འཇམ་དབྱངས་ཀྱིས་འོས་སྦྱོར་བྱས།
མདོ་འཛིན་པ། ད་ལོ་ཀྲུན་ཅང་《浙江》བརྙན་འཕྲིན་ཁང་གིས་གཙོ་གཉེར་གནང་བའི་སྐབས་གཉིས་པའི་ཀྲུང་གོའི་གླུ་སྒྲ་གསར་པ་《中国新歌声》ཞེས་པའི་འགྲན་སྡུར་ནང་ཞུགས་མཁན་བོད་ཀྱི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་དང་མཉམ་དུ་བགྲོ་གླེང་ཞུ་རྒྱུ་ཡིན།
དྲི་བ། བཀྲ་ཤིས་ཕུན་ཚོགས་ལགས། སྐུ་ཁམས་བཟང་། སྔོན་ལ་རྒྱ་ཆེ་བའི་གསན་མཁན་དང་གཟིགས་མོ་པ་ལྷན་རྒྱས་ལ་རང་ཉིད་ངོ་སྤྲོད་ཉུང་བསྡུས་ཤིག་གནང་རོགས།
ལན། བཀྲ་ཤིས་ཕུན་ཚོགས། གུས་པའི་ཕ་ཡུལ་ནི་གཞིས་ཀ་རྩེ་ནས་ཡིན། ལས་རིགས་ནི། གཞིས་ཀ་རྩེ་ལས་རིགས་ལག་རྩའི་སློབ་གྲྭའི་ཨང་རྩིས་དགེ་རྒན་ཞིག་ཡིན།
དྲི་བ། སྐུ་ཉིད་ད་ལྟའི་ཀྲུང་གོའི་གླུ་སྒྲ་གསར་པའི་ནང་འགྲན་ཞུགས་གནང་དགོས་པའི་བསམ་པའི་ཀུན་སློང་གང་འདྲ་ཞིག་ཡོད་དམ།
ལན། བཀྲ་ཤིས་ཕུན་ཚོགས། ང་རང་ཉིད་ལ་མཚོན་ན་སློབ་ཆུང་སྐབས་ནས་གླུ་གཏོང་རྒྱུ་ལ་དགའ་མོས་ཡོད། སྐབས་དེ་དུས་ནས་བཟུང་ད་སྐབས་ལོ་སུམ་ཅུ་མ་ཟིན་བར་དུ་གླུ་གཏོང་ནས་ཡོང་བ་ཡིན། ཐོག་མར་གླུ་གཞས་ཀྱི་ལམ་ཁ་ཞུགས་དུས་མི་ཕལ་མོ་ཆེ་ཞིག་ལ་སྐད་གྲགས་ཆེན་པོ་ཞིག་བཟོ་དགོས་བསམ་པའི་སེམས་ཁམས་དེ་ཡོད་པ་བཞིན་རང་ཉིད་ལའང་སེམས་ཁམས་དེ་འདྲ་ཡོད་མྱོང་། ཡིན་ན་ཡང་།རིམ་པའི་ལོ་ན་སོན་དུས་སྔོན་གྱི་བསམ་ཚུལ་དེ་དག་འགྱུར་བ་འགྲོ་ནས་གླུ་དབྱངས་རང་སྟེང་ནས་བདེ་སྐྱིད་ཀྱི་ཚོར་སྣང་ཞིག་ཐོབ་ཀྱིན་འདུག་པས་ཚོར་སྣང་དེ་ཧ་ཅང་སྐྱིད་པོ་ཞིག་འདུག ཉེ་སྔོན་ལྷ་ས་ལ་གླུ་གཞས་སྒྲིག་མཁན་གྲོགས་པོ་ཁ་ཤས་ཡོད་པ་དེ་དག་གིས་བཤད་རྒྱུར། ཀྲུང་གོའི་གླུ་སྒྲ་གསར་པ་ཞེས་པའི་འགྲན་སྡུར་ཞིག་ཡོད་ཚུལ་དང་། དེ་ནི་འགྲན་སྡུར་གཞན་དང་མི་འདྲ་བར་བོད་པ་དག་ལའང་གོ་སྐབས་ཤིག་འདུག་པས་དེར་འགྲན་ཞུགས་གནང་བ་ཡིན་ན་ཡག་འདུག་པོ་ཅེས་བཤད་བྱུང་། དང་ཐོག་ང་རང་ལ་ཡིད་ཆེས་དེ་ཙམ་བྱུང་མ་སོང་། ཡིན་ན་ཡང་།གྲོགས་པོ་དག་གིས་དེར་འགྲན་ཞུགས་གནོངས་དང་སྒོར་མོ་སོགས་ནི་སྤྲད་དགོས་ཀྱི་མི་འདུག་ཅེས་བཤད་བྱུང་། དེ་བས་ང་རང་འགྲན་ཞུགས་དེའི་ནང་འཛུལ་ཞུགས་བྱས་པ་ཡིན། དང་ཐོག་ང་རང་གི་སེམས་ནང་ལ་བོད་ཀྱི་འགྲན་ཞུགས་དག་གི་ནང་ནས་ཨང་བཅུ་པའི་ནང་དུ་ཚུད་ན་འགྲིག་གི་འདུག་སྙམ་པའི་བསམ་བློ་ཞིག་ཁུར་ནས་ཡོང་བ་ཡིན། འོན་ཀྱང་མ་བསམ་ས་ནས་བོད་ཀྱི་ཨང་དང་པོ་ཐོབ་བྱུང་བས་སེམས་ནང་དགའ་ཚོར་ཧ་ཅང་ཆེན་པོ་ཞིག་བྱུང་སོང་།
དྲི་བ། ལོ་ལྔ་ཙམ་ཀྲུན་ཅང《浙江》རྙན་འཕྲིན་ཁང་གིས་འགྲན་སྡུར་དེ་གཙོ་གཉེར་བྱས་པ་རེད། དེ་དག་ཁྱེད་ཀྱིས་གཟིགས་མྱོང་ཡོད་དམ།
ལན། བཀྲ་ཤིས་ཕུན་ཚོགས། ལོ་ལྟར་རིམ་བཞིན་ལྟ་གི་ཡོད། ལྟ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ང་རང་གཞས་ལ་ཧ་ཅང་དགའ་བས་དེ་དག་གི་ནང་ནས་གཙོ་བོ་གཞས་སུས་ཡག་པོ་གཏོང་གི་ཡོད་མེད་ལྟ་རྒྱུ་མ་ཡིན་པ།ང་རང་གིས་ཤེས་པའི་གཞས་དག་སྒྱུར་བཟོ་དང་དབྱངས་འགྲོས་གཏོང་སྟངས་མི་འདྲ་བའི་ཐོག་ནས་གཏོང་ཡོང་དུས་གཞན་གྱི་ལེ་ཚན་བལྟས་པ་གསོན་ཉམས་དོད་པ་དང་སྤྲོ་སྣང་ཧ་ཅང་ཆེན་པོ་སྟེར་གྱིན་འདུག་པས་ལོ་ལྟར་རིམ་བཞིན་ལྟ་བཞིན་ཡོད།
དྲི་བ། གོང་ནས་སྐུ་ཉིད་ཀྱིས་སྒྱུར་བཟོའི་སྐོར་གསུང་པ་ནང་བཞིན། སྐུ་ཉིད་ཀྱི་གཞས་དེའང་ཧ་ཅང་ལེགས་པའི་སྒྱུར་བཟོ་གནང་འདུག དེའི་ནང་དུ་བོད་ཀྱི་གཞས་མ་གཏམ་ཡོད་པ་དང་མཐའ་མཇུག་ལ་རྒྱ་གར་གཞས་ཡོད་པ་སོགས་ཀྱིས་སློབ་སྟོན་རྒན་ལགས་དང་ལྟད་མོ་བ་རྣམ་པ་ཧང་སང་དགོས་པ་ཞིག་བཟོས་བྱུང་། ངས་ཀྱང་བལྟས་པ་ཡིན། ང་རང་ཚོ་སྤོབས་པ་སྐྱེ་དགོས་པ་ཞིག་འདུག སྐུ་ཉིད་ཀྱིས་གཞས་དེ་སྒྱུར་བཟོ་དེ་འདྲ་བྱེད་དགོས་པའི་བསམ་བློ་གང་འདྲ་ཞིག་འཁོར་བྱུང་ངམ།
ལན། བཀྲ་ཤིས་ཕུན་ཚོགས། འདི་འདྲ་ཞིག་རེད་འདུག དང་ཐོག་འགྲན་ཞུགས་བྱེད་དུས་ཧྲང་ཧེ《上海》ལ་འགྲན་ཞུགས་ཀྱི་ཚོགས་པ་ཚོགས་མི་གཅིག་སྟོང་ཡོད་པ་ཞིག་འདུག ཚོགས་མི་དེ་དག་གི་ནང་ནས་རིམ་པའི་གདམ་གསེས་བྱས་ནས་བརྒྱ་དང་བརྒྱད་ཅུ་བྱས་ནས་ཡར་སྡུད་བཞིན་འདུག དེའི་ནང་དུ་ཚུད་ཚར་དུས་རང་ཉིད་ཀྱིས་གཞས་གང་ཤེས་ཡོད་ཚད་གཏོང་དུ་བཅུག་གི་འདུག དེ་དག་གཏོང་ཚར་དུས་ཁོང་ཅག་ལ་གཞས་གཏོང་མཁན་དག་རྒྱུས་མངའ་ཅུང་ཙམ་ཡོད་པར་གྱུར་འདུག ད་གཟོད་གཞས་ཤིག་གཏན་ཁེལ་བྱས་ནས་གཏོང་བཅུག་གི་འདུག གཞས་དེའི་དཀྱིལ་དུ་གཞས་འདྲ་མིན་མང་པོ་ཞིག་བཞག་བཅུག་གི་འདུག རང་གིས་ཀྱང་དམངས་གཞས་མང་པོ་ཞིག་གཏོང་བ་ཡིན། ཁོང་ཚོས་རི་བོ་སྟོད་དེ་ཧ་ཅང་སྙན་པོ་འདུག་ཟེར་ནས་དཀྱིལ་དུ་བཞག་པ་རེད། རྗེས་སུ་ཀྲུང་གོའི་ཕུལ་བྱུང་དགེ་རྒན་ལིས་ཀྲོ《刘卓老师》ཡིས་ང་ལ་གཞས་དེའི་གདངས་དེ་གཏོང་ཡོང་དུས་མཇུག་ཏུ་འཁྲུག་པོ་འགྱུར་འགྲོ་བ་དང་ཡང་སྔར་བཞིན་འཇམ་པོ་ཞིག་གྱུར་འགྲོ་གི་རེད། བོད་སྐད་ཀྱི་དམངས་གཞས་མིན་པ་གཞན་པ་དེ་འདྲ་བར་དུ་བཅུག་རྒྱུ་ཡོད་དམ་ཟེར་ནས་ལས་འགན་ཞིག་སྤྲད་བྱུང་། ཉི་མ་གཉིས་ཀྱི་ནང་དུ་ང་རང་གིས་བསམ་བློ་གཏོང་བ་ཡིན། ནམ་རྒྱུན་ང་རང་གཞས་མ་གཏམ་ལ་དགའ་པོ་ཡོད་པ། ཡིན་ན་ཡང་། བྱང་ཆུབ་པ་དེ་འདྲ་ཞིག་མེད། བར་དུ་བཅུག་རྒྱུ་དེ་གཞས་མ་གཏམ་ཞིག་བཅུག་པས་ཡག་པོ་ཡོང་བའི་སྣང་བ་ཞིག་སྐྱེ་བྱུང་། མཇུག་ཏུ་རྒྱ་གར་གཞས་ཤིག་བཅུག་པ་ཡིན། ཉིན་གཉིས་ཀྱི་རྗེས་སུ་རྒན་ལགས་ཀྱི་མདུན་དུ་གཏོང་ཡིན་པས་ཧ་ཅང་ཡག་པོ་འདུག་པའི་གཞས་དེ་གཏན་ཁེལ་བྱས་ན་འགྲིག་གི་འདུག་ཅེས་གསུང་བྱུང་། བརྒྱུད་རིམ་དེ་འདྲ་ཞིག་རེད།
དྲི་བ། སྐུ་ཉིད་ཀྱིས་གླུ་གཞས་དེ་གཏོང་སྐབས་སློབ་སྟོན་དགེ་རྒན་དག་ལ་ཚོར་སྣང་གསར་པ་ཞིག་སྤྲད་ཡོད་པའི་སྣང་བ་ཤར་སོང་ལ། རྒན་ལགས་གསུམ་གྱིས་ཁྱེད་ལ་གདེང་འཇོག་མཐོན་པོ་གནང་བྱུང་། ཁྱེད་ཀྱིས་རྒན་ལགས་གསུམ་ཡོད་པའི་ནང་ནས་རྒན་ལིས་ཧམ《刘欢老师》བདམས་པའི་རྒྱུ་མཚན་གང་ཡིན་ནམ།
ལན། བཀྲ་ཤིས་ཕུན་ཚོགས། རྒྱུ་མཚན་དང་པོ། རྒན་ལགས་ངེད་གཉིས་ལས་ཀ་འདྲ་པོ་ཡིན་པས་ཡིན། ང་རང་གཉིས་ཀ་དགེ་རྒན་རེད། སྐུ་རྩེད་ཞུས་ཡིན། ཀྲུང་གོའི་གླུ་སྒྲ་གསར་པ་ཡིན་ན་རེད། ལེ་ཚན་གཞན་པ་ཡིན་ན་རེད། རྒན་ལིས་ཧམ《刘欢老师》མི་རིགས་ཀྱི་རོལ་དབྱངས་ལ་དགའ་པོ་དང་ཞིབ་འཇུག་ཡག་པོ་བྱེད་མཁན་ཞིག་རེད། མ་གཞི་ཁོང་གླུ་སྒྲ་གསར་པའི་ནང་དུ་ཞུགས་ནས་དར་སྲོལ་ཆེ་བའི་གཞས་གཏོང་དགོས་པའི་བསམ་བློ་ཤུགས་ཆེན་འདུག ཡིན་ན་ཡང་། ང་རང་བྱང་ཆ་ཆེ་ཤོས་དེ་མི་རིགས་ཀྱི་གཞས་གཏོང་རྒྱུ་དེ་ཡིན་པས་ང་རང་དེ་གཉིས་ཟུང་འབྲེལ་ཡོང་རྒྱུ་བསམ་བློ་ཤུགས་ཆེན་ཡོད་པས་རྒན་ལིས་ཧམ《刘欢老师》ལགས་གདམ་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ཡིན།
དྲི་བ།འགྲན་སྡུར་དང་པོའི་ནང་དུ་སྐུ་ཉིད་ལ་གྲུབ་འབྲས་ཧ་ཅང་ཡག་པོ་ཐོབ་ཡོད་རེད། ད་སྐབས་དྲྭ་ལམ་དང་སྐད་འཕྲིན་ཁག་གི་སྟེང་དུ་བོད་ཀྱི་གཞས་པ་བཀྲ་ཤིས་ཕུན་ཚོགས་ཟེར་ན་ངོ་མི་ཤེས་མཁན་མེད་པ་ལྟ་བུ་རེད་འདུག ཁྱེད་རང་ཆེད་ལས་གཞས་པ་མིན་པས་དེ་དག་གི་བརྒྱུད་རིམ་ནང་དཀའ་ཁག་མང་པོ་ཞིག་འཕྲད་ཡོད་རྒྱུ་རེད་ལ་ཉམས་མྱོང་ཡང་གང་འཚམ་རག་ཡོད་རྒྱུ་རེད་བསམ་གྱིན་འདུག
ལན། བཀྲ་ཤིས་ཕུན་ཚོགས། སྔོན་ཆད་བོད་ནས་འགྲན་སྡུར་ནང་ཞུགས་ནས་བྱ་དགའ་མང་པོ་རག་མྱོང་ཡོད། ཡིན་ན་ཡང་། འགྲན་སྡུར་མ་བྱས་སྔོན་གཞས་བྱང་ཆུབ་པ་འགའ་གྲ་སྒྲིག་བཟོ་བ་ལས་གང་ཡང་ཡོད་མ་རེད།དེ་དག་རིམ་པ་བྱས་ནས་གཏོང་། ཡག་པོ་བྱུང་ན་བྱ་དགའ་ཨང་དང་པོ་གཉིས་སོགས་ཐོབ་པ་རེད། མ་བྱུང་ན་དེ་ག་རེད། འགྲན་སྡུར་འདིའི་སྐབས་ང་རང་ཧྲང་ཧེ་སླེབས་དུས་གཞས་ཤིག་ཐོངས་དང་ཟེར། ངས་གཞས་གཉིས་གཏོང་བ་ཡིན། ད་རུང་ཡོད་དམ་ཟེར། ཡོད་ཟེར་ནས། ཐེངས་མ་གཅིག་ལ་གཞས་བཅུ་གཏོང་བཅུག་བྱུང་། དེ་ནས་གཞས་རྫོགས་པའི་ཟོལ་འདྲ་བྱེད་ཀྱིན་འདུག དེ་ནས་དེ་རིང་མལ་གསོ་བྱོས། སང་ཉིན་གཞས་བཅུ་གྲ་སྒྲིག་བཟོས་ནས་ཤོག་ཟེར་གྱིན་འདུག དཀའ་ངལ་ཆེ་ཤོས་དེ་ནམ་རྒྱུན་དང་མི་འདྲ་བར་མང་པོ་ཧ་ཅང་དགོས་ཀྱི་འདུག དཔེར་ན། རྒྱ་གཞས་ཡོད་པ། ཕྱི་རྒྱལ་གཞས་ཡོད་པ། དབྱངས་དལ་མོ་དང་མགྱོགས་པོ་སོགས་སྣ་འཛོམས་མང་པོ་ཞིག་དགོས་ཀྱིན་འདུག ནམ་རྒྱུན་ཡིན་ན་གཞས་ཟེར་དུས་སྣང་བ་སྐྱིད་བྱེད་འདྲ་གཏོང་གི་ཡོད་པ་ལས་ཞིབ་ཆ་དེ་ཙམ་ཡོད་མ་རེད། དེ་རིང་དེ་འདྲ་མ་ཡིན་པ། ཆ་ཚང་ཞིབ་ཆ་དགོས་པར་མ་ཟད་ཧ་ཅང་བྱང་ཆ་ཅན་དགོས་ཀྱི་འདུག་པས་དཀའ་ངལ་ཆེ་ཤོས་ཤིག་བྱུང་སོང་། གཞས་གཏོང་མཁན་གཞན་དག་ལ་གཞས་གང་གཏོང་དགོས་ན་ཐད་ཀར་གཏོང་རྒྱུ་ཡོད་མཁན་ཤ་སྟག་རེད་འདུག ནམ་རྒྱུན་བཤད་སྲོལ་ལ། གོ་སྐབས་ནི་མི་གྲ་སྒྲིག་ཅན་ལ་ཡོད་ཟེར་བ་བཞིན་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་མ་བྱས་ན་ཡོང་ཡ་རེད་མི་འདུག
དྲི་བ། བརྒྱུད་རིམ་དེའི་ནང་དུ་ཉམས་མྱོང་གང་འཚམ་གསོག་འཇོག་ཐུབ་བྱུང་ངམ།
ལན། བཀྲ་ཤིས་ཕུན་ཚོགས།
རྗེས་མ་འགྲན་སྡུར་ཞུགས་པ་ཡིན་ན། སྔོན་མའི་སྣང་བ་སྤྲོ་སྤྲོ་དེས་ཡོང་རྒྱུ་མེད་པར་ཤེས་བྱུང་། གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བཟོ་དགོས་ཀྱི་འདུག་མ་གཏོགས་འགག་རྩ་དེེར་སླེབས་དུས་དཀའ་ངལ་མང་པོ་ཞིག་འཕྲད་ཡོང་གི་འདུག
དྲི་བ། འགྲན་སྡུར་དང་པོ་དེ་ཚར་བ་རེད། གྲུབ་འབྲས་ཀྱང་ཧ་ཅང་ཡག་པོ་ཐོབ་ཡོད་རེད། ཉེ་ཆར་འགྲན་སྡུར་གཉིས་པ་དེ་གྲ་སྒྲིག་གནང་བཞིན་པའི་སྒང་ཡིན་ནམ།
ལན། བཀྲ་ཤིས་ཕུན་ཚོགས། དགེ་རྒན་རྣམས་ཀྱིས་སློབ་མ་དགུ་རེ་བསྡུས་ཡོད་རེད། དགུ་པོ་དེ་དག་ལས་ཕན་ཚུན་བསྡུར་རྒྱུ་རེད་འདུག
གཞས་གཉིས་པ་དེ་སྦྱངས་དང་སྦྱང་བཞིན་པ་ཡིན། སྔོན་མའི་དེ་ནང་བཞིན་རེད་མི་འདུག བོད་རིགས་ཀྱི་ཁྱད་ཆོས་ཡོད་པ་བར་དུ་བཅུག་རྒྱུ་དང་སྒྱུར་བཟོ་ཡང་མང་ཙམ་བཟོ་དགོས་ཀྱི་འདུག
དྲི་བ། སྐུ་ཉིད་ལ་འབྱུང་འགྱུར་གྱི་ཕུགས་བསམ་མམ་འཆར་གཞི་གང་འདྲ་ཞིག་ཡོད་དམ།
ལན། བཀྲ་ཤིས་ཕུན་ཚོགས། སྔོན་ཆད་ནས་ད་སྐབས་བར་གཞས་གཏོང་རྒྱུ་དེ་ལ་དགའ་ཞེན་བྱས་ནས་ཡོང་བ་རེད། སློབ་ཆུང་ནས་གཞས་གཏོང་རྒྱུར་ཧ་ཅང་དགའ་མོས་ཡོད། ག་དུས་ཡིན་ན་ཨང་དང་པོ་རག་གི་ཡོད།ནང་དུ་སླེབས་ནས་ཕ་མ་ལ་ཨང་དང་པོ་རག་བྱུང་ཟེར་ནས་བཤད་དུས་ཕ་མས་དོ་སྣང་དེ་ཙམ་གནང་གི་མ་རེད། རྒྱུ་མཚན་ནི། སློབ་སྦྱོང་གཙོ་བོ་བྱེད་དགོས་རེད་མ་གཏོགས་གཞས་ཀྱིས་ལྟོ་སྟེར་གྱི་མ་རེད་ཟེར་ནས་གསུང་གི་རེད། རྗེས་སུ་ལས་ཀ་རག་ཚར་རྗེས་སྔོན་མ་ནང་བཞིན་བཀག་འགོག་དེ་ཙམ་གནང་གི་མ་རེད། ལས་ཀ་ལ་སྐྱོན་མ་རྒྱབ་པའི་རྨང་གཞི་ཐོག་ནས་གཞས་གཏོང་ན་སྐྱོན་ཡོད་མ་རེད་ཟེར་ནས་རྒྱབ་སྐྱོར་ཅུང་ཙམ་གནང་གི་རེད། ད་རིང་ཀྲུང་གོའི་གླུ་སྒྲ་གསར་པའི་ནང་དུ་ཞུགས་ནས་བོད་ཀྱི་ཨང་དང་པོ་ཐོབ་པ་རེད། དེ་ཐོབ་ནས་རྒྱལ་ཡོངས་ཀྱི་འགྲན་སྡུར་ནང་དུ་ཞུགས་ཐུབ་པས་སྔོན་མའི་རྒྱབ་སྐྱོར་དང་འདྲ་གི་མི་འདུག དེར་བརྟེན་སྔོན་མའི་དགའ་ཞེན་ཙམ་མ་ཡིན་པའི་ནང་མི་དག་གིས་རྒྱབ་སྐྱོར་ཞིག་གནང་དུས་དགེ་རྒན་ལས་ཀ་མ་ཡིན་པར་གཞས་པ་ཞིག་གི་ལམ་ཁ་སོང་ན་ཡག་པོ་མེད་འགྲོ་སྙམ་པའི་བསམ་བློ་ཅུང་ཙམ་འཁོར་གྱིན་འདུག སྔོན་མ་ཡིན་ན་བསམ་བློ་དེ་འདྲ་འཁོར་མྱོང་མེད། གང་ཡིན་ཞེ་ན། སྔོན་མ་ཡིན་ན་བོད་ཁུལ་ནས་ང་རང་ལ་མཚོན་ན་གཞས་པའི་མིང་ཡོད་ཙམ་མ་གཏོགས་གང་ཡང་མ་རེད། ཆེད་ལས་གཞས་པ་ཞིག་བྱེད་པའི་སེམས་ཤུགས་རྩ་བ་ནས་མེད། ད་སྐབས་ཡིན་ན་སེམས་ཤུགས་ཅུང་ཙམ་སླེབས་བྱུང་། ཡིན་ན་ཡང་། མ་འོངས་པར་བརྒྱ་ཆ་བརྒྱ་ཆེད་ལས་གཞས་པ་ཞིག་བཟོ་རྒྱུ་ཡིན་ཟེར་ནས་བཤད་ཐུབ་མི་འདུག
དྲི་བ། ཁྱེད་རང་གིས་དེ་སྔོན་གཞས་གཏོང་མྱོང་ཡོད་རེད། ལྷག་པར་དེ་རིང་འགྲན་སྡུར་ཆེན་མོ་འདིའི་ནང་དུ་ཞུགས་ནས་ཁྱེད་ལ་དོ་ཁུར་གནང་མཁན་མི་ཧ་ཅང་མང་པོ་འདུག་པས་ཁོང་རྣམས་ལ་བཀའ་མོལ་གང་འདྲ་ཞིག་གསུང་རྒྱུ་ཡོད་དམ།
ལན། བཀྲ་ཤིས་ཕུན་ཚོགས། དང་པོར། ཐུགས་རྗེ་ཆེ་ཞུ་རྒྱུ་དེ་ཡིན། གང་ཞིན་ཞེ་ན། ནམ་རྒྱུན་ང་རང་གིས་གཞས་གཏོང་ནས་རྒྱ་རིགས་དག་གིས་དགའ་མོས་གནང་གི་རེད་དྲན་པའི་བསམ་བློ་དེ་འདྲ་མེད། ང་རང་མི་རིགས་གཞས་ཤུགས་ཆེན་གཏོང་མཁན་ཞིག་ཡིན་པས་དེ་འདྲ་བསམ་བློ་མེད། དྲྭ་ལམ་ནས་དགའ་མོས་ཆེན་པོ་གནང་མཁན་རྒྱ་རིགས་ཧ་ཅང་མང་པོ་འདུག་ང་རང་སེམས་ནང་དུ་ཡང་དགའ་ཚོར་ཆེན་པོ་བྱུང་། བོད་རིགས་མདོ་དབུས་ཁམས་གསུམ་ཚང་མས་སྤོབས་སེམས་རེད་ཟེར་དུས་སྐྱིད་པོ་འདུག་ཏེ་དེ་མཚུངས་སུ་གནོན་ཤུགས་ཀྱང་སྐྱེ་བཞིན་འདུག ཁོང་ཚོ་ལྷན་རྒྱས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དང་ཐོག་མི་རེ་ཟུང་གིས་མ་གཏོགས་ངོ་མི་ཤེས་མཁན་ཞིག་ད་ཆ་མི་མང་པོ་ཞིག་གིས་རེ་བ་དང་རྒྱབ་སྐྱོར་གནང་དུས་སྐྱིད་པོ་འདུག
ང་རང་ངོས་ནས་དེ་དག་སེམས་ཤུགས་ཤིག་ཏུ་བརྩིས་ནས་དེ་བས་ཀྱང་འབད་བརྩོན་བྱ་རྒྱུ་ཡིན།
མདོ་འཛིན་པའི་གཏམ། སྐུ་ཉིད་དེ་རིང་ཀྲུང་དབྱངས་བོད་སྐད་རླུང་འཕྲིན་ཁང་དུ་ཕེབས་པར་གུས་པས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་འགྲན་སྡུར་དག་གི་ནང་ནས་གྲུབ་འབྲས་ཡག་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།
སྤྱི་ལོ2017/10/14ཉིན་གླིང་ལོ་མ་སེར་པོས་རང་ཡུལ་དུ་ཡིག་འགོད་བྱས།
ཧ་ཅང་ཡག་པོ
ངོ་མ་གཞས་པ་ཁོ་རང་ལ་སྒྱུ་རྩལ་དེ་ཙམ་ཞིག་ཡོད་པར་བོད་མི་ང་ཚོར་མཚོན་ན་ངོ་མ་ངོམས་ཐུབ་པའི་ཡོ་བྱད་ཡག་ཤོས་ཤིག་ཡིན།
དེ་རིང་ངས་དེ་གར་བོད་ཀྱི་སྐད་གྲགས་ཆེ་བའི་གཞས་པ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱི་བཅར་འདྲི་དང་དེའི་ནང་གི་ཁོང་གི་ལན་བརྒྱབ་པའི་བརྒྱུད་རིམ་དེར་གུས་མོ་ཧ་ཅང་དགའ་པོ་བྱུང་ལ་དེ་བས་ཁཽང་གིས་དང་ཐོག་འགྲན་བསྡུར་ཆེད་མིན་པར་རང་ཉིད་ཀྱི་དགའ་ཕྱོགས་ལ་བལྟས་ནས་གླུ་གཞས་ཀྱི་འགྲན་བསྡུར་དེར་འཛུལ་བཞུགས་གནང་བ་རེད་འདུག། དེ་བས་ཁྱེད་ཀྱིས་མི་གཅིག་གི་བྱས་རྗེས་དེས་ང་ཚོ་བོད་པའི་སྤོབས་པ་དང་མ་འོངས་བོད་པའི་སོན་རྩ་འགའ་ཤས་ལའང་སེམས་ཤུགས་ཤིག་གནང་བས་ངས་དུས་དང་རྣམ་པ་ཀུན་ཏུ་འབྱུང་འགྱུར་འགྲན་སྡུར་དག་གི་ནང་གྲུབ་འབྲས་ཡག་པོ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
བོད་ཀྱི་གླུ་པ་གླུ་མ་ཀུན་གྱི་མིག་དཔེ་འོས་པ།
གླུ་རྒྱལ་བཀྲ་ཤིས་ཕུན་ཚོགས་ལགས་སུ་བཀྲ་ཤིས་བདེ་ལེགས་ལན་མང་ཞུ།
ཕྱོགས་ཀུན་ལས་རྒྱལ་བའི་སྨོན་འདུན་ཞུ།
གར་སྟེགས་འདི་འདྲའི་ཆེན་པོའི་སྒང་ནས་བོད་གླུ་ལེན་པ་ནི།
བོད་པའི་གཟི་བརྗིད་དང་དཔུང་པ་རེད་ཡ།
མི་རིགས་ཀྱི་སྙིང་སྟོབས་ངོ་མ་རེད་ཡ།