ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༨ ཚེས་ ༤ ཉིན་ཏེ་རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ སྟེང་ངྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་ཟིན་བྲིས་ཞེས་ཟིན་བྲིས་ཀྱི་ལམ་ནས་སྒྱུ་རྩལ་རྩོམ་ཡིག་སྤེལ་སའི་དྲ་བ་ཞིག་སྒོ་འབྱེད་བྱས་སོང་ལ། དྲ་ཚིགས་འདི་ནི་བཙན་བྱོལ་གྱི་ཆེས་ཐོག་མའི་ཟིན་བྲིས་རྐྱང་བ་འབྲི་སྤེལ་བྱེད་སའི་དྲ་བ་དེ་ཡིན་འདུག
ཉིན་དེའི་མཛད་སྒོའི་སྟེང་རྒན་རབས་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་དང་འཇུ་བསྟན་སྐྱོང་རྣམ་གཉིས་ཕེབས་ཏེ། དྲ་རྒྱ་སྒོ་འབྱེད་གནང་བར་མ་ཟད་གསུང་བཤད་ཀྱང་གནང་སོང་ལ། དེ་བཞིན་བོད་ཀྱི་ཟིན་བྲིས་སུ་གསར་དུ་ཞུགས་པའི་ཟིན་བྲིས་པ་ལྷ་ཆབ་སྦྱིན་པ་དང་། རས་པ། བོན་རྒྱ་བསྟན་འཛིན་རབ་རྒྱས། དུར་བྱང་། གཉན་པོ། སྨིན་སྣང་མཛེས། མྱི་རྐྱང་སྨྱོན་པ། ཉི་མ་མཚོ། བྱམས་པ་རྒྱལ་མཚན་སོགས་དང་། དེ་བཞིན་དུ་གསར་འགོད་པ་ཁག་ཅིག་བཅས་མཉམ་འཛོམས་བྱུང་འདུག
ཐོག་མར་བོད་ཀྱི་ཟིན་བྲིས་དྲ་བའི་རྩོམ་སྒྲིག་པ་ཨ་བཙན་པོའམ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་ཟིན་བྲིས་དྲ་བའི་བྱུང་རིམ་དང་དྲ་ཚིགས་འདི་ལྟ་བུ་ཞིག་བཟོ་དགོས་པའི་དམིགས་ཡུལ་སྐོར་ངོ་སྤྲོད་གནང་དོན། “ངས་དྲ་ཚིགས་འདི་ལྟ་བུ་ཞིག་བཟོ་རྒྱུའི་རྨི་ལམ་དེ་ལོ་ངོ་གཉིས་ཀྱི་སྔོན་ནས་བྱུང་བ་ཞིག་རེད། སྐབས་དེར་ངས་སེང་རྡོར་དྲ་རྒྱར་ཟིན་བྲིས་ཞིག་གཉེར་འདོད་ནས་ཁོང་ལ་རེ་འདོད་ཐེངས་གཉིས་ལ་ཞུས་པ་ཡིན། ཁོང་གིས་ཀྱང་ང་ལ་ས་མིག་ཅིག་སྤྲད་སོང་། འོན་ཀྱང་ང་ལ་ས་མིག་སྤྲད་ནས་ཉིན་གཅིག་གི་ཕྱི་ཉིན་དེར་སེང་རྡོར་དྲ་རྒྱ་སྒོ་བརྒྱབ་སོང་། དེ་ནས་ཕར་ཆེར་ཟླ་བ་གཉིས་ལྷག་ཅིག་ལ་ཡང་བསྐྱར་སྒོ་འབྱེད་མ་ཐུབ་པ་རེད། སྐབས་དེར་ངས་བཙན་བྱོལ་ནས་དྲ་ཚིགས་འདི་ལྟ་བུ་ཞིག་ངེས་པར་དུ་བཟོ་དགོས་ཀྱིན་འདུག་བསམ་པ་ཞིག་དྲན་སོང། དེ་ནས་བཟུང་མི་མང་པོར་དོན་དག་དེ་དང་འབྲེལ་བའི་སྐད་ཆ་བཤད་པ་ཡིན། འོན་ཀྱང་ད་བར་དུ་ལྷག་སོང་བ་རེད། ད་ཐེངས་ང་དང་པའི་ལས་རོགས་ཨ་རིག་འགྱུར་མེད། དེ་བཞིན་དུ་དྲ་ཚིགས་ཇུས་འགོད་པ་སངས་རྒྱས་རྡོ་རྗེ་བཅས་ཀྱིས་ཟླ་ངོ་གཅིག་ལྷག་ལ་འབད་པ་བྱས་ཏེ་ད་གཟོད་ལེགས་འགྲུབ་བྱུང་བ་འདི་རེད།” ཅེས་དང་།
ཡང་ “བོད་ཀྱི་ཟིས་བྲིས་དྲ་བ་འདི་སྒྱུ་རྩལ་རྩོམ་རིག་རྐྱང་བ་སྤེལ་སའི་དྲ་བ་ཞིག་ཡིན་པས། འདིར་རྩོམ་ཡིག་སྤེལ་མཁན་དང་། ཀློག་མཆན་འཇོག་མཁན་ཚང་མས་ངེས་པར་དུ་ཆོས་ལུགས་ཆོལ་ཁའི་འཐེན་ཁྱེར་དང་། དབུ་མ་དང་རང་བཙན་ཁ་ལ་ཁྱེར་ནས་ནང་ཁུལ་དཀྲུག་ཤིང་བྱས་པའི་རྩོམ་ཡིག་དང་བསམ་ཚུལ། ཀློག་མཆན་རིགས་ནམ་ཡང་མ་སྤེལ་རོགས་ཞེས་འབོད་སྐུལ་ནན་མོ་ཞུ་གི་ཡོད།” ཅེས་སོགས་གསུངས་སོང་ལ། རྩོམ་སྒྲིག་ལས་རོགས་ཨ་རིག་འགྱུར་མེད་ལགས་ཀྱིས་“བོད་ཀྱི་ཟིན་བྲིས་” དྲ་བ་སྒོ་འབྱེད་ཀྱི་གཏམ་སྒྲོག་སྦྱང་གནང་སོང་།
དེ་ནས་གདན་ཞུས་སྐུ་མགྲོན་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་གསུངས་དོན། “ཐོག་མར་བོད་ཀྱི་ཟིིན་བྲིས་དྲ་བ་ཐོག་མར་འགོ་བཙུག་པ་ནས་ད་ལྟ་ལེགས་འགྲུབ་བྱུང་བའི་བར་དུ་དཀའ་ལས་རྒྱག་མཁན་ཚང་མས་བོད་མི་རིགས་རིག་གཞུང་སྐད་ཡིག་དང་བཅས་པར་ཞབས་འདེབས་བླ་མེད་ཅིག་སྒྲུབ་ཡོད་པར་ངོས་འཛིན་དང་འབྲེལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
དངོས་གནས་བྱས་ན་ལོ་ངོ་འགའི་སྔོན་ནས་བཟུང་བཙན་བྱོལ་སྤྱི་ཚོགས་འདིར་འདི་ལྟ་བུའི་སྒྱུ་རྩལ་རྩོམ་རིག་གི་དྲ་ཚིགས་ཤིག རྩོམ་པ་པོ་དང་ཀློག་མཁན་ཚང་མ་མཉམ་གཅིག་ཏུ་འཛོམས་ས་འདི་ལྟ་བུ་ཞིག་ཡོད་དགོས་ངེས་རེད་མོད། དེ་ལྟར་མ་བྱུང་བ་རེད། དེ་ནི་མི་སྒེར་བ་གན་དང་འདི་ཟེར་ནས་ངན་ཁག་དཀྲི་རྒྱུ་མེད་པར་འུ་ཅག་གི་སྤྱི་ཚོགས་འདིས་མ་འཇོན་པ་རེད། འཐུས་ཤོར་དུ་སོང་བ་རེད། དེ་ནས་དྲ་ཚིགས་འདིའི་ནང་ལོགས་སུ་ག་རེ་ཡོད་མེད་དེ་ད་ལྟའི་ཆར་བཤད་རྒྱུ་སྔ་སོང་བ་རེད་དེ། དྲ་ཚིགས་ཀྱི་སྒྲོམ་གཞི་ལ་བལྟས་པ་ཡིན་ན་བཙན་བྱོལ་ནས་ད་ལྟ་བར་དུ་བྱུང་མ་མྱོང་བའི་ཁྱད་ཆོས་མང་པོ་ཡོད་པ་དང་། འཐུས་སྒོ་ཚང་བ་ཞིག་ཏུ་མཐོང་སོང་། དགོས་མཁོ་ཡང་ཧ་ཅང་གི་ཆེན་པོ་རེད། རྒྱུ་མཚན་གོང་དུ་བཤད་བཞག་པ་ནང་བཞིན་རེད།
བོད་ནང་ལོགས་སུ་རྩོམ་རིག་དྲ་བ་མང་པོ་ཡོད་ནའང་དེ་དག་ཚང་མ་གཞན་དབང་སྟབས་བསྟུན་ཡིན་དུས་དཀའ་ལས་ཆེན་པོ་རེད། དེར་བརྟེན་རྩོམ་པ་པོ་ཚོ་རྟ་རྒྱུག་ན་འདོད་དུས་རྒྱུག་ས་ཞིག་བཟོས་བཞག་ཡོད་པ་འདི་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད་དྲན་སོང་། རྟ་གང་འདྲ་ཞིག་རྒྱུག་མིན་དེ་འདིར་ཕེབས་པའི་ཟིན་བྲིས་པ་ཚར་མར་རགས་ལས་ཡོད་པ་ཞིག་རེད། དེ་ཡིན་དུས་རྣམ་པ་ཚང་མས་ཁོང་ཚོས་དཀའ་རྒྱབ་བཞག་པ་དེ་ཆུད་ཟོས་སུ་མི་འགྲོ་བ་བྱེད་རྒྱུ་དང་། ཁོང་ཚོས་དམིགས་འདུན་ཏག་ཏག་འགྲུབ་ཡ། ལྷག་པར་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཕན་ཡ་ཞིག་ལ་འབད་རོགས་ཞུ་རྒྱུ་ཡིན།
ངས་འདིར་དེ་འདྲ་ཞིག་བཤད་ན་སྐད་ཆ་ཆེན་པོ་འདྲ་ཞིག་ཆགས་འགྲོ་གི་འདུག་སྟེ། ཁོ་རང་ཚོས་དམིགས་འདུན་དང་ཀུན་སློང་དེ་འདྲ་ཞིག་ཡིན་དུས་བཤད་བཞག་ན་མ་འགྲིག་པ་ཞིག་མི་འདུག་བསམ་ནས་བཤད་བཞག་པ་ཡིན་ཞེས་སོགས་དང་འབྲེལ་རྩོམ་ཡིག་འབྲི་སྟངས་དང་དཔྱད་བརྗོད་འབྲི་སྟངས་སོགས་ཀྱི་ཐད་ལ་གསུང་བཤད་གནང་སོང་།
མཇུག་མཐར་གདན་ཞུའི་སྐུ་མགྲོན་རྩོམ་པ་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་གསུངས་དོན། ང་ལ་མཚོན་ན་དེ་རིང་འདིར་ཡོང་སྟེ་ཁྱེད་རྣམ་པར་དམིགས་བསལ་གྱིས་ཞུས་འཇོག་རྒྱུ་གང་ཡང་མི་འདུག ཡིན་ནའང་། ཁྱེད་རྩོམ་སྒྲིག་པ་གཉིས་དང་དྲ་རྒྱ་ཇུས་འགོད་པ་སོགས་ཀྱིས་དཀའ་ལས་གང་མང་བརྒྱབ་སྟེ་བོད་ཀྱི་ཟིན་བྲིས་དྲ་རྒྱ་འདི་ལྟ་བུ་ཞིག་ལེགས་འགྲུབ་དང་སྒོ་འབྱེད་བྱས་པར་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
མཛད་སྒོའི་མཇུག་ཏུ་ཟིན་བྲིས་པ་རྣམས་ཀྱིས་མ་འོངས་པར་ཟིན་བྲིས་སྤེལ་ཕྱོགས་དང་། མ་འོངས་པར་དྲ་རྒྱ་ཡར་རྒྱས་གཏོང་ཕྱོགས། དེ་བཞིན་དུ་མ་འོངས་ལས་འཆར་སོགས་ཀྱི་ཐད་ལ་ཆུ་ཚོད་གཉིས་ཙམ་གྱི་རིང་བགྲོ་གླེང་གནང་ཡོད་པ་རེད།
དྲ་ཐག http://tibetanblog.net/
དྲ་ངོས་ཟིན་བྲིས་གང་མང་རེད།། ཚད་ལྡན་སྙན་ཚིག་གང་ཡང་མེད།།
མེད་པ་ལས་ཀྱང་ཡོད་པ་བཟང་།། དབྱར་གྱི་མཚོ་ལྟར་རྒྱས་པར་སྨོན།།
རྟེན་འབྲེལ་ཞུ་ རྟེན་འབྲེལ་ཞུ་ རྟེན་འབྲེལ་ཞུ་
རྟེན་འབྲེལ་ཞུ།།
བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
ལས་བྱེད་ཚང་མར་བཀྲིས་བདེ་ལེགས་ཀྱི་དགའ་བསུ་ཞུ།
བྱ་བ་བཟང་པོར་ལམ་ལྷོངས་ཡོང་བར་སྨོན།
བཀྲ་ཤིས་རྟེན་འབྲེལ་ཞུ།
རྩོམ་རིག་གི་ཐད་ནས་བོད་ནང་གི་རྩོམ་པ་པོ་ཚོར་མིག་དཔེ་བལྟས་ནས་མདུན་དུ་བསྐྱོད་རོགས།
དག་ཆའི་ཐད་ནས་སྔོན་གྱི་མཁས་པའི་གསུང་རྩོམ་ལ་མིག་དཔེ་བལྟས་ནས་མདུན་དུ་བསྐྱོད་རོགས།
དག་ཆ་ཆལ་ཆོལ་དུ་སོང་ན་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་སྤུས་ཀ་འདྲ་ཞིག་ཆགས་འགྲོ།
བོད་ཀྱི་དུས་བབ་ཀྱི་དག་ཆ་འདྲ་ཞིག་ཆགས་ན་དུས་བབ་ཟིན་བྲིས་འདྲ་ཞིག་ཆགས་འགྲོ།
དམའ་མཐའ་ལ་བོད་ཀྱི་དུས་བབ་ཀྱི་དག་ཅ་ལས་སྤུས་དག་པ་ཞིག་གི་རེ་བ་ཆེན་པོ་ཡོད།
ཚིག་ངན་བཤད་པ་མིན། རེ་བ་ཞིག་ཞུས་པ་ཡིན།
རྟེན་འབྲེལ་ཞུ། ཡར་རྒྱས་འགྲོ་དང་མི་འགྲོ་རྩོམ་པ་པོ་དང་མཆན་བུ་འདེབ་མཁན་དག་ལ་རག་ལས།
བཀྲ་ཤིས་བདེ་ལེགས་ཡོད།
ཆོལ་ཁ་ཆོས་ལུགས། རང་བཙན་དབུ་མ། དེ་དག་མ་གླེང་ན་མཇེ་དང་སྟུ་གླེང་ས་ཡིན་འགྲོ
རྗེས་སུ་ཡི་རང་ཡོད།
བཀྲ་ཤིས་བདེ་ལེགས་ཞུ།
སྲིན་པོ་རྫ་རྒན་བྱ་བ་ཞིག་གིས་བོད་ཀྱི་དུས་བབ་ཀྱི་དག་ཆར་སྐྱོན་བརྗོད་ཀྱིས་རང་ཉིད་ཀྱིས”མ་མཐའ”ལ”དམའ་མཐའ”ཞེས་བྲིས་འདུག ཧ་ཧ་ཧ་ཧ————–
ཡག་པོ་རེད་་་་ལྷག་པར་དུ་ཆོལ་ཁ་ཆོས་ལུགས་བར་ལ་གནོད་པའི་རྩོམ་ཡིག་མ་དྲྭ་རྒྱ་འདིའི་ནང་ལ་ཐོག་མ་ནས་གཅིག་ཀྱང་བཀོད་མ་འཇུག་རོགས་ཞེས་རེ་བ་ཞུའོ།
བཀྲིས་བདེ་ལེགས།
ཡར་རྒྱས་ནས་རྒྱུན་གནས་ཡོང་བའི་ཁ་གཡང་དང་སྨོན་འདུན་ཞུ།
རྗེས་སུ་ཡི་རང་ཡོད།
དྲ་རྒྱ་ག་ཚད་མང་ན་ཡག་པོ་རེད་བསམ་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་བཙན་བྱོལ་ནང་དུ་བོད་ཀྱི་དྲ་རྒྱ་ལྟ་ཀློག་བྱེད་མཁན་མི་རབས་གསར་བ་གསོ་སྐྱོང་བྱ་རྒྱུ་དེ་རེད་སྙམ།
དེ་ནི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་སློབ་ཚན་མང་རུ་གཏོང་བར་འབད་བརྩོན་དང་ཡར་ཞུ་གང་མང་མང་བྱས་ཏེ་སྲིད་སྐྱོང་མཆོག་གི་ཨ་འབྱོག་ཚ་བོ་བཟོ་རྒྱུ་དེ་རེད།
དེ་མ་གཏོགས་བཙན་བྱོལ་ནང་བོད་ཀྱི་དྲ་རྒྱ་ལྟ་ཀློག་བྱེད་མཁན་བོད་ནས་གསར་ཏུ་འབྱོར་བའི་མི་རབས་རྒན་པ་འདི་ཚོ་རྫོགས་སོང་ན་དེ་ནས་་་་་་་་་་་་་་་་་་་་་་་་་
ལྷག་བསམ་རྣམ་དག་རང་ཡིན་མ་གཏོགས་གཞན་གང་ཡང་མེད།
དགའ་བསུ་ཞུ། རྒྱ་ནག་དང་དུས་བབས་དང་ཁ་བརྡ་སོགས་ཀྱིས་བསད་ཟིན་པའི་རྩོམ་པོ་དང་མཆན་པོ་དག་བོད་ཀྱི་ཟིན་བྲིས་ནས་ཚེ་འཕོ་བར་ཤོག སྐྱེས་བ་ལོན་པར་ཤོག སྐྱེས་ནས་ཀྱང་རང་དབང་དང་རྩིས་མཐོང་གི་རྣམ་ཤེས་དང་ལྡན་པར་ཤོག
ཅིག་ལྟ་འི་ཡིན་ཐལ། ཡག་པོ་ཡོད་མེད་ད་རུང་ངས་མི་ཤེས། ཁ་ལ་ཁ་ཁྲིམས་མ་ཕོག་ན། མཆན་གཅིག་ཡང་འདེབས་འདོད་ཡོད། སྲལ་འི་སྲལ་འི།
དྲྭ་བ་ཚང་མ་གཅིག་པ་མིན་པས་ཟིན་བྲིས་ནང་འཛུལ་བ་པོ་ཚང་མས་གཟབ་དགོས་པ་སྐོར་ཅིག་འདུག་སྙམ།
བོད་ཀྱི་ཟིན་བྲིས་ལྟ་བུར་ཞུགས་ཚེ་གཟབ་གཟབ་བྱེད་གོས་པ་ཡང་མང་བོ་ཞིག་ཡོད་ཚོད་རེད།
གང་ཡིན་ཟེར་ན་རང་གི་མིང་དང་བསྡོད་གནས་ཁ་བྱང་། འདྲ་པར་དང་ཁ་པར་སོགས་གཞན་ལ་སྤྲད་དགོས་པ་དེ་རེད། མི་ཞིག་ལ་མཚོན་ན་དེ་ལས་ལྷག་སྤྲད་ཡ་ཡོད་མ་རེད་ལ། གསང་བ་གཉེར་བ་དང་འཚོལ་སྒྲུབ་བྱེད་མཁན་ཞིག་ལ་དེ་ལས་ལྷག་དགོས་ཡ་ཡོད་མ་རེད། དེ་ཡིན་དུས་ནམ་རྒྱུན་རང་གི་སྨྱུག་མིང་དང་འདྲ་པར་མི་ཡིན་པ་སོགས་ཕྱི་ལ་ག་རེ་བཀོད་ཀྱང་དོན་ལ་རང་ཉིད་གཞན་ལ་རྩིས་སྤྲད་ཟིན་པ་ཡིན་པས་རྩོམ་ཡིག་འདྲ་མིན་འབྲི་མིན་འབྲི་བ་དང་ཡིག་ཆ་གལ་ཆེན་རིགས་འདི་འདྲའི་ནང་དུ་གཉེར་ཡ་ཡོད་མ་རེད།
ཚང་མས་དགོངས་པ་ཡག་པོ་བཞེས་དགོས་ངེས་རེད།
མང་བོ་བཤད་ཡ་མེད།
འདི་ནི་དྲན་བསྐུལ་ཙམ་ཡིན་པས་དོ་ཕོག་བྱུང་ན་བཟོད་པར་གསོལ་ཞུ་ཡ་ཡིན།
iPad དང་་iPhone ལྟ་བུའི་ལག་འཛིན་ཁ་པར་དང་འཕྲུལ་དེབ་ལ་སོགས་པའི་རྩིས་ཆས་ཆུང་རིགས་ཀྱི་ངོ་ལ་འཆར་བདེ་མེད་པའི་དྲ་རྒྱ་ནི་རྗེས་ལུས་དང་ལག་རྩལ་མེད་པའི་རྣམ་པ་ཙམ་ལས་མ་འདས་སོ། དུས་རབས་གསར་བའི་འགུལ་སྐྱོད་དང་འགྲོག་དགོས་ན། གོང་གི་དྲ་རྒྱ་དེ་ལ་གཅིག་ཕྱིན་པ་ཡིན་ཡང་རྗེས་ལུས་ཀྱི་ཤི་མདོག་ཞེ་བོ་ཤོར་འདུག་པའི་སྣང་བ་སྟེར་སོང་། དགོངས་དག་སངས་རྒྱས་རྡོ་རྗེ་ལགས།
བོད་ཀྱི་ཟིན་བྲིས་དྲ་བ་གསར་དུ་སྒོ་ཕྱེས་པར་དགའ་བསུ་དང་རྟེན་འབྲེལ་ལོས་ཞུ།
སྨྲ་བརྗོད་རང་དབང་ནི་གལ་ལོས་ཆེ་དྲང་བདེན་དང་རྒྱུ་མཚན་ཅན་དེ་བས་ཀྱང་གལ་ཆེ་བ་མ་ཡིན་ནམ། ཀློག་པ་པོ་ཞིག་ལ་མཚོན་ན་དཔྱོད་ཤེས་ལས་གལ་ཆེ་བ་མེད།
བོད་ཀྱི་ཟིན་བྲིས་ཟེར་བའི་དྲ་ཚིགས་གང་རེད།
བཀྲིས་བདེ་ལེགས་ཞུ།
བོད་ཀྱི་ཟིན་བྲིས་སྐུ་འཁྲུངས་པ་རྟེན་འབྲེལ་ཞུ།