རྩོམ་པ་པོ། བསྟན་འཛིན་བསོད་ནམས།
སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་ཚོགས་ཆུང་ནས་བསྒྱུར།
བསྟན་འཛིན་བསོན་ནམས་ལགས་ནི་གློག་བརྙན་བཟོ་མཁན་དང་རང་དབང་རྩོམ་པ་པོ། ད་ལྟའི་ཆར་རྡ་རམ་ས་ལར་གནས་བཞུགས་བྱས་ཡོད། ཁོང་ནི་གློག་བརྙན༼ཁྲུང་ཁྲུང་དཀར་མོ་༽www.whitecranefilms.com)ཞེས་པའི་ལྟད་མོ་ཕབ་སྐྲུན་གྱི་ལས་རོགས་ཀྱང་ཡིན།
གངས་དཀར་པོའི་ལ་རྒྱ་འཛིན་པའི་ཕྱིར།།
བོད་རང་བཙན་གཙང་མ་ཐོབ་པའི་སླད།།
བོད་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས།།
བོད་དར་ཆ་སྒྲེངས་ཤིག་གངས་ཕྲུག་ཚོ།།
ཞེས་གཞས་སུ་གྱེར་མཁན། རྒྱལ་གཅེས་བློ་སྟོབས་ཅན་གྱི་གཞས་པ་ལོ་ལོར་ཅིག་སོམས་དང་། ཁོང་གིས་དེ་ལྟར་རེ་བ་དང་སྙིང་སྟོབས་ཀྱིས་ཁེངས་པའི་གཞས་ཤིག་བཏང་བར་བརྟེན་རྒྱའི་བཙོན་དུ་ཚུད་དེ་ལོ་ངོ་དྲུག་གི་ཁྲིམས་ཆད་འཁུར་བཞིན་ཡོད། གལ་སྲིད་ཁོང་གིས་རང་ཉིད་ཀྱིས་བཏང་བའི་གོང་གི་གཞས་ཚིག་དེ་ཇི་བཞིན་དུ་བཙན་བྱོལ་ནང་བཏང་རྗེས། ༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ལ་བསྙད་པ་དང་། སྤྱི་ཚོགས་དྲ་བས་མངོན་ཤུགས་བརྒྱུད་གསུམ་ནས་ཁ་རྡུང་དང་ཁ་རུབ་རྒྱབ་འོང་བ། ད་དུང་རང་གཞུང་གི་ངོས་ནས་རང་བཙན་ཞེས་པའི་ཐ་སྙད་ལ་བརྟེན་ནས་གནོན་ཤུགས་བསྟུད་མར་སྤྲོད་ངེས་པ་ཤེས་རྟོགས་བྱུང་ཚེ། ཁོས་ག་རེ་ཚོར་སྲིད་དམ།
དྭངས་གཙང་དང་གཤིས་བཟང་ཡིད་དུ་འོངས་པའི་ཨ་ནེ་སངས་རྒྱས་སྒྲོལ་མས་མཆུ་སྒྲོས་འཛུམ་གྱིས་ཁེངས་ཤིང་ལག་མགོར་ ‘རང་བཙན’ ཞེས་པའི་ཡིག་འབྲུ་གཉིས་པོ་བྲིས་ནས་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་གི་རིན་བྲལ་ཚེ་སྲོག་བློས་གཏོང་གནང་བ་དེ། གལ་སྲིད་རང་རེའི་བཙན་བྱོལ་ལ་མཚོན་ན་མོས་གང་བློས་གཏོང་གནང་བ་ནི་ཕན་མེད་སྟོང་ཟད་ཅིག་ཡིན་པ་དང་། ཡུན་ནས་བཀག་སྡོམ་བྱས་ཟིན་པའི་ཐ་སྙད་ཅིག་མོའི་ལག་མགོར་བྲིས་པ་དེ་མངོན་གསལ་དོད་པོས་དད་ལོག་པ་དང་བོད་ཀྱི་ཆིག་སྒྲིལ་ལ་གཏོར་བརླག་གཏོང་མཁན། ༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་གྱིས་ཁོངས་སུ་འཇུག་གི་ཡོད་པ་ཁོང་མོས་ཤེས་རྟོགས་བྱུང་བའི་དབང་དུ་བཏང་ན། མོར་བསམ་བློ་གང་འདྲ་ཞིག་འཁོར་ངེས་རེད་དམ།
དེ་མཚུངས་སུ། ཉེ་བའི་ཆར་རང་ལུས་མེར་བསྲེགས་གནང་མཁན་རྣམ་པ་དང་། སྔ་ཕྱིར་རྒྱ་དམར་ལ་རྒོལ་བའི་ཁྲོམ་སྐོར་གནང་མཁན་རྣམས། བཙན་རྒོལ་རྒྱལ་སྐྱོབ་ཀྱི་འཐབ་མོ་བ་དག བོད་རང་བཙན་དང་༸གོང་ས་མཆོག་གི་བདེ་འཇགས་ཆེད་འདས་པའི་ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་མི་སྟོང་ཕྲག་མང་བོས་སོ་སོའི་ཚེ་སྲོག་བློས་གཏོང་གནང་ཡོད་པ་ཚང་མ་ག་རེ་ཆགས་པ་རེད། ཁོང་ཚོའི་བློས་གཏོང་དེ་ག་རེའི་ཆེད་དུ་རེད། ཁོང་ཚོས་རྩོད་དོན་གང་གི་ཆེད་དུ་འཐབ་རྩོད་བྱས་པ་རེད། མུ་མཐུད་དུ་དེ་ལྟར་གནང་དོན་ཅི་ཡིན་ནམ། འདིར་ཡོད་ཀྱི་བཙན་བྱོལ་བོད་མི་ང་ཚོས་ཁོང་རྣམ་པའི་མིག་ཟུང་ལ་ཅེར་ནས་དྲང་བོ་དྲང་བཞག་གི་སྒོ་ནས། ད་ལྟའི་དུས་འདིར་རང་བཙན་འཐབ་རྩོད་པ་ནི་དགྲ་བོ་ལས་ལྷག་ཅིག་མ་རེད་ཅེས་བཤད་ཐུབ་བམ།
ང་ཚོ་ཇི་ལྟར་འདི་འདྲའི་བསམ་ཡུལ་ལས་འདས་པའི་གནས་ལུགས་མི་བརྩི་ཞིང་ཡ་ང་བྱབ་ཆུང་གི་གནས་སྟངས་ཤིག་ཏུ་གྱར་བ་རེད་དམ། ང་ཚོས་ངོ་མ་གཅིག་སྒྲིལ་ཞེས་པ་ནི་༸གོང་མ་མཆོག་ཐུགས་ཕམ་བཟོས་པའི་འཇིགས་སྐུལ་ཞེད་སྣང་གི་བཙན་ཤུགས་བརྒྱུད་ནས་ཆིག་སྒྲིལ་བཟོ་ཐུབ་ངེས་ཡིན་པར་ང་ཚོས་དངོས་གནས་ཡིད་ཆེས་བྱེད་ཀྱི་ཡོད་དམ།
ངས་བལྟས་བསྡད་ཡོད་པའི་ཉེ་བའི་ལོ་དུས་རིང་། ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་གནས་ལུགས་རྒྱུ་མཚན་བཤད་སའི་ཁོར་ཡུག་དེ་འཆར་གཞི་ལྡན་པའི་སྒོ་ནས་མེད་པ་བཟོ་བཞིན་པ་མཐོང་གི་འདུག དེ་བས་རང་བཙན་འཐབ་རྩོད་པ་དག་ཕྱོགས་ཡོངས་ནས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་ཡིན་པའི་དམའ་འབེབས་ཐོག་འབུར་འཇོམས་བྱེད་བཞིན་པར་དངངས་སྐྲག་ཅིག་ངང་གིས་འཕེལ་ཡོང་གི་འདུག
ངས་འདི་ནས་ཐེངས་ག་ཚོད་མང་བོ་ཞིག་ལ་སྲིད་ལུགས་གསར་བ་འདིས་ག་རེ་བྱས་པའི་སྐོར་བསྐྱར་བཤད་བྱ་དགོས་ཀྱི་མི་འདུག རང་བཙན་རྩོད་མཁན་གང་ཟག་སྒེར་དང་། དེ་བཞིན་ཚོགས་སྡེ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་དམིགས་འབེན་དུ་བཟུང་སྟེ་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་གནོན་ཤུགས་སྤྲད་པ་སོགས་ནི། ཉེ་ཆར་ནེའུ་ཡོག་གི་གསུམ་བཅུའི་དུས་དྲན་སྐབས་བྱུང་པའི་ངོ་ཚ་དགོས་པའི་གནས་ཚུལ་དེ་ལྟ་བུས་མཚོན་ཡོད།
ང་རང་སྒེར་ལ་མཚོན་ན་རང་བཙན་རྒྱབ་བསྐྱོར་བ་ཞིག་ཡིན་པ་གསང་བ་གང་ཡང་མ་རེད། ཕྱི་ལོ ༢༠༠༦ ནས་ངས་སྔ་ཕྱིར་དབུ་མའི་ལམ་ལ་མདུན་ལམ་མེད་པའི་གནས་ལུགས་དང་ང་ཚོའི་འཐབ་རྩོད་ཀྱི་རྩ་བ་རང་བཙན་གྱི་དམིགས་ཡུལ་སླར་གསོ་བྱ་དགོས་པའི་གལ་ཆེན་རང་བཞིན་ཐད་ནན་བརྗོད་བྱས་པའི་རྩོམ་ཡིག་འགའ་ཤས་སྤེལ་བ་ཡིན། (ཤེས་འདོད་ཡོད་མཁན་ཚོར་གཤམ་དུ་རྩོམ་ཡིག་དེ་དག་གི་དྲ་ཐག་བཀོད་ཡོད།)
དེ་ལྟར་ངས་དེང་གི་དུས་འདིར་གལ་གནད་ཆེ་ཤོས་ནི། དབུ་མའི་ལམ་གྱི་སྲིད་ཇུས་ལ་བསྐྱར་ཞིབ་དང་ང་ཚོའི་འཐབ་རྩོད་ཀྱི་ཁ་ཕྱོགས་ཀྱི་མགོ་ནས་མནོ་བསམ་བཞེས་རན་པའི་ཛ་དྲག་གི་དུས་ཤིག་ཤར་འདུག་པ་མཐོང་གི་ཡོད་ལ། དེ་ནི་ང་རང་སྒེར་གྱི་བསམ་ཚུལ་དང་། བསམ་ཚུལ་དེའང་རྒྱུ་མཚན་གྱི་ཐོག་ནས་ཞིབ་འཇུག་བྱས་པའི་གྲུབ་དོན་ཡིན་པ་ལས། ཁག་ཅིག་གིས་བསམ་པ་ནང་བཞིན་རེ་བ་ཙམ་དང་བསམ་བློ་མ་སྨིན་པའི་སེམས་ཚོར་ཙམ་གཞི་རུ་བཟུང་བའི་སྐད་ཆ་ཞིག་མིན། ཁྱེད་ཚོས་ལྟ་ཚུལ་དེ་དང་ལེན་དང་རྩིས་མེད་གང་གནང་ཡང་ཆོག ང་ཚོར་ཇི་སྲིད་ལུགས་མཐུན་གྱི་བགྲོ་གླེང་ཡོད་པ་དེ་སྲིད་དུ་ངས་ང་དང་ལྟ་ཕྱོགས་མི་མཐུན་ཡང་ངས་ཁྱེད་ཚོའི་དགོངས་ཚུལ་གསུང་བའི་ཐོབ་ཐང་ལ་བརྩི་བཀུར་ཞུ་ངེས་ཡིན།
ཡིན་ན་ཡང་། ངས་འདི་ནས་ཁ་གསལ་བཟོ་རྒྱུ་ཞིག་ནི། རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་པ་གཏན་ནས་ཆགས་མེད། སྐད་ཆ་འདི་ལས་ལྷག་ཅིག་གསལ་ཁ་འདོན་རྒྱུ་ཞིག་ཨེ་ཡོད་ན། ཡང་རང་བཙན་དམིགས་འབེན་དུ་བཟུང་བ་ནི་ཁ་ཙམ་ལས་ལག་ལེན་མེད་པའི་ལྟ་གྲུབ་ཅིག་དང་། སེམས་ཚོར་གྱི་དབང་དུ་ཕྱིན་པའི་རྨོངས་ཞེན་ནམ། རང་བཙན་རྩོད་པ་ནི་རང་བཞིན་གྱི་དྲག་ཤུགས་ལ་འཇུག་པ་ཞིག་མིན། དེ་ལྟར་འདོད་པ་ནི། དོན་དམ་དུ་ཡུན་ནས་བསགས་པའི་ང་ཚོའི་འཐབ་རྩོད་ཀྱི་གྲུབ་འབྲས་སྟོང་ཟད་དུ་གཏོང་བྱེད་དང་། སྤྱི་ཚོགས་ཀྱི་བདེ་འཇགས་ཁ་གཏོར། ནང་ཁུལ་གྱི་མཐུན་སྒྲིལ་རྩ་བརླག་གཏོང་བྱེད་ཀྱི་དུག་རྩ་ཡོད་ན་མེད་ན་དེ་ཆགས་ཡོད། ལྷག་པར་དུ་ཡུན་རིིང་ཞིག་ལ་རྒྱའི་དབང་སྒྱུར་ལ་ངོ་རྒོལ་བྱེད་པའི་ང་ཚོའི་བདེན་པའི་འཐབ་རྩོད་ལ་ཀུ་རེ་དང་སྣང་ཆུང་བྱས་པའང་ཡིན།
མང་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན། ལྟ་བ་མང་བོ་མཉམ་གནས་དང་སོ་སོའི་ལྟ་བ་བཤད་པའི་རང་དབང་ཡོད་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་ཤོས་དེ་རེད། ང་ཚོའི་སྤྱི་ཚོགས་འདིའང་། རྩོད་གླེང་རང་བཞིན་ནས་བྱེད་ལས་རང་བཞིན་གྱི་མང་གཙོ་ཞིག་ཏུ་འཕོ་འགྱུར་གཏོང་ཐབས་བྱེད་དགོས་ལ། ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་། ད་ལྟའི་མང་གཙོའི་འཕེལ་རིམ་འདི་དོན་འཁྱོལ་ཡོང་ཕྱིར་དབང་ཆ་སྒེར་སྤྱོད་ལམ་ལུགས་ལ་བསྐྱོད་བཞིན་པའི་དབང་ཤེད་ལ་བཅོས་སྒྱུར་བྱ་རྒྱུ་ལས་ལྷག་པའི་ཛ་དྲག་གི་དོན་དག་ཅིག་མེད།
༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ནས་དགོངས་པ་ཞུས་རྗེས། དེ་ལྟ་བུའི་མང་གཙོ་ཞིག་ང་ཚོའི་སྤྱི་ཚོགས་ནང་ངེས་པར་བསྐྲུན་དགོས་པ་རེད་ལ། ང་ཚོས་སྲིད་སྐྱོང་ཐོག་མ་འདེམས་ཐོན་བྱུང་བ་དེའང་གཅིག་བྱས་ན་ཧང་སངས་དགོས་པའི་གནས་ཤིག་མ་རེད། ཆབ་སྲིད་ཀྱི་ལས་གནས་ནས་༸གོང་ས་མཆོག་གློ་བུར་དགོངས་པ་ཞུས་རྗེས། ང་ཚོའི་སེམས་སུ་གློ་བུར་མགོན་མེད་སྐྱབས་མེད་ལྟ་བུའམ་བརྟན་ལྷིང་མིན་པའི་ཚོར་བ་སྐྱེན་མོ་ཞིག་བྱུང་བ་རེད་ལ། ཚོར་ཤུགས་དེའི་རྐྱེན་གྱིས་ང་ཚོས་༸གོང་ས་མཆོག་ལ་བསྙེས་ཤུགས་སྔར་བས་ཆེ་རུ་བཏང་བ་ཞིག་རེད།
ང་ཚོས་༧གོང་ས་མཆོག་ང་ཚོ་རང་ཉིད་ཀྱི་དགོས་མཁོ་དང་རིང་དུ་མི་བྲལ་བའི་ཕྱིར། ང་ཚོས་སྔར་བས་ཁོང་ལ་དད་པ་དག་སྣང་དང་ཡིད་ཆེས་བློ་འཁེལ་ཡོད་པ་སྟོན་རྒྱུར་འབད་བརྩོན་བྱས་ཤིང་། དེ་སྟོན་སྟངས་ཀྱང་༸གོང་ས་མཆོག་ལ་དད་ཞེན་ཡོད་མེད་ཀྱི་དབྱེ་མཚམས་ལྟ་བུ་ཕྱེས་ནས། དད་ཞེན་མེད་མཁན་ཚོ་མངོན་གསལ་བཟོ་ཅི་ཐུབ་བྱས་པ་ལ་བརྟེན་ནས་ད་ལྟའི་སྐྱི་གཡའ་བའི་གནས་བབ་འདི་ལྷིང་ལ་ཕུད་པ་རེད།
༸གོང་ས་མཆོག་གིས་ཀྱང་༸ཁོང་རང་ཉིད་ཆབ་སྲིད་ཀྱི་གནས་བབ་ལས་དགོངས་པ་ཞུས་ཀྱང་། ད་དུང་ཆོས་དང་ཆབ་སྲིད་ཀྱི་འབྲེལ་ཐག་གམ། དབྱེ་མཚམས་དེ་གློ་བུར་སྙོམ་སྒྲིག་ཐུབ་སླ་བོ་ཞིག་མིན་པ་མཁྱེན་གྱི་ཡོད། དེ་ནི་ཁ་ནང་དུ་ཕྱོགས་ནས་དཔྱད་པའི་དུས་སྐབས་ཤིག་དང་ངེས་གཏན་མེད་པའི་བར་བརྒལ་གྱི་འཕོ་འགྱུར་ཞིག་ཆགས་ཡོད། གང་ལྟར་༧ཁོང་གིས་བཙུགས་གནང་བའི་མང་གཙོའི་མ་ལག་གིས་རིམ་བཞིན་དཀའ་རྙོག་དེ་དག་སེལ་ཐུབ་ཀྱི་ཡོད།
ཕྱི་ལོ ༢༠༠༨ ལོའི་ཕྱི་ཟླ་༨ ནང་ར་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་བོད་མི་ཚོར་༸གོང་ས་མཆོག་ནས་གནད་དོན་འདིའི་ཐད་བཀའ་སློབ་གནང་བའི་ནང་དུ། “ང་ཚོ་མང་གཙོའི་ལམ་དུ་ཕྱིན་ཚར་རྗེས། མང་གཙོ་དངོས་སུ་ལག་བསྟར་ཡོང་ཆེད་བླ་མས་མི་མང་གི་སྣེ་ཁྲིད་རྒྱུ་དེ་འོས་ཤིང་འཚམས་པ་ཞིག་མ་རེད། དེ་འོས་འདེམས་ཀྱི་ལམ་ལུགས་གཞི་རུ་འཛིན་དགོས་པ་རེད། གཉིས་ནས། དེ་ནི་མི་རིགས་ཤིག་གི་འཐབ་རྩོད་ཡིན་པ་ལས། མི་རབས་གཅིག་གམ་འགོ་ཁྲིད་བྱེ་བྲག་པ་རེ་འགའི་འཐབ་རྩོད་ཅིག་མ་རེད་ལ། མི་ཉུང་ཤས་ཤིག་གི་ཁེ་ཕན་ཆེད་དུའང་མ་རེད། བྱས་ཙང་། མི་མང་གིས་ངེས་པར་དུ་སྣེ་ཁྲིད་དགོས་ལ་ལས་ཀའང་བྱེད་དགོས་པ་རེད་མ་གཏོགས་གང་ཟག་གཅིག་གཉིས་ཤིག་ལ་བསྙེས་བསྡད་ཡ་མ་རེད།”
བོད་མི་ཚོའི་ཁ་ལ་ག་དུས་ཡིན་ན། “༧གོང་ས་མཆོག་གིས་ཡག་ཤོས་མཁྱེན་ངེས་རེད། ༧གོང་ས་མཆོག་གིས་གནང་གི་རེད་”ཅེས་བཤད་ཀྱི་ཡོད་པ་རེད། འོན་ཀྱང་། ཁྱེད་ཚོས་དེ་འདྲ་བཤད་པ་ནི་ཧ་ཅང་ནོར་འཁྲུལ་ཆེན་པོ་ཞིག་བཟོས་པ་མ་ཟད། མི་གཅིག་ལ་བསྟེན་པ་ནི་ཉེན་ཁ་རེད།རྒྱ་གཞུང་གིས་ཀྱང་དེ་ཟེར་གྱི་ཡོད་པ་རེད།བོད་ལ་གནད་དོན་ཡོད་པ་མ་རེད།དེ་ནི་གང་ཟག་གཅིག་གི་གནད་དོན་རེད།གང་ཟག་དེ་འདས་ཟིན་རྗེས་བོད་ཀྱི་གནད་དོན་ཡང་ཡལ་འགྲོ་གི་རེད་ཅེས་བཤད་ཀྱི་ཡོད་པ་རེད།ཡིན་ན་ཡང་། སྐད་ཆ་དེ་བདེན་པ་རྩ་བ་ཉིད་ནས་མ་རེད།ང་ཚོས་མི་རབས་གཅིག་གི་རྗེས་སུ་གཅིག་བྱས་ནས་འཐབ་རྩོད་བྱེད་ཐུབ་དགོས་པ་རེད། ང་ཚོས་ངེས་པར་དེ་ལྟར་གྲ་སྒྲིག་བྱེད་དགོས།དེ་ནི་གལ་གནད་ཆེན་པོ་ཞིག་ཆགས་ཡོད།
༸གོང་ས་མཆོག་ནས་སྐུ་དབང་རྩིས་སྤྲོད་དང་བསྟུན་ནས་འགྱུར་བཅོས་གང་ཞིག་ཐུགས་རེ་གནང་ཡོད་པ་ནི།༸ཁོང་གིས་དུས་རབས་མང་པོའི་རིང་གི་བླ་མའི་ལམ་ལུགས་ཀྱི་ཚབ་ཏུ་དུས་རབས་ ༢༡ པའི་སྤྱི་ཚོགས་དང་བསྟུན་པའི་གཞུང་གི་ལམ་ལུགས་ཤིག་དགོས་ཀྱི་ཡོད་པ་ནི་༧ཁོང་གིས་གསལ་བོར་དགོངས་པ་བཞེས་ཡོད།དེ་ནི་ཆོས་ལུགས་རིས་མེད་ཀྱི་མང་གཙོ་སྟེ།ཆོས་ལུགས་ནི་ཆབ་སྲིད་དང་ཡོངས་སུ་ཁ་ཁ་ཡིན་པའི་གཞུང་ཞིག་དགོས་པ་དེ་རེད།
དེ་ནི་ཕལ་ཆེར་༸གོང་ས་མཆོག་ཁོང་རང་ཉིད་རང་གཞུང་གི་འཛིན་སྐྱོང་གསར་བའི་ནང་མུ་མཐུད་དུ་ཆེས་མཐོའི་མགོ་ཁྲིད་ཀྱི་མཚན་གནས་གནང་འདོད་མེད་པའི་རྒྱུ་མཚན་ཡིན་རྒྱུ་རེད། ༸ཁོང་གིས་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཡང་དག་པ་ཞིག་ལ་འཕོ་འགྱུར་འགྲོ་བར་བླ་མའི་སྲིད་ལུགས་ཡོངས་སུ་མཚམསས་འཇོག་དགོས་པ་ཞིག་ལ་ངོས་འཛིན་གནང་ཡོད་པ་བཞིན། སྔ་མའི་རྗེས་ཤུལ་ཙམ་མ་ལུས་པ་བྱེད་ཚེ་ད་གཟོད་གསར་བ་ཞིག་རྒྱལ་ཁའི་ངང་མགོ་རྩོམ་ཐུབ་པ་ཅི་ལ་མིན།
རེད། ༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ། ང་ཚོར་ནམ་དགོས་མཁོ་བྱུང་ཚེ༸ཁོང་དེར་ཡོད་ཅིང་། ང་ཚོར་ལམ་སྟོན་དང་རྒྱབ་སྐྱོར་བྱེད་ངེས་ལ། དེ་ལྟར་གནང་ཕྱོགས་ལ༸ཁོང་ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཀྱི་མཚོན་རྟགས་དང་། ཡང་ན་ཆེས་མཐོའི་དབུ་ཁྲིད་ཀྱི་མཚན་གནས་གནང་ཡོད་མེད་ལ་ཁྱད་པར་ཆེར་མེད་ངེས་རེད། དེ་བས་༸ཁོང་གི་ཐུགས་བཞེད་གནང་ས་ནི་མ་འོངས་པ་དང་༸ཁོང་མེད་སྐབས་རེད། དེ་ཕྱིར་མ་འོངས་པར་ང་ཚོས་༸ཁོང་གི་སྟེང་དུ་ཡོད་པའི་བོད་གཞུང་གི་ཁྲིམས་མཐུན་རང་བཞིན་གྱི་རྒྱུན་དང་བོད་མི་རིགས་ཀྱི་ཚབ་མཚོན་རང་བཞིན་མཇུག་སྐྱོང་འདོད་ཚེ། ད་ནས་ཆོས་དང་མ་འབྲེལ་བའི་མང་གཙོ་ཞིག་ལེགས་བསྐྲུན་ཐུབ་མིན་ལ་རག་ལས་ཡོད། འདི་ནི་༸གོང་ས་མཆོག་གི་དོན་དམ་གྱི་ཕུགས་རྒྱང་རིང་བོའི་འཆར་སྣང་དང་། ང་ཚོའི་འོས་འགན་ནི་ཁོང་གི་འཆར་སྣང་དེ་ཉིད་མངོན་འགྱུར་ཡོང་སླད་ནུས་པ་གང་ཡོད་འདོན་རྒྱུ་དེ་ལས་མ་འདས།
ཡིན་ནའང་ང་ཚོ་ད་དུང་མང་གཙོའི་ལེའུ་དང་པོ་ལྟ་བུའི་གནས་སྟངས་ནས་ཚད་ལྡན་གྱི་ངོ་བོར་འཕོ་ཐུབ་ཀྱི་མེད། ང་ཚོས་ད་དུང་རང་ཉིད་ཀྱི་ཐོབ་ཐང་ལག་བསྟར་བྱེད་མི་ཤེས་ཤིང་། བློ་གདེངས་དང་རང་བཀུར་མེད་པར་འགལ་འདུ་རང་བཞིན་གྱི་ཚོར་བ་དང་གདམ་ཀའི་བར་གསེང་དུ་མགོ་བོ་རྨོངས་ནས་བསྡད་ཡོད། ད་དུང་ཡང་ཆ་རྐྱེན་རང་བཞིན་གྱི་འདས་ཟིན་པ་ཞིག་ཁུར་བོར་གྱུར་ཡོད།
རྒྱུ་མཚན་འདི་དག་ལ་བརྟེན་ནས། ཡོང་འགྱུར་གྱི་སྲིད་སྤྱི་འོས་འདེམས་ཆེན་མོ་ནི་གལ་གནད་ཅིག་དང་། ཐེངས་འདིའི་འོས་འདེམས་ནི་དེ་ལྟར་འདས་སོང་བརྒྱུད་ནས་ཕྱི་རུ་ཐོན་པའི་གོམ་ཞེང་ཆེ་ཤོས་དེ་ཆགས་ཡོད། དེར་བརྟེན་༸གོང་མ་མཆོག་གི་མཚན་བེད་སྤྱད་ནས་རང་བཙན་འཐབ་རྩོད་པ་ཚོ་རྒྱ་རྙིར་ཚུད་པའི་རྔོན་རྒྱག་སྟངས་དེ་མཚམས་འཇོག་རན་པའི་ཛ་དྲག་གི་དུས་ཚོད་ཅིག་ཀྱང་ཡིན། གལ་སྲིད་གང་ཟག་སུ་ཞིག་ལྟ་ཚུལ་འདི་ཉིད་༸གོང་ས་མཆོག་གི་དགོངས་གཞི་དངོས་ཡིན་མིན་གྱི་ཐེ་ཚོམ་དང་དོགས་པ་བྱུང་ཚེ། ཁྱེད་ཅག་གིས་ངེས་པར་དུ་ཕྱི་ལོ་༢༠༠༨ ལོར་བོད་ནང་ནས་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན་༸གོང་ས་མཆོག་གིས་རྡ་རམ་ས་ལར་སྐོང་འཚོགས་གནང་བའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ “ད་ང་ཚོས་མང་གཙོ་ཆ་ལག་ཚང་བ་ཞིག་གཉེར་བསྡད་པ་རེད་པ། སྐྱོན་བརྗོད་དང་མ་འདྲ་བ་དགོས་ཀྱི་རེད་པ། ད་ལྟའི་གཞོན་ནུ་ལྷན་ཚོགས་ལ་ཅིག་ལྟོས་དང་། དང་པོ་འགོ་བཙུགས་པ་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་དང་མཐོང་ཕྱོགས་ཞེ་དྲག་ཡོད་པ་རེད། ང་རང་གི་གཅེན་པོ་ད་ལྟ་ཕལ་ཆེར་དགོངས་ལོ ༨༥ ཡིན་བསམ་སོང་། ཁྱོད་ཚོས་ཅིག་ལྟོས་དང་། ཁོང་གིས་ང་ལ་བརྗོད་མྱོང་། ངའི་བརྩེ་བའི་གཅུང་པོ། ཁྱེད་ཀྱིས་བོད་ཀྱི་བདག་དབང་བཙོང་སོང་ཞེས་བཀའ་བཀྱོན་གནང་སོང་། གཞན་ཡང་གང་ཟག་སྒེར་བ་མང་པོས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་པ་རེད། ངའི་ཚོར་སྣང་འདི་ད་གཟོད་མང་གཙོ་ཚད་ལྡན་དང་སྤྱི་ཚོགས་གུ་ཡངས་རེད་བསམ་གྱི་འདུག”ཅེས་གསུངས་པའི་གསུང་དུམ་དེ་ལ་ཕྱིར་དྲན་དང་བསྐྱར་ལྟ་གནང་རོགས།
དོན་དག་འདི་དག་གིས་ད་གཟོད་ང་རང་ཨ་ཚོགས་ཀླུ་མཁར་བྱམས་དང་ཁོང་སྲིད་སྐྱོང་གི་འོས་མིར་ལངས་པའི་ཉེ་སར་ཁྲིད་པ་རེད། ཡིན་ད་ཡིན། རང་བཙན་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་ཁོང་ལྟ་བུ་སྲིད་སྐྱོང་འོས་མི་ཞིག་གིས་ང་རང་ཉིད་ཀྱིས་བོད་ཀྱི་འཐབ་རྩོད་ཐད་བཟུང་པའི་ལྟ་ཚུལ་ལ་རྒྱབ་སྐྱོར་གནང་བར་དགའ་ཡོད། སྲིད་སྐྱོང་གི་ལས་གནས་སུ་ཁོང་འོས་མིར་བཞེངས་པ་དེ་འོས་ཤིང་འཚམས་པའི་རྒྱུ་མཚན་ཡག་པོ་གང་མང་ཞིག་ཡོད་རེད། འོན་ཀྱང་། དེ་དག་འདི་རུ་ངའི་རྩོམ་ཡིག་ནང་འབྲི་གི་མིན་ལ་རྩོམ་ཡིག་འདི་ཁོང་སྲིད་སྐྱོང་འོས་མིར་བཞེངས་པའི་ཁྱབ་བསྒྲགས་སྤེལ་ཆེད་དུ་མིན། ང་ཚོའི་གཞི་རྒྱ་ཆེ་བའི་མང་གཙོའི་འགྲོ་ལུགས་འདིའི་ཆེད་དུ་ཡིན། ངའི་འོས་གཅིག་པུ་དེ་ཁོང་ལ་བླུགས་རྐྱང་ཡིན། བསམ་ཕྱོགས་གཅིག་ནས་ང་ལ་མཚོན་ན་ཁོང་ལ་ཐོབ་དང་ཤོར་གྱི་གནད་དོན་ནི་དེ་ཙམ་གལ་ཆེན་པོ་མིན་པར། དེ་བས་ཁོང་གིས་༸གོང་ས་མཆོག་གིས་ང་ཚོར་ཐུགས་རེ་གནང་བའི་མང་གཙོའི་ཁེ་དབང་ལ་ལོངས་སུ་སྤྱད་ནས་རང་བཙན་གྱི་ཁ་གཡང་དངོས་སུ་བསྒྲགས་ཤིང་། རང་བཙན་རྒྱབ་སྐྱོར་བ་ཚོའི་བཀག་རྒྱ་གཙབ་རལ་དུ་གཏོར་བ་དེ་ཡིན།
དེང་གི་རང་བཙན་ཐད་ལ་སྐད་ཆ་བཤད་ཕོད་མཁན་ཚོའི་ཁོར་ཡུག་ནུས་མེད་བཟོ་བཞིན་པའི་གནས་བབ་ལ། འཇིགས་ཞུམ་མེད་ཅིང་བློ་སྟོབས་ལྡན་པའི་ཁོང་རང་སྟེང་གི་གོམ་སྟབས་གཅིག་དེ་སྤོས་པ་རེད།།
ཁོང་སྲིད་སྐྱོང་གིི་འོས་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་སྤྱི་ཚོགས་ནང་དབུ་མ་དང་རང་བཙན་བར་བགྲོ་གླེང་མེད་པར་འགྱུར་བཞིན་པའི་སྐབས་འདིར། ཁོང་གིས་དབུ་མ་དང་རང་བཙན་བར་ལ་ཁ་གསལ་གཏིང་གསལ་གྱི་བགྲོ་གླེང་གི་མཁའ་དབུགས་ཤིག་བསྐྲུན་པ་རེད། ཡང་ཁོང་སྲིད་སྐྱོང་གི་འོས་མིར་བཞེངས་པའི་ལས་འགུལ་འདིས། ༸གོང་ས་མཆོག་གི་དགོངས་པར་རློམ་སྟེ་རས་ཡོལ་གྱི་རྒྱབ་ཏུ་ང་ཉིད་ཀྱི་ཞེ་འདོད་དང་བསམ་ཚུལ་གབ་ནས་མོག་མོག་དུ་གྱུར་བ་ལས། རང་རང་གི་ལྟ་ཚུལ་དང་ལངས་ཕྱོགས་ཐོག་ཤར་བསྐྱོད་ཐུབ་པའི་བསམ་བློ་ཡར་ཐོན་ཅན་གྱི་ཆབ་སྲིད་པའི་མི་རབས་ཤིག་གི་དཔུང་སྡེ་ཞིག་ཐོན་པར་གོམ་པ་མདུན་སྤོས་ཀྱི་ལམ་བུ་ཞིག་ཕྱེས་ཐུབ་པའི་རེ་བ་ཡོད།
གོམ་སྟབས་འདི་ནས། ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་༸གོང་ས་མཆོག་གིས་ཐུགས་རེ་གནང་བའི་མ་འོངས་པའི་བོད་དེ། འཁྲུག་ཆ་དོད་ཅིང་དོན་དངོས་ཆོས་སྲིད་ཐ་དད་པའི་མང་གཙོ་ཞིག་ཡོང་རྒྱུའི་འཆར་སྣང་དེ་དངོས་སུ་སྒྲུབ་ཀྱིན་ཡོད་པར་ང་ལ་དོགས་པ་མེད། དེའི་ཕྱིར་བོད་ཀྱི་མང་གཙོ་ལ་མཚོན་ན་ཁོང་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད།
གཞས་པ་ལོ་ལོ་དང་ཨ་ནེ་སངས་རྒྱས་སྒྲོལ་མ། ད་དུང་བཙོན་དུ་ཚུད་པ་ཚོ། ང་ཚོའི་ཚབ་ཏུ་རང་ལུས་མེར་བསྲེགས་གནང་མཁན་དགང་ཚོའི་སྔོན་དུ་སྐྱེ་ཞིང་ང་ཚོའི་རྒྱལ་ཁབ་ཀྱི་དོན་དུ་གཤེགས་ཟིན་པ་དག་གི་ཆེད་དུ། རང་བཙན་འདོད་མཁན་ཚོ་ཐ་ཤལ་འདྲེ་རུ་བཟོ་མཚམས་འཇོག་པར་བགྱི། ཨ་ཚོགས་ཀླུ་མཁར་བྱམས་ཀྱི་བསམ་ཚུལ་ཉན་པའི་དྲང་སྙོམ་གྱི་གོ་སྐབས་ཤིག་དང་ཁོང་གི་ལྟ་ཚུལ་འདོན་སའི་ཁོར་ཡུག་ཕྱོགས་ལྷུང་མེད་པ་རེ་མཁོ་སྤྲོད་གནང་རོགས། འོས་མི་ལེགས་ཤོས་ལ་རྒྱལ་ཁ་ཐོབ་པར་ཤོག
མ་རྩོམ་གཟིགས་ན།
http://www.phayul.com/news/article.aspx?c=4&t=1&id=36502&article=WHY+LUKAR+JAM+ATSOK+IS+IMPORTANT+FOR+TIBETAN+DEMOCRACY
རང་བཙན་དང་དབུ་མའི་ལམ་གྱི་གནད་དོན་སྐོར་གྱི་ངའི་རྩོམ་ཡིག་ཁག་གི་དྲ་ཐག་གཤམ་གསལ་ལྟར་རོ།
Links to my articles on the subject of Rangzen and Middle Way Approach:
Rethinking the Tibet movement, Seminar, April 2013: http://www.india-seminar.com/2013/644/644_tenzing_sonam.htm
The Democracy Conundrum, Himal Southasian, July 2011: http://old.himalmag.com/component/content/article/4590-the-democracy-conundrum.html
Middle Way or bust, Himal Southasian, May 2009: http://old.himalmag.com/component/content/article/738-middle-way-or-bust.html
Until the last Tibetan, Himal Southasian, April 2007: http://old.himalmag.com/component/content/article/1388-until-the-last-tibetan.html
Roadblock on the Middle Path, Himal Southasian, December 2006: http://old.himalmag.com/component/content/article/1469-Roadblock-on-the-Middle-Path.html
ལྗགས་རྩོམ་འདིས་དད་པ་ལོག་སྤྱོད་པ་ཚོར་ཁ་གྲགས་ཡ་མེད་པ་བཟོས་འདུག རྒྱལ་གཅེས་མི་དབང་ཨ་ཚོགས་ཀླུ་མཁར་བྱམས་རྒྱལ་ལོ།
རྩོམ་པ་པོས་གསུངས་པ་དེ་དེ་བཞིན་ནོ། མི་རིགས་གཅིག་གི་མདུན་ལམ་ལ་བསམ་གྱིན་ཡོད་ན་ནི་སྨན་མཆོག་ཁོ་ནའོ། འོན་ཀྱང་དད་པ་ལོག་སྤྱོད་པ་ནི་ནམ་ཡིན་ཡང་དཔྱོད་ཤེས་ཀྱི་བློ་མིག་མེད་ལ་བློ་རྒྱ་ནི་ཁབ་མིག་ལས་གུ་དོག་པས་ཚིག་ངན་གྱིས་ཆར་པ་འབེབ་རྒྱུ་གདོན་མི་ཟའོ།
མིང་དོན་མཚུངས་པའི་དམངས་གཙོའི་སྐད་ཆ་རང་རེད། ཡི་རང་ཡོད། ཡིན་ཀྱང་དེང་དུས་དམངས་གཙོའི་ལམ་གྱི་འགག་རྡོ་ཆེ་ཤོས་དེ་རྒྱལ་བ་རིན་པོ་ཆེ་ལ་མཚན་དམས་ཞུས་སང་ཟེར་ནས་ཚིགས་དེ་ལ་ཤི་ཐམ་རོ་ཐམ་བཟོ་ནས་མི་དམངས་མགོ་ཐོམས་དུ་བཅུག་པ་འདི་རེད། ཀླུ་བྱམསགཉའ་བཅག་པའི་ཆེད་དུ་རྒྱལ་བའི་མཚན་དྲུད་ཡོང་རྒྱུ་དེ་དད་པ་ལོག་སྤྱོད་པ་ཚོའི་ལག་ཆ་ཡོད་ན་མེད་ན་དེ་རེད། རང་བཙན་འཐབ་རྩོད་པ་ཞིག་རྒྱལ་བ་རིན་པོ་ཆེའི་ཁ་གཏད་ཇི་ལྟར་འགྱུར། བླུན་པོ་ཆུ་སྣ་གང་ཁྲིད་བྱེད་མི་ཉན་ཨ།
ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྒྱབ་སྐྱོར་བ་ཚོར་བཤད་རྒྱུར།
ཀླུ་མཁར་བྱམས་སོགས་བཙན་བྱོལ་གྱི་མི་ཁག་ཅིག་གིས་གོང་ས་མཆོག་ལ་མཚན་སྨད་བྱས་པའི་ཉེར་ལེན་ལ་བརྟེན། དེང་སྐབས་རྒྱ་དཔོན་ཚོས་ཡུལ་གྱུར་སྲིད་གཞུང་གི་ནང་ཆོལ་ཁ་ཆོས་ལུགས་དང་། སྐུ་དྲག གསར་རྙིང་སོགས་ཁག་དུ་མར་གྱུར་ཡོད་ཚོད་དང་། ཉམ་ཆུང་ནུས་མེད་ཁག་ཕྱིར་ལོག་བྱ་གི་ཡོད་ཚོད། དེ་མིན་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་མཁན་རྣམས་སོ་སོའི་ཁ་རྒྱབ་ལྟོ་གོས་ཆེད་ཡིན་ཚུལ། དམིགས་བསལ་བ་ཞིག་ནི་གསར་སྐྱེས་མང་པོ་ཏཱ་ལའེ་བླ་མར་དད་པ་མེད་ཚུལ། ཡུལ་གྱུར་བོད་མིའི་ཁྲོད་ཏཱ་ལའེ་ཡི་ཆེ་མཐོང་ཤུགས་ཆེན་པོ་དང་གོམ་སྟབས་ཆེན་པོའི་ཉམས་རྒུད་དུ་འགྲོ་གི་ཡོད་ཚུལ་བགྲོ་གླེང་མང་པོ་བྱས་ཏེ།
འབྱུང་འགྱུར་ཏཱ་ལའེ་བླ་མ་ཕྱི་ཡུལ་དུ་དགོངས་པ་རྫོགས་ན་ཤུགས་རྐྱེན་བསྐྱར་ལངས་བྱེད་མཁན་མེད་ཚུལ་སོགས་སྟོང་བསམ་མང་པོ་གཏོང་གི་ཡོད་ཚོད་འདུག
ཏཱ་ལེ་བླ་མའི་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་པ་དེ་ནི་ཁོ་ཚོའི་རྒྱལ་ཁ་ཡིན་ཚུལ་བཤད་ཡོད་ཚོད་འདུག སྔོན་ཆད་མི་ཞིག་གིས་ཏཱ་ལའེ་ལ་ཁ་རྡུང་བཏང་ན་ཕྱིར་ལམ་སེང་རྒོལ་ལན་སྤྲོད་ཀྱི་ཡོད་མོད། དེང་སྐབས་གོ་གནས་མཐོ་བོ་ཅན་དང་། ཡང་ན་སློབ་ཕྲུག བླ་མ། གྲྭ་བའི་ཁྲོད་ནའང་དེ་ཙམ་དོ་སྣང་བྱ་གིན་མེད་པ་ཏང་གིས་བོད་སྐྱོང་བའི་མཐུན་ལམ་ཡག་པོ་ཞིག་རེད། རིག་པ་དྭང་གསལ་གྱི་སྒོ་ནས་ནུས་ཤུགས་རྒྱ་སྐྱེད་དང་། བར་མཚམས་མེད་པར་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་རྒྱུན་འཁྱོངས་བྱས་ཏེ།
ཕྱི་བསྡོད་བོད་རིགས་སྤུན་ཟླའི་དགོས་མཁོ་སྐོང་བ་དང་། རེ་བ་གསན་པ། མངོན་པར་མི་གསལ་བའི་མཐུན་རྐྱེན་སྦྱོར་དགོས་ཚུལ་སོགས་གསང་རྒྱའི་ཚོགས་འདུ་སོགས་སུ་གླེང་ཡོད་ཚོད་འདུག་ན།
རང་ཉིད་ཀྱི་མཐའ་སྐོར་ནའང་རང་ཤ་ཟ་མཁན་གྱི་ཁྱི་ཡོད་པ་མངོན་སུམ་བསྙོན་མེད་རེད།
དོན་ངོ་མར་རྒྱལ་བ་རིན་པོའི་ཆེའི་མཚན་སྙན་གྲགས་འཛམ་གླིང་ཁྱོན་ལ་ཡོངས་སུ་གྲགས་ཡོད་མོད།
བཙན་བྱོལ་སྤྱི་ཚོགས་ནང་རྒྱལ་རིན་པོ་ཆེ་ལ་མཐོང་ཆུང་ཁྱད་གསོད་ཀྱི་རྣམ་པ་ཞིག་མངོན་ཡོང་གི་འདུག དེ་དག་ཚང་མ་རྒྱ་ཕྱོགས་ཀྱི་མི་ཡིན་མི་སྲིད་མོད། ཁག་ཅིག་གིས་རྒྱ་ཕོགས་ཀྱང་ལེན་མ་ཐུབ་པར་རང་ཉིད་ནག་ཁུངས་ནང་འཇུག་གི་མེད་དམ་བསྙམ། དོན་ངོ་མས་རང་མི་རིགས་ལ་ཤ་ཚ་རུས་ཞེན་ཡོད་མཁན་ཞིག་ཡིན་ན་བསམ་བློ་གཏོང་རན་འདུག མང་པོ་མི་བཤད་འགུལ་བསྐྱོད་ཆེན་པོ་ཞིག་ལངས་རྒྱུ་ཉག་ཅིག་རེད།
མང་གཙོ་རིན་ཐང་བཤད་པ་འགྲིག ཨ་ཚོགས་ཀླུ་བྱམས་ཀྱི་སྲིད་སྐྱོང་མི་འཇོན་པ་དེ་ཤེས་མི་འདུག གཡག་ཞར་རང་ཆགས་འདུག
ཀླུ་བྱམས་ནས་སྲིད་སྐྱོང་མི་འཇོན་པ་མི་ཤེས་ཟེར་བ་དེ་ལ་བདེན་པ་དེ་ཙམ་མིན་འདུག། ང་ལ་ངོ་རྒོལ་མ་གཏོགས་འཆར་གཞི་མེད་ན་སྲིད་སྐྱོང་འོས་མི་རུ་མདུན་དུ་ཐོན་གི་མ་རེད། ཅེས་སྤོབས་པའི་ངང་ནས་བཤད་གིས་འདུག་ག། མི་ཤེས་ངོ་མ་དེ་ག་རེ་ཤེས་ཡོད་ས་མ་རེད་ཟེར་ན་རང་བཙན་གྱི་དོན་དུ་ལས་འགུལ་སྤེལ་ན་རྒྱ་བོད་གཉིས་ཀའི་མིག་ནང་གི་ཚེར་མ་ནང་བཞིན་དགྲ་རུ་མཐོང་རྒྱུ་ཡིན་པ་དེ་ཤེས་མེད་པ་འདྲ། ཨ་ཁ་ཀླུ་བྱམས་འདི་རྒྱལ་ཁབ་གྱི་དོན་དུ་གྱོང་དང་ཕམ་ཁ་ཉོ་འདུག་མཁན་ཅིག་ཡིན་ས་རེད།
དགྲ་ལྷ་ནག་པོ་ཅན། དེང་སྐབས་རྒྱ་གཞུང་གི་ལྕེ་ཡོད་ལ་མེད་ལ་དེ་ཨ་མཆོག་བླ་མ་སོགས་རེད་མ་གཏོགས་མི་དབང་ཀླུ་མཁར་བྱམས་ག་ལ་ཡིན། ཁོང་ནི་བོད་རང་བཙན་གྱི་དར་ཆ་རེད།
ཉོན་དང་ལྟོས་དང་། ཨ་མདོ་རྔ་བའི་ནང་དུ་རང་དབང་མི་འདུག ཆོས་དད་མི་འདུག བདེ་སྐྱིད་མི་འདུག འཕེལ་རྒྱས་མི་འདུག་ཅེས་མེར་བསྲེག་ངོ་རྒོལ་བྱུང་གིན་པ་རེད་ལ། རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་འདྲ་མང་པོ་ཞིག་གཤེགས་ཚར་རེད། ཨ་མཆོག་བླ་མས་ཕ་ཡུལ་དུ་ཆོས་དད་འདུག འཕེལ་རྒྱས་འདུག རང་དབང་འདུག བདེ་སྐྱིད་འདུག་རྒྱལ་སྤྱིའི་གསར་ལམ་ཁག་ནང་ལབ་ཀྱིན་པས་བོད་མི་ས་ཡ་དྲུག་དགྲ་ལ་བཅད་པ་མ་རེད་དམ། རྒྱ་མིའི་གཞུང་གི་མངོན་འདོད་སྒྲུབ་པ་མ་རེད་དམ། ད་ལྟའི་བར་དུ་དོལ་རྒྱལ་ཚོགས་པས་ཀྱང་བོད་ནང་དེ་འདྲ་འདུག་ཅེས་ལབ་མྱོང་ཡོག་མ་རེད་ད།
རྒྱལ་བ་རིན་པོ་ཆེ་རྒྱལ་བཙོང་བ་དང་ཀླུ་མཁར་བྱམས་རྒྱལ་གཅེས་པ་ཞིག་ཆགས་ཡོང་དུས། ཉི་མ་དེ་ནུབ་རིའི་རྩེ་ནས་སེར་སྒར་རེ་ཤར་ཡོང་བ་དང་། ཆུ་བོ་དེ་རི་བོའི་རྩེ་རུ་སྔོ་ཤར་རེ་འབབ་འགྲོ་བ་བརྒྱ་ཆ་བརྒྱ་རེད། ཧཧ
ཕྱི་ལོ་༢༠༠༨ ལོར་བོད་ནང་ནས་ཞི་རྒོལ་ཆེན་མོ་བྱུང་བ་དང་བསྟུན་༸གོང་ས་མཆོག་གིས་རྡ་རམ་ས་ལར་སྐོང་འཚོགས་གནང་བའི་གསར་འགོད་ལྷན་ཚོགས་ཤིག་གི་སྟེང་ “ད་ང་ཚོས་མང་གཙོ་ཆ་ལག་ཚང་བ་ཞིག་གཉེར་བསྡད་པ་རེད་པ། སྐྱོན་བརྗོད་དང་མ་འདྲ་བ་དགོས་ཀྱི་རེད་པ། ད་ལྟའི་གཞོན་ནུ་ལྷན་ཚོགས་ལ་ཅིག་ལྟོས་དང་། དང་པོ་འགོ་བཙུགས་པ་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་དང་མཐོང་ཕྱོགས་ཞེ་དྲག་ཡོད་པ་རེད། ང་རང་གི་གཅེན་པོ་ད་ལྟ་ཕལ་ཆེར་དགོངས་ལོ ༨༥ ཡིན་བསམ་སོང་། ཁྱོད་ཚོས་ཅིག་ལྟོས་དང་། ཁོང་གིས་ང་ལ་བརྗོད་མྱོང་། ངའི་བརྩེ་བའི་གཅུང་པོ། ཁྱེད་ཀྱིས་བོད་ཀྱི་བདག་དབང་བཙོང་སོང་ཞེས་བཀའ་བཀྱོན་གནང་སོང་། གཞན་ཡང་གང་ཟག་སྒེར་བ་མང་པོས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་པ་རེད། ངའི་ཚོར་སྣང་འདི་ད་གཟོད་མང་གཙོ་ཚད་ལྡན་དང་སྤྱི་ཚོགས་གུ་ཡངས་རེད་བསམ་གྱི་འདུག”ཅེས་གསུངས་པའི་གསུང་དུམ་དེ་ལ་ཕྱིར་དྲན་དང་བསྐྱར་ལྟ་གནང་རོགས།
རྩོམ་ཡིག་རྨད་དུ་བྱུང་བ་ཞིག་བྲིས་འདུག གྲྭ་ལོག་ཁ་ཤས་ཀྱི་མུག་སྐད་ལས་གནས་ལུགས་ཁྲི་ཕྲག་འདུག
རྩོམ་འགྲོས་ཡག་ཙམ་འདུག འོན་ཀྱང་ཁོང་ཡང་ཞིབ་འཇུག་ཡག་པོ་མི་བྱེད་མཁན་ཞིག་ཡིན་པ་ཐག་བཅད་ཆོག གང་ཡིན་ཟེར་ན་རྩོམ་ཡིག་ནང་༼ཆབ་སྲིད་ཀྱི་འགན་གནད་ནས་༸གོང་ས་མཆོག་གློ་བུར་དུ་དགོངས་པ་ཞུས་རྗེས་༽ཅེས་བྲིས་འདུག གནད་དོན་དངོས་ནི་༸གོང་ས་མཆོག་གིས་འགན་དབང་ཆ་ཚང་སྲིད་སྐྱོང་བློ་སེང་ལ་རྩིས་སྤྲོད་མ་གནང་བའི་གོང་གི་ལོ་བཅུའི་རིང་དུ་ཕྱེད་རྒན་ཡོལ་ཞེས་པའི་གསུང་ཚིག་དེ་བེད་སྤྱོད་གནང་ཡོད། དེ་ནི་ཏག་ཏག་མི་དམངས་ཀྱི་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་དུས་སྐབས་ནང་རེད། དོན་དག་ཧ་ཅང་འགངས་ཆེ་ས་མ་གཏོགས་མང་ཆེ་བ་བཀའ་བློན་ཁྲི་པས་ཐུགས་འགན་བཞེས་ཏེ་ཐག་ཆོད་གནང་ཡོད། དེའི་རིང་༸གོང་ས་མཆོག་གིས་མང་ཚོགས་ནས་ཐད་ཀར་འོས་འདེམས་ཞུས་པའི་འགོ་འཁྲིད་ལ་གོམས་བགྲོད་སློབ་གནང་བའི་དུས་སྐབས་ཞིག་ཀྱང་བརྗོད་ཆོག དེ་རྗེས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་གནང་ནས་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའི་གསུང་ཚིག་དེ་བེད་སྤྱོད་གནང་ཡོད། ཁྱེད་རང་རང་གི་འོལ་ཚོད་དམ་འཆལ་གཏམ་ནང་བཞིན་གློ་བུར་དུ་སྐུ་དབང་རྩིས་སྤྲོད་གནང་བ་རེད་འདུག་གམ དྲང་པོར་ཞུས་ན་ཁྱོད་ཀྱི་འཆལ་གཏམ་དེ་ཡང་མཚན་སྨད་ཞུས་པ་རེད་མི་འདུག་གམ། འོ་ན་དེ་ལའང་མང་གཙོའི་ཐོབ་ཐང་ཟེར་ན་འགྲིག་གམ། ད་དུང་ཁྱོད་འདྲ་བ་དེ་ཚོས་རྟག་ཏུ་མི་བདེན་རྫུན་སྒྲིག་བྱེད་སྲོལ་གཅིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་མི་སྣས་རང་བཙན་འཐབ་རྩོད་པ་འབུར་འཇོམས་བྱེད་ཀྱི་ཡོད་ཚུལ་ཤོད་མུས་རེད། དོན་དངོས་ཐོག་འབུར་འབོམས་བྱས་པའི་གནད་དོན་ངོ་མ་གཅིག་སྟོན་དང་། ཕལ་ཆེར་ཁྱེད་ནས་དེ་སྔོན་ཟམ་གདོང་རིན་པོ་ཆེས་ཕྱི་རྒྱལ་དུ་གནང་བའི་བཀའ་སློབ་དེ་བསྟན་སྲིད། འོན་ཀྱང་བློ་གཟུ་བོར་གནས་ནས་རིག་པ་དྭངས་གསལ་ཐོག་གསུང་ཆ་ཚང་ཀློག་རྗེས་གཞི་ནས་སྐྱོན་བརྗོད་གནང་ན་ཁ་དཀྲི་འདོགས་ས་གང་ཡང་མེད། ལར་ནས་ཁྱོད་འདྲ་བའི་རང་བཙན་ནང་རྩོད་པ་འགའ་རེས་དབུ་མའི་ལམ་ལ་འདུན་ལམ་མེད་རབས་དང་། དབུ་མའི་ལམ་རྒྱ་མིའི་མགོ་སྐོར་ལ་ཚུར་རབས་སོགས་ཁ་ནས་གང་ཐོན་ལབ་ཆོག་ན་ཅིའི་ཕྱིར་གཞུང་འཛིན་མི་སྣས་རང་བཙན་འཐབ་རྩོད་ཁ་ལ་འཁྱེར་མཁན་ཚོར་ཚོགས་གཏམ་གཏོང་མི་ཆོག་པ་ཡིན་ནམ། ད་དུང་བོད་ནང་རང་ལུས་མེར་བསྲེག་གི་ལས་འགུལ་ནང་དངོས་སུ་བཞུགས་མཁན་མི་གྲངས་ཉི་བརྒྱ་མ་ཟིན་ཙམ་ནང་ཁྱེད་རང་ལ་དགོས་པའི་དཔའ་བོ་གཅིག་མ་གཏོགས་མ་རག་པ་ཡིན་ནམ། མ་གཞི་ངས་ནི་ཨག་ཚོགས་ཀླུ་མཁར་བྱམས་ལ་ལེགས་ཉེས་ཀྱི་ཚད་ཐིག་འཇལ་གྱི་མེད་ཀྱང་རྒྱབ་སྐྱོར་བ་ཡིན་ཟེར་མཁན་རེ་ཟུང་གིས་ཁ་ནས་གང་ཐོན་ཤོད་ཀྱི་འདུག་པས་གཅིག་བྱས་ན་དེས་ཀླུ་བྱམས་ལ་ལྡོག་ཕྱོགས་ཀྱི་ནུས་པའང་ཐོན་མི་སྲིད་པ་མིན། དེ་ནི་རང་ཉིད་ཀྱི་བསམ་ཚུལ་རང་ཡིན།
རེད། རྒྱ་ནག་ཁོང་ཁྲོ་བསླངས་ནས། བོད་དོན་འགྲུབ་ཐུབ་ན། ཀླུ་མཁར་འབྱམས་གལ་ཆེན་པོ་ཡིན་བགྱིད་རེད། དེ་མིན་ཕན་ཐོགས་མེད་པའི་མི་གཅིག་རེད་དོ།།
འཇམ་ནོར་དང་། ལྷག་བསམ་གྱིས་བོད་དོན་ལ་མ་ཕན་པ་ལྟར། ཀླུ་འབྱམས་ཀྱང་སླེབས་ས་གཅིག་པ་རེད།
དོལ་ཚོགས་སྡུག་པོ་ཡིན་པ་ཤོད་རྒྱུ་མེད།
ཨ་མཆོག་ཡག་པོ་ཡིན་པའང་ཤོད་རྒྱུད་མེད།
རྩམ་པ་ཞིབ་པོ་ཉིན་མ་ཇེ་སོང་རྗེས།
བདེན་པའི་གནས་ལུགས་ཤར་རི་ཕྲག་ནས་ཤར།
ད་བསྒུག་ནས་བལྟ་སྡོད་རྒྱུ་རེད་འདུག
ཀླུ་མཁར་བས་སྲིད་དོན་གྱི་བསམ་ཚུལ་ཇི་བཟུང་ལ་རྙོག་གླེང་མེད། འོན་ཀྱང་རང་བཙན་ལེན་རྒྱུ་ཡོད་ན། ཧི་མ་ལ་ཡའི་ཕ་རོལ་དུ་ཡོད་པའི་བོད་དང་བོད་མི་རིགས་ཚལ་བུར་བཏང་དང་གཏོང་བཞིན་པའི་རྒྱ་དམར་གྱི་ལག་ནས་བླང་དགོས། ངོས་ལྟ་བུ་བོད་ལྗོངས་ལས་ཁ་བྲལ་ཏེ་ཕྱི་རྒྱལ་དུ་སྐྱབས་བཅོལ་དུ་སྡོད་མཁན་སྲིད་དོན་གྱི་བསམ་བློ་ཐ་དད་པ་ཅན་པ་དག་གི་ལག་ན་མེད། ལྷག་པར་བོད་མི་རིགས་ཀྱི་གཅེས་པའི་སྤྱི་ནོར་༸གོང་ས་མཆོག་གི་ཕྱག་ནའང་རང་བཙན་གནང་རྒྱུའི་ནུས་པ་མེད། དེ་ལྟར་ཡོད་ན་༸ཁོང་གིས་སྔ་ས་ནས་བླངས་ཟིན་ཡོད། ངོས་བོད་མི་རྩམ་གཟན་པ་སུའང་རང་བཙན་ལ་དགའ་ཞིང་གཞན་གྱི་འོག་ཏུ་སྡོད་འདོད་མེད། འོན་ཀྱང་སྐབས་བསྟུན་གྱི་གནས་བབ་ལས་རང་གི་མི་རིགས་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྩོད་པ་རྒྱག་རྒྱུའི་ལག་ཆ་ལེགས་ཤོས་དེ་དབུ་མའི་ལམ་ཡིན་པས་དེ་ལྟར་བྱེད་བཞིན་ཡོད།
ཀླུ་མཁར་བས་༸གོང་ས་མཆོག་ལ་ཟུར་ཟ་དང་མི་དགའ་བའི་རྣམ་འགྱུར་བསྟན་པ་རྣམས་ཁོ་པའི་འབྲི་རྩོམ་དག་ལས་ཤེས་ཐུབ། འབྲི་རྩོམ་དེ་དག་ལྷ་ཡུལ་ལམ་ཀླུ་ཡུལ་དུ་མེད་ཅིང་ང་ཚོའི་སྤྱི་ཚོགས་ཀྱི་ཁྲོད་དུ་ཡོད། ཀླུ་མཁར་བ་ཁྱེད་ཀྱིས་རང་བཙན་རྩོད་དགོས་ན། རྩོད་སའི་ས་དེ་གང་ན་ཡོད་པ་ཤེས་དགོས། དེ་ལྟར་ཤེས་མཚམས། ཁྱེད་ནས་རང་བཙན་བླང་ཆེད་ཐབས་འཇུས་དང། ཞི་དྲག་དང། རྒྱལ་ཁབ་གང་གི་རོགས་ལ་བརྟེན་ནས་བླང་རྒྱུ་ཡིན་པ་སོགས་གསལ་པོར་བཟོ་དགོས། དེ་ལྟར་གྱི་འཆར་གཞི་དོན་འབྲས་བྱིན་ཐུབ་པ་ཞིག་ཤོད་རྒྱུ་ཡོད་ན་མ་གཏོགས། རང་ཉིད་གཞན་གྱི་ལག་ཆར་ཚུད་དེ། དགྲ་བོ་ངོ་མ་དེ་ཧི་མ་ལ་ཡའི་རི་བོའི་ཕ་རོལ་དུ་བཞག་སྟེ། དམག་འཐབ་རང་ངོར་བརྒྱབ་དང་རྒྱག་བཞིན་པ་ནི་བསམ་ཤེས་ཅན་དུ་མི་གོ
སྤྱིར་དབུ་མ་པའམ་རང་བཙན་པ་གང་ཡིན་ཡང་རང་ཉིད་ཀྱི་བསམ་ཚུལ་བཟུང་ཆོག འོན་ཀྱང་༸གོང་ས་མཆོག་ལ་འཕྱ་སྨོད་དམ་ཟུར་ཟ་བྱེད་པ་དེ། བོད་པ་རྩམ་གཟན་ལས་དང་རྒྱུ་འབྲས་འཕེར་བ་ཞིག་གི་ལས་ཀ་མ་ཡིན། དེ་ནི་རྒྱ་དམར་རམ་བོད་མིའི་ལས་ངན་ལས་བྱུང་བའི་གདོན་འདྲེ་དག་གི་སྒོར་མོའི་འཕྲུལ་ལས་བྱུང་བ་ཡིན་པ་ཤེས་རྟོགས་ཐུབ། གལ་ཏེ་དེ་ལྟར་མ་ཡིན་ཞིང་བོད་མི་ཞིག་ཡིན་ཚེ། བོད་མི་རིགས་ཀྱི་ཞབས་འདྲེན་པ་ཞིག་དང་མི་ལུས་སུ་སྐྱེས་ཀྱང་མི་ལུས་ཀྱི་གོ་མ་ཆོད་པ་ཞིག་ཡིན། བོད་ཆག་འཇིག་གི་དུས་འདིར་ཁྱེད་འདྲ་བ་བོད་མི་ཞིག་ལ་སྐྱེ་བ་བླངས་པ་དེ་བོད་མིའི་བསོད་ནམས་ཟད་པའི་རྟགས་ཁོ་ནའོ།།
http://bangchen.net/སྤྱི་ཚོགས་ནང་མཛད་རྗེས་/
ཁ་བྱང་འདི་ཡི་སྟེང བསྣོན་ནས་གཟིགས་རོགས།