། དེ་བས་གོ་ཐོས་རྣ་ཐོས་ཙམ་ལ་ཞེན་པས་མཁྲེགས་འཛིན་སུ་གང་གིས་ཀྱང་བྱེད་ཀྱི་མ་རེད་བསམས། དེ་བས་གླེང་མཁན་གྱིས་གང་གླེང་བ་དེར་ཟབ་ཚད་ཡོད་ན་འདྲ་མེད་ན་འདྲ། སྒེར་གྱི་བསམ་ཚུལ་ཞིག་གཞིར་བཞག་གིས་གླེང་སློང་བྱེད་པ་དག་ལ་དེ་འབྲེལ་གླེང་སློང་གནང་མཁན་རྣམས་ཀྱིས་ཀྱང་གླེང་ཤེས་ན་ཡག་པོ་ཡོད་པ་རེད་བསམས། དཔེར་ན། ཧོར་གཙང་གི་དེབ་རྒན་ནག་རིལ་མ་མདོ་སྨད་ལོ་རྒྱུས་ཟེར་བ་དག་ལས་ཀྱང་མདོ་སྨད་ལུང་ཚན་བྱེ་བྲག་པའི་ལོ་རྒྱུས་ཅི་གང་ཡིག་ཐོག་འབྲི་ཐུབ་མེད་ཅེས་ན་ཕལ་ཆེར་རྫུན་དུ་མི་འགྲོ་བ་རེད། ཡིན་ནའང། ཡུལ་ལུང་སོ་སོའི་ས་མིང་ཆུ་མིང། མི་མིང་དང་བཅས་པ་གྲངས་འདྲེན་ཙམ་ཡོད་པ་དེས་ཀྱང་ང་ཚོ་བྱུང་རབས་ལ་གཟིགས་པའི་སྤྱན་མེད་ཙང། བྱུང་རབས་ཡག་ཉེས་མ་ཤེས་པར་སུས་ཀྱང་དེའི་རྒྱབ་ལྗོངས་དང་ཞེན་ཁོག་འོག་སྐད་ཆ་འདྲ་བཤད་སྟངས་ཡོང་ཤེས་མེད་སྟབས། ཚང་མས་བོན་རྒྱས་བྲིས་པ་དེའི་མདོ་རྩར་འཇུས་ནས་གླེང་ན་འོས། དེ་ཙམ་ཡིན།
དེ་ནས་བོད་ཀྱི་དུས་བབ་དང་འབྲེལ་ནས་གླེང་ན། གསར་འགྱུར་དང་དག་ཆ། རྩོམ་ཡིག་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་གཞན་འདྲེན་མེད་པ་གསལ་བོ་རེད། གླེང་སློང་འདིས་བོད་ཀྱི་དུས་བབ་རྩེ་ནས་རྩེ་རུ་འགྲོ་རྒྱུར་ཕན་ཐོག་པ་ནི་བཤད་མི་དགོས་པ་ཞིག་རེད།
རྩོམ་སྒྲིག་པས་གསར་འགྱུར་ཁུངས་ལྡན་ཡིན་མིན་དང། གསར་འགྱུར་འབྲི་སྟངས། ཚིག་ཉོག་མེད་ལ་ལས་སླ་བོའི་ངང་ཀློག་མཁན་མཐོ་དམན་བར་གསུམ་ལ་བརྡ་སྤྲོད་པར་ཞིབ་བཤེར་བྱེད་པ། དེ་བཞིན་གསར་འགྱུར་གང་ཞིག་བོད་ཀྱི་རྩ་དོན་དང་འབྲེལ་བ་ཅི་ཙམ་ཡོད་མེད། བོད་མི་ཚོ་མིའི་འགྲོ་བའི་གྲལ་དུ་དཔུང་པ་མཉམ་བཤིབས་ཡོང་ཆེད་དགོས་ངེས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་པ་བཅས་ལ་ཀླད་པས་གཅུམས་ཐུབ་ཅིང། བསམ་བློར་འཁོར་ཐུབ་པ་བྱུང་སྟེ་གསར་འགྱུར་རྗོད་དོན་བཅས་ལ་སྟངས་འཛིན་ཏག་ཏག་གནང་བ་ཡིན་ན་དེས་འགྲིག་གི་རེད། དེ་ནི་རྩོམ་སྒྲིག་པའི་ཀླད་པ་དང་གནད་དོན་གྱི་མཐུན་འགྱུར་གཉིས་ཀ་སྡེབས་ནས་འབྱུང་གི་ཡོད་སྟབས། ད་བར་དེའི་ཐད་ངས་མཛུབ་མོ་འཛུགས་ས་གང་ཡང་རྙེད་མ་སོང་བས། ཡག་ཐག་ཆོད་འདུག དེ་མིན་རྩོམ་སྒྲིག་པ་སྒེར་གྱི་འབྲི་རྩལ་ནི་སྔ་མོ་ནས་ཞུས་པ་བཞིན། ཀླད་པའི་ཤེས་རྟོགས་ཀྱི་ཁོད་ཡངས་ནའང། ཡིག་ཐོག་ཏུ་ཕབས་རྒྱུ་མི་ཡོང་བ། ཡང་ན་ཡིག་ཐོག་ལས་ངག་ཐོག་ཡག་པོ་ཡིན་པ་དེ་འདྲ་མིའི་རིགས་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་མདུན་དུ་བཤམས་བཞག་ཡོད་སྟབས་བཙན་བྱོལ་བོད་མིའི་ཡིག་འབྲི་བའི་སྡེ་ཙམ་མ་ཟད། སྤྱིར་བོད་མིའི་ཡིག་འབྲི་བའི་སྡེས་གནད་དོན་གླེང་དུས་ཅུང་རིག་པ་སྒྲིམ་ན་ཡག་པོ་རེད་བསམས།
བཀུར་འོས་ཨ་ཁུ་རབ་གསལ་ལགས་ནས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། རེད། ཁྱོད་ཀྱིས་གསུངས་པ་བཞིན་བསམ་ཚུལ་རང་གི་ངོས་ནས་བསམ་ཚུལལ་ཉན་རྒྱུ་དང་། བཤད་རྒྱུ་ལས་མཐོང་ཆོས་ཀྱི་བདེན་པ་མངོན་གྱུར་བ་བཞག་ནས་ལྐོག་གྱུར་གྱི་ཀུན་སློང་དང་དམིགས་ཡུལ་གླེང་ནས་ཡོང་ན་རིག་གནས་དགག་སྒྲུབ་ཀྱི་ཁོར་ཡུག་ལས་རྫོབ་བསྐྱལ་བ་ལས་ཅང་མ་རེད། སྤྱིར་ན་བསམ་ཚུལ་ཞིག་ལ་བཙན་གཉོམ་གྱི་རྣམ་གཞག་མི་འོས་པ་རེད། བདེན་རྫུན་ཡང་ཚིག་རིས་རང་འདེད་ཀྱིས་ཐག་གཅོད་པ་ལས་གཞན་དུ་འགྲོ་ས་ཡོད་པ་མ་རེད། རེད། སྔོན་ཆད་”གངས་སྐྱིད་ནས་རྐུན་མ་མང་པོ་འཇུས”ཞེས་པའི་གསར་འགྱུར་དེ་དེང་སང་”གངས་སྐྱིད་ནས་རྐུན་མ་གསུམ་འཇུས”ཞེས་པ་རུ་འབབ་ཐུབ་པ་དེ་ཡར་རྒྱས་རེད་ལ། དངོས་ཡོད་དང་ཐག་ཉེར་བབ་པའང་རེད་དེ། ཡིན་ནའང་། ཡིད་སྐྱོ་བ་ཞིག་ལ་དེང་སང་”གངས་སྐྱིད་ནས་རྐུན་མས་གསུམ་འཇུས”ལ་འབབ་ཀྱིན་ཡོད་པའི་སྣང་ཚུལ་ཞིག་ཁད་ཀྱིས་ཤར་བས་འཁང་ར་ཤོར་བ་ལས། དུས་བབ་ཚང་སྔར་ལས་ཇེ་ཡག་ལ་སོང་ཡོད་ན་དེར་མི་དགའ་གང་ལ་དགའ། དཔེར་ན། བོད་ནང་ནས་ཕྱི་ལོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ”རྔ་བ་ཀིརྟི་དགོན་པས་གྲྭ་བ་གཉིས་མེར་བསྲེགས”ཞེས་གསར་འགྱུར་སྤེལ་གི་འདུག་ཅེས་སྡིགས་ར་ཐོན་སོང་བ་ལྟར་ང་ཚོས་གསབ་རྒྱུ་གལ་ཆེན་རེད། ལྷག་པར་དེང་སང་ཞིག་ང་ཚོ་གསར་འགྱུར་བརྒྱུད་ལམ་ཁ་ཤས་ནས་ནུབ་ཕྱོགས་ཀྱི་”བྷི་རེ་ཁུ་གསར་འགྱུར”སྤེལ་གི་ཡོད་ཅེས”བྷི་ལེ་ཁི་གསར་འགྱུར”མང་དུ་སྤེལ་བཞིན་པ་དག་ནི་གཟབ་ནན་གྱི་གནས་ཟབ་མོ་དག་རེད་སྙམ་པ་བྱུང་། འདི་ལྟར་དངོས་ཡོད་ཀྱི་བདེན་པ་དང་ནོར་འཁྲུལ་ལ་ཀུ་ཡངས་པོའི་ངོས་ལེན་བྱས་ན་ཡ་ཅང་ཡག་པོ་རེད། དེ་ནས་གྲོགས་ཁུག་རྟས་བཤད་པ་དེ་དག་ཡང་བདེན་པ་རེད། ངའི་བཤད་པའི་མདོ་རྩ་རང་ནས་གླེང་རྒྱུ་གལ་ཆེན་རེད།