—རྫ་ཚེ་རིང་བཀྲ་ཤིས།
སང་ཉིན་ནི་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་དེ། ཉིན་འདི་ནི་གངས་རིའི་ར་བས་བསྐོར་བའི་ཞིང་འདིའི་ཀུན་ཏུ་བཟང་པོ་གཉིས་པ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྒྱལ་དབང་ཀློང་ཆེན་རབ་འབྱམས་པ་དེ་ཉིད། ནང་གསལ་གདོད་མའི་དབྱིངས་སུ་བྱང་ཆུབ་སྟེ། ཐུན་མོང་གདུལ་བྱའི་སྣང་ངོར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དུས་ཆེན་ཡིན། ཚུལ་མཐོང་ལྟར་ན་བོད་ཀྱི་བསམ་བློའི་མི་བོ་ཆེ་ཞིག་སྐུ་གཤེགས་པའི་རྗེས་དྲན་གྱི་ཉིན་མོ་ཡིན།
ཁོང་ཉིད་སྐུ་ན་ཅུང་ལོན་པའི་སྐབས་དེ་ནི་ཤར་རྒྱལ་བ་ཙོང་ཁ་བ་བློ་བཟང་གྲགས་པས་རུ་བཞིའི་མཁས་པ་དག་ལས་མདོ་སྔགས་ལེགས་བཤད་ཀྱི་བདུད་རྩི་གསོལ་བཞིན་པའི་སྐབས་སུ་ཁེལ། ཁོང་གིས་རྫོགས་པའི་སངས་རྒྱས་ཀརྨ་པ་རང་བྱུང་རྡོ་རྗེ་ལ་རྫོགས་ཆེན་གྱི་སྐོར་གྱི་དྲི་བ་ཕུལ། གཡག་སྡེ་པན་ཆེན་བརྩོན་འགྲུས་དར་རྒྱས་དང་། དཔལ་ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་སོགས་ལས་དོགས་དཀྲོལ་མང་པོ་མཛད་པ་སོགས་ཕན་ཚུན་ཐུན་མིན་གྱི་འབྲེལ་བ་ཇི་སྙེད་ཅིག་བྱུང་བ་ལོ་རྒྱུས་སུ་འཁོད། གསང་ཕུ་ནེའུ་ཐོག་གི་ཆོས་གྲྭ་ཆེན་པོར་ཡང་བཞུགས། རུ་བཞིའི་མཁས་པ་རྣམས་དང་ལུང་རིགས་ཀྱི་བགྲོ་བ་མཛད་པས་བསམ་ཡས་ལུང་མང་པ་ཞེས་གྲགས།
གངས་རི་ཐོད་དཀར་དང་། བུམ་ཐང་ཐར་པ་གླིང་། མཆིམས་ཕུ་ཨོ་རྒྱན་རྫོགས་སོགས་སུ་སྒྲུབ་གནས་ཀྱི་གཙོ་བོ་མཛད་པས་མཁའ་འགྲའི་དབང་ཕྱུག་ཏུ་གྱུར།
བླ་མ་ཀུ་མ་ར་ཛ་ལས་རྫོགས་པ་ཆེན་པོའི་གདམས་པ་ཚང་ལ་མ་ནོར་བར་གསན་ཞིང་། དཀའ་སྤྱད་དང་སྙིང་རུས་ཆེན་པོས་སྒྱེ་མོ་ཞིག་གིས་གདན་དང་གྱོན་པ་གཉིས་ཀས་གོ་བཅད་ནས་སྒྲུབ་པ་མཛད་པས་བསམ་ཡས་སྒྱེ་ནང་པ་ཞེས་ཐོགས།
ཡིད་དཔྱོད་ཤེས་ཉམས་ལས་འདས་པའི་མཐར་ཐུག་གི་སྐྱེལ་སོ་མངོན་གསུམ་འོད་གསལ་གྱི་དོན་ལ་མངའ་དབང་འབྱོར་ཞིང་། སྐུ་ཚེ་དེར་གངས་རིའི་ལྗོངས་ཀྱི་རྩོད་པ་མེད་པའི་གདོད་མའི་མགོན་པོ་གཉིས་པར་གྱུར་ཏེ། ཞལ་ལས་ཀྱང་།
ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །
ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་སྟེ། །
སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་འཁྱོར། །
མི་འགྱུར་ལྷུན་གྲུབ་འདུན་མ་ལེགས་པའི་རྩེ། །ཞེས་གསུངས།
རི་བོ་དགེ་ལྡན་པའི་བསྟན་པའ་ིགསལ་བྱེད་ཐུའུ་བཀྭན་ཆོས་ཀྱི་ཉི་མས་ཀྱང་། རྒྱལ་བ་ཀློང་ཆེན་རབ་འབྱམས་ནི་སྔ་འགྱུར་རྙིང་མའི་པའི་མཁས་གྲུབ་ཀྱི་རྩེ་མོར་གྱུར་པ་གཅིག་པུ་དེ་ཡིན་ཞེས་གསུངས། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་ཀྱང་།
ལྔ་རིག་སྣང་བའི་ཉིན་བྱེད་ས་པན་རྗེ། །
མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་བ། །
ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་པ། །
ཞེས་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་ཡ་གྱལ་དུ་བསྔགས།
ཁོང་གིས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཕབ་པ་རྫོགས་པ་ཆེན་པོ་ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ་སོགས་ཐེག་མཆོག་ངེས་པ་དོན་གྱི་བསྟན་པ་རིན་པོ་ཆེའི་རྩིས་སུ་བཞག
ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོ་སོགས་འོད་གསལ་གྱི་དགོངས་པས་བྱིན་གྱིས་རླབས་ཅིང་རྗེས་སུ་བཟུང་སྟེ། སྙིང་ཐིག་རིན་པོ་ཆེའི་བསྟན་པ་ཉིད་ཕྱི་མའི་མཐར་ཡང་ནུབ་པ་མེད་པར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་མཛད།
ཁྱད་པར་ཁོང་གི་གསུང་རིན་པོ་ཆེ་བླ་ན་མེད་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱིས་སེམས་ཀློང་ཉི་ཤུ་རྩ་གཅིག ཀློང་གསུམ། མན་ངག་གི་སྡེ་དང་བཅས་པའི་དགོངས་པ་མཐའ་དག་གནད་དུ་དྲིལ་ཞིང་བཅུད་དུ་ཕྱུངས་ཏེ་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེའི་ཕ་ཕོགས་དང་རྫོགས་པ་ཆེན་པོ་རྩོལ་མེད་རང་བྱུང་གི་རྒྱན་དུ་འཇོག་གནང་མཛད་པ་སྟེ། ཚུལ་འདིར་རིས་མེད་བསྟན་པའི་མངའ་བདག་མཁས་པ་དཔལ་དགེ་རྒྱལ་པོས་འདི་ལྟར་གདམས་པ་ཡིན་ཏེ། །ཀུན་མཁྱེན་བླ་མའི་གསུང་རབ་ལ་བསྔགས་པ་ལས།
ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་པོ་ཆེ། །
བྱིན་བརྒྱུད་ཡེ་ཤེས་རྟོགས་པའི་མཛོད་གཅིག་པུར། །
ཡང་དག་ཆོས་སྐུ་དངོས་བྱོན་གཞུང་འདི་འདྲ། །
གང་གིས་ཉམས་བླང་སྲིད་པ་ཐ་མ་ཡིན། །
ཟང་ཐལ་རིག་པ་ཀུན་མཁྱེན་བླ་མའི་ཐུགས། །
རྗེན་པར་སྟོན་པའི་མན་ངག་འདི་འདྲ་བ། །
སངས་རྒྱས་དངོས་ཡིན་དམ་པའི་ཆོས་ཀྱང་ཡིན། །
མོས་གུས་སྐྱེས་ན་དགེ་བའི་བཤེས་གཉེན་ཡིན། །
ཞེས་གསུངས་པ་ལྟ་བུ་ལགས།།
དེས་ན་བསྟན་པ་འདི་ལ་དད་པ་དག་གིས་ཚུལ་འདི་དག་ལ་བསམས་ནས་དུས་ཚོད་སྐར་མ་འགའ་ཞིག་དང་། ཐ་ན་སྐར་ཆ་འགའ་ཞིག་ཡིན་ནའང་ཀུན་མཁྱེན་བླ་མ་གང་དེའི་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ལ་བློ་བཞག་ནས་འཁོར་བའི་མྱ་ངམ་གྱི་ཐང་ན་ཤིན་ཏུ་དུབ་པར་གནས་པའི་སེམས་འདི་ཀུན་མཁྱེན་བླ་མའི་གསུང་ཞི་བ་ཡིད་བཞིན་ནོར་བུའི་ངལ་སྟེགས་སུ་ཡུད་ཙམ་ངལ་གསོ་བར་བྱ་ཞིང་། འདི་ནི་ཀུན་མཁྱེན་བླ་མ་རྗེས་སུ་དྲན་པའི་ཐབས་བླ་ན་མེད་པའང་སྟེ།
དེ་ཡང་རྫ་དཔལ་སྤྲུལ་རིན་པོ་ཆེས།
ཀུན་མཁྱེན་བླ་མ་འཇའ་ལུས་སྒྱུ་མའི་སྐུ། །
སྔོན་ཞིག་བཞུགས་ཀྱི་ད་ལྟ་མེད་པ་མིན། །
མཐོང་བར་ནུས་ན་རང་གི་མདུན་ན་བཞུགས། །
རྟོགས་པས་སྒྲིབ་ན་མངོན་སུམ་བྱོན་ཀྱང་ཅི། །
ཞེས་་གསུངས་པས་སོ། །
ཞེས་པ་འདི་ཡང་། ༢༠༡༦ཟླ་༡ ཚེས་༢༥ ནུབ་མོ་རྡ་སའི་གཙུག་ལག་ཁག་གི་ལམ་ཁའི་ཚིག་ཇ་ཁང་ཞིག་ཏུ་ཀུན་མཁྱེན་ཡབ་སྲས་ཀྱི་འབངས་སུ་སྨོན་ལམ་ཐེབས་པའི་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཤིན་ཏུ་མགྱོགས་པར་བྲིས། །
ཁམས་པ་གཏུམ་པོས་གྲྭ་ཤག་བདུན་དུ་བསྐྲད། །
དགུན་གསུམ་སྒྱེ་མོ་གྱོང་ནས་གྲང་སྡུག་མྱངས། །
ལྷན་པ་དགུ་བརྩེགས་གོས་ལ་སྤྲང་ཁྱི་སྡང་། །
ཨ་མའི་བུ་རྒོད་ཀློང་ཆེན་རབ་འབྱམས་དྲན། །
ཞེས་ལོ་མང་སྔོན་སྨྲས་པ་ལགས། ད་དུང་དེ་བཞིན་ཡིན།
བོད་ཀྱི་འཇམ་དབྱངས་རྣམ་གསུམ་རྟག་ཏུ་རྒྱལ་འགྱུར་ཅིག །
རིག་གནས་ལྔ་ལ་མཁས་བྱང་༸ས་པཎ་༸རྗེ། །
མདོ་སྔགས་ལེགས་བཤད་འགྲེལ་མཁས་༸བློ་བཟང་༸རྗེ། །
གསར་རྙིང་ཡོངས་རྫོགས་སྟོན་མཁས་༸ཀློང་ཆེན་༸རྗེ། །
༸རྗེ་བཙུན་འཇམ་དབྱང་རྣམ་གསུམ་༸རྗེ་བོས་སྐྱོངས། །
ཕྱི་རོལ་རྒོལ་བ་ཚར་གཅོད་པའི། །ལྔ་རིག་པཎ་ཆེན་ས་སྐྱ་པ། །
མཁས་པའི་ཤེས་རབ་ཕུལ་དུ་བྱུང་། །བོད་སོག་ཀུན་གྱི་སྟོན་པ་ཉིད། །
དབུ་ཚད་ཁྱད་ཆོས་གསར་སྟོན་པའི། །ལེགས་བཤད་འབྱུང་གནས་ཙོང་ཁ་པ། །
བཙུན་པའི་ཡོན་ཏན་ཕུལ་དུ་བྱུང་། །དགེ་འདུན་འདུས་པའི་གཙུག་གི་རྒྱན། །
གསར་རྙིང་གཞུང་ལུགས་ཀུན་མཁྱེན་པའི། །སྒོམ་ཆེན་ཁྱུ་མཆོག་ཀློང་ཆེན་པ། །
བཟང་པོའི་ཡོན་ཏན་ཕུལ་དུ་བྱུང་། །རྣལ་འབྱོར་ཀུན་གྱི་སྟོན་པ་མཆོག །དྲི་མེད་པས་གུས་ཕུལ།
ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས།།
འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས།།
གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གསོལ་བ་འདེབས།།
རྫོགས་པ་ཆེན་པོའི་བསྟན་སྤེལ་གྱུར་ཅིག།
པན་ཆེན་བཅུ་བདུན་བསྡུས་གྲྭ་མ་དགོས་ཟིག།
རྒྱ་གར་གྲུབ་ཐོབ་བསྡུས་གྲྭ་མ་དགོས་ཟིག།།
བཀའ་རྙིང་ས་སྐྱ་བསྡུས་གྲྭ་མ་དགོས་ཟིག།
འཇམ་དབྱངས་རྣམ་གསུམ་བསྡུས་གྲྭ་མ་མཁོ་ཟིག།
ཚན་རིག་གསར་བཟོ་བསྡུས་གྲྭ་མ་སྦྱང་ཟིག།
ཆོས་པ་ཡང་དག་བསྡུས་གྲྭ་མ་སྒྲུབ་ཟིག།
སྟོབས་ཆེན་རྒྱལ་ཁབ་བསྡུས་གྲྭ་མ་དགོས་ཟིག།
ཀུན་མཁྱེན་གསུང་ཉིད་དུས་ཐོག་ཆར་བ་དངོས།།
ཨ་ནེ་མགོ་བསྐོར་ཆེད་དུ་བསྡུས་གྲྭ་དགོས།།
ཨ་ཕོ་གྲྭ་རྒྱོ་ཆེད་དུ་བསྡུས་གྲྭ་དགོས།།
དུས་ཚོད་སྟོང་གཟད་ཕྱིར་དུ་བསྡུས་གྲྭ་དགོས།།
བོད་ཆོས་གཏོར་བརླག་དགོས་ན་བསྡུས་གྲྭ་རྩོད།།
ཁོང་ཉིད་སྐུ་ན་ཅུང་ལོན་པའི་སྐབས་དེ་ནི་ཤར་རྒྱལ་བ་ཙོང་ཁ་བ་བློ་བཟང་གྲགས་པས་རུ་བཞིའི་མཁས་པ་དག་ལས་མདོ་སྔགས་ལེགས་བཤད་ཀྱི་བདུད་རྩི་གསོལ་བཞིན་པའི་སྐབས་སུ་ཁེལ།
་
བརྗོད་པ་འདིར་ཁོང་ཞེས་པ་ཀུན་མཁྱེན་ཀློང་ཆེན་པ་ཡིན་ན། མགྱོགས་པར་བྲིས་པས། ལོ་རྒྱུས་ལ་ནོར་འཁྲུལ་ཆེན་པོའི་ཞལ་འདེབས་བརྒྱབས་པ་མ་ཡིན་ནམ།་ཞེས་འདྲི་བ་ཡགས་སོ།
ཡགས་སོ། ཞེས་པར་ལགས་སོ། ཞེས་ཞུས་དག་བྱས་སོ།
མ་རབས་ཐ་ཤལ་ངོ་ཚ་མེད་རང་རེད། ཁྱོད་ཚོ་ས་དགེ་བཀའ་རྙིང་ཚོས་ངན་པ་ལག་སྦྲེལ་བྱས་ཏེ་ང་ཚོ་བཀའ་བརྒྱུད་པ་ཐར་སྐྲོལ་གཏོང་རྩིས་བྱས་འདུག འཇན་དབྱངས་རྣམ་གསུམ་ལ་བཀའ་བརྒྱུད་པ་མེད་དགོས་དོན་ཅི། འཇམ་མགོན་ཀོང་སྤྲུལ་དང་ཀློང་ཆེན་བསྡུར་དང་། གཞི་ནས་ཕ་བུ་ངོ་ཤེས་འོང་།
ས་དགེ་བཀའ་རྙིང་དེ་ ས་དགེ་རྙིང་གསུམ་ལ་གྱུར་རོགས
ཀློང་ཆུང་ལགས། འཇམ་དབྱངས་རྣམ་གསུམ་གྱི་ཐ་སྙད་འདི་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མ་འཁྲུངས་པའི་སྔོན་ནས་བྱུང་བ་ཞིག་རེད་འདུག བཀའ་བརྒྱུད་པར་འབྲུག་པ་པདྨ་དཀར་པོ་ལྟ་བུའི་མཁས་ཆེན་དང་། ཇོ་ནང་པར་ཏྰ་ར་ནྰ་ཐ་ལྟ་བུའི་མཁས་ཆེན་བྱུང་ཡོད་པ་རེད་དེ། ཁོ་རྣམ་གཉིས་འཇམ་དབྱངས་ཀྱི་སྤྲུལ་པར་གྲགས་ཡོད་མེད་མ་ངེས། གོང་གི་འཇམ་དབྱངས་རྣམ་གསུམ་ནི་ལོ་རྒྱུས་ནང་འཇམ་དབྱངས་ཀྱི་རྣམ་སྤྲུལ་དུ་གྲགས་ཡོད་མེད་ཀྱིས་བཞག་པ་ཞིག་མིན་ནམ་སྙམ་ཡང་ཞིབ་ཆ་མ་ངེས།
ཨུ་རྒྱན་ཡུལ་དུ་དགའ་རབ་རྡོ་རྗེ་དང་།
བྷོ་ཊའི་ལྗོངས་འདིར་བསམ་ཡས་པར་གྲགས་པའི།
ཀུན་མཁྱེན་ཆེན་པོའི་མཛད་པའི་ཆ་ཡིས་ཀྱང་།
སྤུ་ལོང་གཡོ་ཞིང་མིག་ཟུང་མཆི་མས་བརླན།
བཀའ་བརྒྱད་ཆེ་བཞི་ཆུང་བརྒྱད་དེ།།
ཀོང་སྤྲུལ་རང་གིས་རྩལ་འདོན་བྱས།།
དོན་གྱི་ཀཾ་ཚང་བསྟན་པ་ལས།།
ཀ་རྒྱུད་ཆེ་ཆུང་ངེས་པ་མེད།།
དེ་འདྲའི་འཇམ་དབྱངས་གད་མོས་གནས།།
ཀློང་ཆུང་ཀློང་ཆེན་སྡང་བ་དེ།།
ཤིང་བཟོ་ལྷ་བཟོ་ཀུན་དགའ་འདྲ།།
རང་སྲོག་གཅོད་པའི་སྟ་གྲི་འོ།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།།
ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་བ།།
ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཆེ།།
འཁོར་འདས་ཆོས་སྐུར་རྫོགས་པའི་ཀློང་ཆེན་པ།།
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།
བོད་ཀྱི་འཇམ་དབྱངས་རྣམ་གསུམ་གྲས་ཀློང་ཆེན་རབ་འབྱམས་པ། སྤྱི་ལོ་༡༣༠༨་ལ་འཁྲུངས། ༡༣༦༣་ལ་གྲོངས། ལོ་འདིར་རྗེ་ཙོང་ཁ་པ་དགེ་ཚུལ་བསྒྲུབས། དགུང་ལོ་དྲུག་བདུན་གང་རུང་ངོ་།