འབེལ་རྩོམ་གྱི་སྤྱི་བཤད།
བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་ཕྱོགས་བསྡེབས་<<ཤམ་མ་ལའི་ཁྲག་སྡོང་>>མ་ཐོན་པའི་སྔོན་ལ་གྲོགས་བོན་རྒྱ་བའི་འབེལ་རྩོམ་ཞིག་ལ་ངས་ངོས་འཛིན་ཞིག་བྱས་པ་ཡིན། ངོས་འཛིན་དེའི་སྙིང་དོན་ནི་ “རྣོ་བ་” “འབིགས་པ་” “འཕྱོ་བའི་སེམས་གཤིས་བསྐྲུན་པ་“བཅས་ཡིན། ཁོང་གིས་འབེལ་རྩོམ་ཆེད་དེབ་<<ཤམ་མ་ལའི་ཁྲག་སྡོང་>>དཔར་བསྐྲུན་མ་གྲུབ་པའི་སྔོན་དུ་གུས་པོར་རྩོམ་ཟིན་གནང་སྟེང་དགག་སྒྲུབ་རྩོམ་ཡིག་འབྲི་དགོས་པའི་སྐུལ་མ་གནང་བྱུང་། ངས་ཐེངས་ཁ་ཤས་བཀླགས་ཀྱང་རྩོམ་ཡིག་འདི་དག་ལས་སྒྱུ་རྩལ་གྱི་ཚོར་བ་མ་བྱུང་བར། ཧ་ཅང་ལྗིད་ཁོག་ཅན་གྱི་ཐག་གཅོད་ངའི་ཀླད་པའི་ནང་དུ་ཤུགས་ཀྱིས་བརྫངས་སོང་། <<ཤམ་མ་ལའི་ཁྲག་སྡོང་>>གི་ཇ་སྟོན་འདུ་འཛོམས་ “སྙན་ངག་གི་ཁ་རླངས་” སྟེང་དུ་ངས་”ཤམ་མ་ལའི་ཁྲག་སྡོང་གི་གཏན་ཚིགས་རིག་པ་”ཟེར་བའི་བརྗོད་གཞི་ཞིག་གྲ་སྒྲིག་གིས་རང་གི་ནུས་ཚོད་རེ་བཤད་པའི་འཆར་གཞི་ཡོད་ཀྱང་། གཙོ་སྐྱོང་བའི་གོ་སྒྲིག་འཁོར་ཕྱོགས་དང་། འདུ་འཛོམས་པའི་དྲི་བ་ངས་འབེལ་རྩོམ་ལ་”ཚོར་བ་ཐད་སྤྲས་”ཞེས་མིང་དུ་གདགས་པའི་སྟེང་འཁོར་བ་མ་ཟད། མཐའ་མ་ང་ལ་ཞང་ཞུང་ཆོས་དབང་གྲགས་པའི་<<རཱ་མ་ཎིའི་རྟོགས་བརྗོད་>>ལས་ཐོན་པའི་”ཕག་ཀྱི་ལ་ཏི་”ཟེར་བ་དེ་སྙན་ངག་གིས་ཀློག་པ་པོར་བཏོན་པའི་དྲི་བ་ཡིན་མིན་ཡང་གསུངས་ཀྱི་འདུག་པས་ང་རང་ལྕགས་ཀྱི་དེའུ་འབུར་ཆེན་པོ་གཉིས་ཀྱི་དབར་དུ་ལྷུང་བའི་ཚོར་སྣང་གིས་ཐང་ཆད་པར་གྱུར། ངས་གསར་རྟོགས་བྱུང་བའི་ཁྲག་སྡོང་གི་གཏན་ཚིགས་ཀྱང་མགྲིན་པའི་སྦུག་རྒྱ་དོག་མོ་ལས་བདེ་བར་གཟིམ་སྟེ་ད་ལྟའི་བར་དུ་བསྡད།
གཏན་ཚིགས་ཀྱིས་སྒྱུ་རྩལ་ལ་ཤེས་རྟོགས་བྱེད་པར་གནོད་ཀྱི་ཡོད་ཟེར་ན་སུ་ཞིག་གིས་ཡིད་ཆེས་བྱེད་ཐུབ། དེ་ནི་ཏན་ཏན་ཡིན་ཡང་། ཕལ་ཆེར་ད་ལྟའི་བར་དུ་གཏན་ཚིགས་རིག་པ་དང་སྒྱུ་རྩལ་རིག་པའི་དབར་དུ་མི་མཐུན་པ་དང་འགལ་བའི་གནས་ལུགས་ཤིག་ཡོད་པ་བོད་ཡིག་རྩོམ་འབྲི་བས་བརྗོད་མྱོང་མེད་པ་འདྲ། འོན་ཀྱང་། འདི་ནི་གཞི་རྩའི་ཆ་ནས་ཡིན་པ་ལས་སྙན་ངག་བྱེ་བྲག་པའི་སྟེང་དུ་གཏན་ཚིགས་དང་སྒྱུ་རྩལ་མཉམ་འཛོམས་བྱེད་ཐུབ་ཀྱི་ཡོད། <<ཤམ་མ་ལའི་ཁྲག་སྡོང་>>(གཤམ་ནས་ཁྲག་སྡོང་ཞེས་བཀོད་རྒྱུ)དུ་གོ་གནས་ཆེན་པོ་བཟུང་ཡོད་པའི་<<འབེལ་རྩོམ་རིན་པོ་ཆེ་>>ནི་གཏན་ཚིགས་དང་སྒྱུ་རྩལ་མཉམ་བསྡུས་ཀྱི་རྩོམ་ཡིག་ཅིག་ཡིན་ཞིང་། “ཆིག་སྒྲིལ་ལྕགས་ཀྱི་ཐག་པ་དེ་ཡང་འདི་ཡིས་ཡང་ཡང་བརྡུངས་པར་སྐད་”ཅེས་རྒྱུ་འབྲེལ་གྱི་བྱུང་རིམ་ལྡན་པ་དང་འཆར་སྣང་གི་ཚོར་བ་མང་པོ་སྤྲོད་པའི་གཟུགས་ཅན་གྱི་དངོས་པོ་ཞིག་ལས་སྐད་ཡིག་གི་ཁྱད་ཆོས་སེམས་སུ་འཇོག་པར་བྱེད་པ་འདི་ལས་ང་ཚོས་ཚོར་ཐུབ། ལྷག་པར་ཏུ། ཚིག་རྐང་འདིར་སྙན་གཞུང་<<མེ་ལོང་མ་>>ལས་བསྟན་པའི་མཚུངས་གསལ་གྱི་སྒྲ་ལྟ་བུ་བེད་སྤྱོད་མ་བཏང་བར་ཆིག་སྒྲིལ་དེ་ཉིད་ལྕགས་ཀྱི་ཐག་པ་དང་ངོ་བོ་གཅིག་པའམ་ཁྱད་ཆོས་གཅིག་པར་བཞག་སྟེ་ཆིག་སྒྲིལ་དང་ལྕགས་ཀྱི་ཐག་པའི་དབར་དུ་དགར་ཚིག་མ་བཀོད་པར་མིའི་སེམས་སུ་དམ་པར་བཞག་པ་མ་ཟད། ལྕགས་ཐག་དེ་ཉིད་སྐད་དང་ཡི་གེས་བསྐྲུན་པའི་གཏན་ཚིགས་བཀོད་ཡོད།
ཁོང་གི་འབེལ་རྩོམ་གྱི་ནང་དུ་འདི་ལྟ་བུའི་མཚན་ཉིད་རིག་པའི་རིག་སྟོབས་ཀྱིས་ཁྱབ་ཡོད་ཅིང་། འདི་ལྟ་བུའི་ངར་ཤུགས་ཀྱིས་བླ་ན་མེད་པའི་སྒྱུ་རྩལ་དེ་ཡང་གཏན་ཚིགས་ཀྱི་བྲན་གཡོག་ལྟ་བུར་གྱུར་ཡོད། འོན་ཀྱང་། འདི་བོད་ཀྱི་མཚན་ཉིད་རིག་པ་བ་ཞིག་གིས་སྒྱུ་རྩལ་ལ་གཉའ་གནོན་བྱས་པར་མི་བརྩི་བར་”འབེལ་རྩོམ་”གྱི་ཁྱད་ཆོས་ཏེ་དམིགས་གསལ་ཁྱད་གཤིས་སུ་ངོས་འཛིན་བྱེད་དགོས། དངོས་གནས་<<ཁྲག་སྡོང་>>དུ་བཀོད་པ་ལྟར་”འབེལ་རྩོམ་ནི་རིགས་པ་མཐའ་ཡས་པས་གཅུན་པའི་སྒྱུ་རྩལ་རྩོམ་རིག་”ཅིག་རེད་འདུག ཡིན་ཡང་། ཁྱད་ཆོས་འདིའི་སྟེང་དུ་ད་དུང་ཁོང་གིས་”ཡང་དག་པ་”ཞེས་པ་ཞིག་བྲིས་ཡོད། དེ་ཉིད་ཁོ་བོས་ངོས་ནས་བརྗོད་མི་ཤེས།
ཁོ་བོས་<<གླེགས་ཐག་བཀྲོལ་བའི་ཤམ་མ་ལའི་ཁྲག་སྡོང་>>དུ་བོན་རྒྱ་བའི་འབེལ་རྩོམ་གྱིས་བདེན་པ་བརྗོད་པར་བྲེལ་བའི་སེམས་འཚབ་ཀྱིས་སྒྱུ་རྩལ་རྩོམ་རིག་གི་གནས་སྟངས་ལ་དོ་ཕོག་བཏང་ཡོད་པར་བྲིས་ཡོད། འདི་ནི་ཧ་ཅང་བདེན་དེ་འབེལ་རྩོམ་གྱི་ཁྱད་གཤིས་ལྟར་ན་འཆར་སྣང་ཡོད་ཚད་གཏན་ཚིགས་ཀྱིས་བཙོ་སྦྱང་བྱས་ཏེ་རིགས་པ་མཐའ་ཡས་པའི་གཅུན་པའི་རྩོམ་ཡིག་ཏུ་བཞེངས་ཀྱི་ཡོད། འབེལ་རྩོམ་གྱིས་ནམ་ཡང་”འདམ་སྙིགས་གསེར་དུ་མི་བསྒྱུར་”ལ་ཞོགས་པའི་རྩྭ་ཟིལ་”གནས་འགྲོ་མའི་མིག་ཆུ་”རུའང་བརྗོད་མི་སྲིད། དེའི་རྐྱེན་གྱིས་སྒྱུ་རྩལ་རྩོམ་རིག་པའི་སྙན་ངག་དང་མཚན་ཉིད་སྨྲ་བའི་སྙན་ངག་པའི་བརྩམས་ཆོས་གཉིས་ཀྱི་སྟེང་དུ་གཞི་རྩའི་མ་འདྲ་བ་ནི། དང་པོས། གཏན་ཚིགས་(སྒྱུ་རྩལ་རྩོམ་རིག་ལས་སྙན་ངག་གི་གཏན་ཚིགས་མིན། )ལ་དོ་སྣང་མི་བྱེད་པ་མ་ཟད། འཇིག་རྟེན་ཀྱི་གྲགས་པའི་རྣམ་གཞག་ལའང་ཆེར་མི་བསྟུན་པར་”ཟླ་བའི་ཚ་ཟེར་”ལྟ་བུ་བརྗོད་ཐུབ་ལ། མཚན་ཉིད་སྨྲ་བའི་སྙན་ངག་པའི་བརྩམས་ཆོས་ཀྱིས་”འབྲེལ་བའི་ཆོས་ཉིད་”དང་། “གཏན་ཚིགས་”གཙོ་བོར་འཛིན་པ་མ་ཟད། “རྗེས་འདེད་རིིགས་རྟོག་གི་དྲི་བའང་”འདོན་པ་ཡིན། འདི་ལ་རྒྱུ་མཚན་གྱི་སྙན་ངག་ཅེས་ཀྱང་ཟེར་ཆོག་ལ་བོད་ཀྱི་མཚན་ཉིད་རིག་པའི་རིགས་སྟོབས་ལས་བྱུང་བ་རེད།
དངོས་གནས་རེད། བརྩམས་ཆོས་གང་ཞིག་ཡིན་ཡང་དེ་ལ་མྱོང་རྒྱུས་ཡོད་མཁན་ཞིག་གིས་འདི་ལྟར་གླེང་དཔྱད་དང་ཕྲན་དཔྱད་བྲིས་ན། འབྲི་མཁན་དང་ཀློག་པོ་སོགས་ཕན་ཁེ་ཡོད་པ་ལས། མིག་གཤར་གཅིག་གིས་གཏིང་རུམ་བསྔོག་རྒྱུ་ཟེར་མཁན་དང་མཐོང་བ་ཙམ་གྱིས་རྨང་ནས་མཁྱེན་པར་འདོད་པའི་མཆན་པ་དང་རྩོམ་མཁན་དག་ལ་ཞོར་ནས་འགྲམ་ལྕགས་ཚ་བེར་བ་ཞིག་གཞུས་འདུག ཁྱོད་ཀྱིས་འདི་ནས་ཚན་བཤུས་ལས་ཆ་ཚང་བཀོད་མེད་པས་རིམ་བཞིན་ཆ་ཚང་རིམ་འགྲེམས་ཡོང་བའི་རེ་བ་ཡོད།
དངོས་གནས་རེད། བརྩམས་ཆོས་གང་ཞིག་ཡིན་ཡང་དེ་ལ་མྱོང་རྒྱུས་ཡོད་མཁན་ཞིག་གིས་འདི་ལྟར་གླེང་དཔྱད་དང་ཕྲན་དཔྱད་བྲིས་ན། འབྲི་མཁན་དང་ཀློག་པོ་སོགས་ཕན་ཁེ་ཡོད་པ་ལས། མིག་གཤར་གཅིག་གིས་གཏིང་རུམ་བསྔོག་རྒྱུ་ཟེར་མཁན་དང་མཐོང་བ་ཙམ་གྱིས་རྨང་ནས་མཁྱེན་པར་འདོད་པའི་མཆན་པ་དང་རྩོམ་མཁན་དག་ལ་ཞོར་ནས་འགྲམ་ལྕགས་ཚ་བེར་བ་ཞིག་གཞུས་འདུག ཁྱོད་ཀྱིས་འདི་ནས་ཚན་བཤུས་ལས་ཆ་ཚང་བཀོད་མེད་པས་རིམ་བཞིན་ཆ་ཚང་རིམ་འགྲེམས་ཡོང་བའི་རེ་བ་ཡོད།
གྲོགས་རས་པ་ལགས། བོན་རྒྱའི་འབེལ་རྩོམ་གྱི་ཁ་བྱང་། ཤལ་མ་ལའི་ཁྲག་སྡོང་རེད་དམ། ཡང་ན་ཤལ་མ་ལིའི་ཁྲག་སྡོང་རེད། ཤལ་མ་ལི་ཞེས་པའི་ཐ་སྙད་འདི་ཡོངས་གྲགས་ཡིན་ཏེ། ཞི་བ་ལྷས་གསུང་པར་གྲག་པའི་སྤྱོད་འཇུག་གི་ལེའུ་བཅུ་པར། ཤལ་མ་ལི་ཡི་སྡོང་པོ་ཡང་། ཞེས་པ་ལྟ་བུ་རེད། ཤལ་མ་ལ་ཡིན་ན་དེའི་གོ་དོན་ཅི་ཡིན། ཡང་ན་ཐ་སྙད་དེའི་འབྱུང་ཁུངས་གང་ན་ཡོད་པའི་འགྲེལ་ཐུང་ངུ་ཞིག་གནང་རོགས།
ད་དུང་མཚན་ཉིད་རིག་པའི་སྙན་ངག་ཅེས་པ་ནི། འབེལ་རྩོམ་གྱི་ཕྱོགས་གང་སར་གཏན་ཚིགས་ཀྱིས་ཁྱབ་པས་རེད་དམ་ཡང་ན། གལ་སྲིད་དེ་འདྲ་ཡིན་ན། དེ་ལྟའི་རྩོམ་ཡིག་མང་པོ་ཡོད་པས། དེ་རིགས་ཚང་མར་མཚན་ཉིད་རིག་པའི་སྙན་ངག་ཅེས་འབོད་དགོས་སམ།
སྐྱ་མདའ་ལགས་ལ་དགོངས་སེལ་དང་བསྒྲགས་ཞུ་རྒྱུར། ཡིན་རྒྱུ་ནི་ཤལ་མ་ལིའི་ཁྲག་སྡོང་རེད་འདུག་ཀྱང་གུས་པར་ཡིག་ནོར་ཐེབས་ཏེ་ལ་ཡི་གུ་གུ་ཆད་འདུག་ཞུ་རྒྱུ་ཡིན།
གཞན། ངས་མཚན་ཉིད་རིག་པའི་སྙན་ངག་ཅེས་པ་༼སྒྱུ་རྩལ་དང་གཏན་ཚིགས་ཀྱི་མཉམ་སྡེབ་༽ཅིག་ལ་ངོས་བཟུང་འདྲ་བོ་བྱས་ཡོད། འོ་ན་སྒྱུ་རྩལ་དང་གཏན་ཚིགས་ཀྱི་མཉམ་སྡེབ་ཡོད་པ་ཡིན་ན་མཚན་ཉིན་རིག་པའི་སྙན་ངག་རེད་དམ་ཟེར་ན་དེ་གཅིག་པུས་ཡོང་ཐུབ་ཀྱི་མི་འདུག
སྒྱུ་རྩལ་ཞུ་དུས་དེང་གི་ངོས་འཛིན་ཕལ་བ་ཞིག་ལ་ཚིགས་བཅད་ཡིན་པ་ཙམ་གྱིས་སྒྱུ་རྩལ་སྙན་ངག་གི་ཁོངས་སུ་བསྡུས་འགྲོ་བ་ཞིག་འདུག ངས་བསམ་ན་དེ་འདྲའང་མ་རེད། དེ་འདྲ་བ་སྙན་ངག་ཡིན་མིན་ཡང་མི་ཤེས། གལ་སྲིད་ཡིན་དགོས་ན་སུམ་ཅུ་བའི་རྩ་བ་སྙན་ངག་མ་ཡིན་པའི་རྒྱུ་མཚན་མི་འདུག་ག འོན་ཀྱང་། འདི་ལ་གཏན་ཚིགས་ཡོད་ཀ དེ་ལས་གཞན་ཞིག་ནི་ཤལ་མ་ལིའི་ཁྲག་སྡོང་ནང་གི་འབེལ་རྩོམ་གྱིས་གཏན་ཚིགས་རིགས་མ་འདྲ་བ་གསུམ་ཙམ་བེད་སྤྱོད་གཏོང་གི་འདུག རྒྱུ་རྐྱེན་འདི་དག་གིས་ཁོ་བོས་༼བོད་ཀྱི་མཚན་ཉིད་རིག་པའི་སྙན་ངག་འབེལ་རྩོམ་༽ ཅེས་ཞུས་པ་ཡིན། ད་དུང་གཞན་དང་གཞན་དུའང་བོད་ལ་མཚན་ཉིད་རིག་པའི་སྙན་ངག་ཡོད་ཀྱི་རེད་བསམ། གུས་པ་དང་བཅས།
གྲོགས་རས་པ་ལགས།བོད་ཀྱི་མཚན་ཉིད་རིག་པ་དུས་ནམ་ཞིག་ལ་དར་བ་རེད།གང་ནས་བྱུང་བ་དང་གང་འདྲ་ཞིག་ལ་བོད་ཀྱི་མཚན་ཉིད་རིག་པ་ཟེར།གསལ་བཤད་ཅིག་བྱོས་དང་།
ཤལ་མ་རི་ཡི་སྡོང་པོ། དམྱལ་གནས་ཞིག ཤལ་མ་ལིའི་སྡོང་པོ་ཡང་ཟེར། ལས་ཀྱི་སྡོང་པོ་ལ་རྣོ་གཅོད་ཀྱི་ལོ་འདབ་མཚོན་རྩེ་ཡན་མན་དུ་བསྣོལ་བ་ལ། ལས་ཀྱི་གཤིན་རྗེ་ཡིས་ཡར་འཐེན་མར་འདྲུད་བྱེད་ཅིང་བསམ་བླག་མེད་པའི་སྡུག་བསྔལ་མྱོང་བར་བཤད་དོ། གཞན་ཡང་ཡར་འཛེགས་རྩེ་རུ་སླེབས་ནས་བསྡད། ལས་ཀྱི་རླུང་ལངས་པས་མར་མར་སྒྲིལ་ཏེ། ཤ་ཁམ་རེ་དང་ཁྲག་ཐིག་པ་རེ་རུ་ཕྱུངས་ཤིང་བཟོད་བརླག་མེད་པར་སྦྱོང་བའི་དམྱལ་གནས་ཀྱི་སྡོང་པོ་ཞིག་གོ། གཞན་ཡང་མཁས་བཞིའི་མཛོད་འགྲེལ་སོགས་ནས། ལྕགས་ཀྱི་སྐས་ལམ་ནག་པོ་སོག་ལེའི་ཁ་ལྟ་བུ་ཡར་བསྣོལ་མར་བསྣོལ་བ་ལ། ཡར་ལ་དཔག་ཚད་བརྒྱད་ཡོད་ཅིང་། དེ་ཡི་ཁ་ནས་སྔོན་གྱི་རང་གི་མ་བྱས་པ་དང་སྲིང་མོར་བྱས་པ་ཡིས། གདུང་ཚིག་སྨྲང་ཚིག་འདོན་ཞིང་གཡབ་མོས་འབོད་ཅིང་། ཡར་འཛེགས་ན་ཤ་རུས་ཁམས་སུ་རྦད་རྦད་བཅད་ནས། རྩེ་མོར་ཕྱིན་ཙམ་ན་ཆུ་རྒྱུས་སྤར་གང་དུ་འགྲོ། མ་སྲིང་ཡུལ་ན་ཡང་མེད། ཡང་རྩ་བར་དེ་བཞིན་དུ་གདུང་ནས་འབོད་དེ་འབབ་པས། གོང་བཞིན་སོང་ནས་རུས་པ་སྤར་གང་དུ་འགྲོ་བའི་སྡོང་པོ་ལ། ཤལ་མ་རི་ཡི་སྡོང་པོ་ཞེས་བྱ་བར་བཤད་དོ།
གསེར་ཆེན་མེ་ཏོག་ལགས། ཅི་འདྲ་ཞིག་ལ་བོད་ཀྱི་མཚན་ཉིད་རིག་པ་ཟེར་མིན་ཁོ་བོས་མི་ཤེས། བོད་ལ་མཚན་ཉིད་རིག་པ་འདི་ནས་དར་བ་རེད་ཅེས་བཤད་མི་ཐུབ་མོད། འབྲོང་བུ་ཚེ་རིང་རྡོ་རྗེས་ཤེར་རྟོགས་རིག་པའི་སྐོར་གྱི་དེབ་སོགས་ལས་བསྟན་པ་ལྟར་ན་མཚན་ཉིད་རིག་པ་བ་ནི་བོད་ལ་སྔ་མོ་ནས་ཡོད་པ་ཞིག་རེད་འདུག
གཞན་དུ་ན་རིག་པ་ཞེས་རྣམ་གཞག་གི་ངོ་བོའི་སྟེང་དུ་གླེང་བ་ཡིན་ན་བོད་ལ་ད་ཚོད་ད་དུང་མེད་པར་བཤད་དགོས་པ་འདྲ་ཞིག་ཡོད་འདུག་ཀྱང་། ༸གོང་ས་མཆོག་གིས་ནང་ཆོས་ལ་དབྱེ་བ་གསུམ་དུ་བཀའ་བསྩལ་ཏེ་ནང་བསྟན་མཚན་ཉིད་རིག་པ་ཞེས་པ་ཞིག་འབྱུང་གི་འདུག་ན་དེ་ཉིད་བོད་ཀྱི་མཚན་ཉིད་རིག་པར་འཐུས་སམ། ངས་གསལ་བོ་མི་ཤེས་ལགས།
བོད་ལ་ནང་བསྟན་གྱི་མཚན་ཉིད་རིག་པ་ནི་བསྟན་པ་སྔ་དར་གྱི་དུས་ནས་དར་བར་ཁས་ལེན་དགོས། ཚུལ་གསུམ་གཏན་ཚིགས་སམ་ཐལ་སྒྲ་འཁོར་གསུམ་གྱི་མཚན་ཉིད་རིག་པ་ནི་སློབ་དཔོན་ཕྱྭ་བ་ཆོས་ཀྱི་སེངྒེའི་དུས་ནས་བོད་ལ་དར་བ་ཡིན།།ང་ཕྱ་བ་ཆོས་སེང་ལངས་ནས་ཤི།།འགྲོ་དྲུག་སེམས་ཅན་ཉལ་ནས་ཤི།།ཞེས་པ་ལྟར་རོ།།
ལག་བརྡབ་རྐང་བརྡབ་ཀྱི་རྟགས་གསལ་འཕེན་པའི་སྲོལ་འབྱེད་མཁན་ནི་་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་ཡིན་པ་ཡོད།
ངས་གསལ་བོ་མི་ཤེས་ལགས། ཟེར།
མི་ཤེས་ན་ཤེས་མདོག་གིས་ཅིག་བཤད་ནས་བྲིས་ནས་མ་འདུག
བོན་རྒྱའི་བྲིས་པ་འདི་དག་གཏན་ཚིགས་ཀྱིས་ཕྱུག་ཡོད་ཚུལ་ཅིག་བྱེད་ཀྱི་འདུག གཞན་བཤད་མ་དགོས་པར་ཤལ་མ་ལིའི་ཁྲག་སྡོང་ཟེར་བའི་དེབ་ཀྱི་ཁ་བྱང་འདི་གཅིག་པུའང་རྟོག་བཟོ་དང་འཆར་སྣང་གིས་ཁྲོད་ཀྱི་དོན་དངོས་ཤིག་ཅི་ལ་མིན། ད་དུང་། འབེལ་རྩོམ་ཡིན་ན་འདིས་ནམ་ཡང་”འདམ་སྙིགས་གསེར་དུ་མི་བསྒྱུར་”ལ་ཞོགས་པའི་རྩྭ་ཟིལ་”གནས་འགྲོ་མའི་མིག་ཆུ་”རུའང་བརྗོད་མི་སྲིད། ཧ་ཧ། ཤལ་མ་ལིའི་ཁྲག་སྡོང་ཟེར་བ་འདིས་ངའི་ཨ་མ་མོ་གཤམ་མིན་ཟེར་བ་དང་མཚུངས་པ་མ་ཡིན་ནམ།
བོན་རྒྱའི་རྩོམ་ཡིན་པ་ནི་ཁྱོད་ཀྱིས་བཤད་པ་ལྟར། གུས་པོར་རྩོམ་ཟིན་གནང་སྟེང་དགག་སྒྲུབ་རྩོམ་ཡིག་འབྲི་དགོས་པའི་སྐུལ་མ་གནང་བྱུང་། ངས་ཐེངས་ཁ་ཤས་བཀླགས་ཀྱང་རྩོམ་ཡིག་འདི་དག་ལས་སྒྱུ་རྩལ་གྱི་ཚོར་བ་མ་བྱུང་བར། ཧ་ཅང་ལྗིད་ཁོག་ཅན་གྱི་ཐག་གཅོད་ངའི་ཀླད་པའི་ནང་དུ་ཤུགས་ཀྱིས་བརྫངས་སོང་། ཟེར་བ་ལྟར།
བོན་རྒྱུ་གྲ་ས་འགྲིམས། གྲ་ས་ནས་སྒྲིག་ཁྲིམས་མ་འཁུར་བས་རྟ་ལྕག་མྱོས། ནང་ཆོས་ཀྱང་རྐང་ཚུགས་པ་ཞིག་སྦྱངས་མ་ཐུབ་པར་ཤལ་མ་ལིའི་སྡོང་པོ་ལྟ་བུ་རེ་ལས་མཐོང་མ་ཐུབ་ལ།
ཁོར་ཡུག་གི་དབང་གིས་སྒྱུ་རྩལ་བརྩམས་ཆོས་ཟེར་བ་ནི་ལེ་དབར་ཁྲི་ཕྲག་གིས་བསྐལ་ནའང་། རྩོམ་པ་པོ་སྙན་ངག་པའི་མིང་གྲགས་སྐམ་པོ་ལ་ནི་ཤིན་ཏུ་མཉེས་ཆེས་ནས། མྱུར་བ་མྱུར་དུ་དེབ་ཅིག་འདོན་དགོས་འཁེལ་བས།
གང་བྱུང་བྲིས་བྲིས་པ་ལས། དེབ་ཏུ་བྱེད་དུས་སྒྱུ་རྩལ་གྱི་ཆ་དང་སྒྱུ་རྩལ་རྩོམ་རིག་གི་ཆ་ཅི་ཡང་མེད་པ་ཧ་གོ་ནས་སྙན་ངག་ཅེས་ཀྱང་འདོགས་མ་ཐུབ། སྒྱུ་རྩལ་བརྩམས་ཆོས་ཞེས་ཀྱང་འདོགས་མ་ནུས།
འོ། སེང་རྡོར་གྱིས་བོད་དུ་ཨུ་ཚུགས་ཀྱིས་བཅད་གསར་ཡིན་ན་ཅིག་མེད་ཀྱང་ཡོད་ཁུལ་བྱེད་པ་ལ་ལད་མོ་བྱས་ནས་རང་ཉིད་ལ་མཁན་པོ་དང་བྱེད་པོའི་མིང་གྲགས་ཀྱི་ཆོ་ལོ་ཙམ་དོན་དུ་གཉེར་འདོད་པས།
གཏན་ཚིགས་ཡིན་ན་ཅིག རྒྱུ་མཚན་ཡིན་ན་ཅིག་ཡོད་ཁུལ་བྱས་ཏེ་འབེལ་རྩོམ་ཡིན་ན་ཅིག་བཏགས་པ་ཡིན་ཟེར། གད་མོ་བྲོ་བ་མི་འདུག་གམ།
ཞབས་འདྲེན་རེད། བོན་རྒྱ་ལྟ་བུས་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་གི་སྐོར་ཅི་ཞིག་ཤེས། ཐ་ན་ཕྲན་བཤད་ཅེས་པའི་དོན་གྱི་བརྡ་ཙམ་ཡང་འཕྲོད་མེད་པས་ཁོང་དགོད་ཤོར་དགོས་པ་ཞིག་ཡོད། དེ་ལའང་ཁག་མེད་དེ་གྲྭ་ས་ནས་ཐོན་པས་སྒྱུ་རྩལ་བརྩམས་ཆོས་ལ་འབྲེལ་འདྲིས་བྱེད་པའི་ཁོར་ཡུག་ཡོད་མ་རེད། ཁོར་ཡུག་མེད་པས་མེད་ཁུལ་བྱས་ཏེ་བསྡད་ནའང་མི་འགྲིག་པ་མེད་ཀྱང་། མི་བརྐམ་ཆགས་ཅན། ལོག་སྲེད་ཅན་འདི་དག་མིང་སྐམ་པོ་ཙམ་ལ་ཆགས་ཏེ། འདི་བཞིན་བསྒྲུབས་དང་སྒྲུབ་ཀྱིན་ཡོད་པ་རེད། འདིའི་ཁྲོད་དུ་ཀླུ་སྨྱོན་དང་ཨ་རིག་དགེ་མཐོང་སོགས་ཀྱང་འདུས། དེར་མ་ཟེར་ཁོང་ཚོས་མི་དྲང་མོ་རས་པ་ལྟ་བུ་བེད་སྤྱོད་ཀྱིན་ཡོད་པ་རེད། དེ་བས་གོ་བ་ཡོད་ན་རྗེས་མ་ནས་ཐུགས་བསམ་བཞེས་རོགས།
གང་ལྟར་དོན་སྙིང་ཅི་ཡང་མེད་པའི་བྱ་བ་བྱེད་མཚམས་འཇོག་རོགས། རྒྱུ་མཚན། དེས་སུ་གང་ལའང་ཕན་མི་ཐོགས་པས་སོ།།
དེ་ཙམ་ཡིན།
ཐུབ་པ་ལགས་གད་མོ་ཤོར་ན་འཛེམས་སོན་མི་དགོས། ང་ལའང་རང་གི་བསམ་ཚུལ་ཡོད། ང་ཡང་གད་མོ་དགོད་སྲིད།