ཚེ་རིང་དོན་གྲུབ།
—————————-
ཉིན་གཅིག་རྒྱལ་སའི་གྲོང་ཁྱེར་འདིའི་ནང་ཁྱི་ཚོང་འདུས་ཀྱི་བྱེད་སྒོ་ཞིག་ཏུ་སོང་བ་ཡིན། མཛད་སྒོ་དེའི་ཐོག ཁྱི་བདག་མང་པོ་ཞིག་གིས་རང་ཉིད་ཀྱི་ཁྱི་ལ་མཛེས་ཆས་དང་བཟོ་བལྟ གཙང་སྦྲ་ཡག་ཐག་ཆོད་བྱས་ནས་དཔྱིད་ཀྱི་གནམ་གཤིས་དྲོད་འཇམ་འདིའི་འོག་ཡར་འགྲོ་མར་འགྲོ་བྱེད་བཞིན་འདུག བར་ལྟར་སྒྲིག་པའི་གུར་ཆུང་དེ་དག་གི་ནང་དུ། ཁྱི་ཡི་རྒྱན་ཆ། ཁྱི་ཡི་འདོགས་ཐག ཁ་ཟས། སྨན། རྩེད་ཆས། གདན། ཁང་པ། ཁྱི་ཡི་དེབ་སོགས་བཟོ་གྲྭའི་མི་ཚབ་དང། ལག་ཤེས་མི་སྒེར། ཁྱི་ཡི་སྨན་པ། ཁྱི་ལ་སྦྱོང་བརྡར་སྤྲོད་མཁན་རྣམས་ཀྱིས་རང་ཉིད་ལ་གང་ཡོད་དང་གང་ཤེས། ཁྱི་ཡི་སྐོར་ལ་གང་མཁས་དེ་འགྲེལ་བརྗོད་དང་། ངོ་སྤྲོད། མིག་སྟོན་གནང་གིན་འདུག ནུབ་ཕྱོགས་པ་འདི་ཚོས་ཁྱི་ལ་རིན་ཐང་འདི་འདྲ་སྤྲོད་པ་མཐོང་དུས། རང་ཉིད་སྐྱེས་སའི་བོད་ཀྱི་སྲང་ལམ་དུ་འཁྱམས་པའི་ཁྱི་དང་།དབྱར་ཁའི་ཚ་འོག་དང་དགུན་ཁའི་གྲང་ངར་ཁྲོད་བོད་ཀྱི་མཐོ་སྒང་དུ་འཚོ་སྡོད་བྱེད་པའི་བོད་ཀྱི་འབྲོག་ཁྱི་རྣམས་དྲན་ཞིང་སེམས་སུ་འཁོར་བ་ན། བོད་ཀྱི་ཁྱི་ཡི་སྐོར་ལ་བྲིས་བའི་རྩོམ་ཡིག་ཁ་ཤས་ཀློག་ཏེ་ཕྱོགས་སྒྲིག་བྱེད་རྒྱུ་བྱུང་།
བོད་ཀྱི་འབྲོག་ཁྱི་ནི་གཟུགས་ཕུང་ཆེ་ལ་ཨེ་ཤི་ཡ་དཀྱིལ་གྱི་ས་སྒང་དང་། ཐང་གཤོངས། རི་བོ་ཧི་མ་ལ་ཡའི་འདབས་རོལ་གྱི་མཐོ་སྒང་གི་མི་མང་ལྷན་དུ་འཚོ་སྡོད་བྱེད་བཞིན་ཡོད། འབྲོག་ཁྱི་འདིའི་རྒྱུད་པ་ཁྱི་ཡི་རིགས་གང་ཞིག་ནས་མཆེད་པའི་གཞི་འཛིན་གྱི་ཡིག་ཆ་ཡིད་ཆེས་རུང་བ་ཞིག་མི་འདུག ཡིན་ནའང་། བོད་ཀྱི་འབྲོག་ཁྱི་ལ་དམིགས་གསལ་གྱི་ས་ཆ་ཞིག་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད། དེ་ནི་རི་བོ་ཧི་མ་ལ་ཡའི་འདབས་འབྲེལ་གྱི་ས་ཁུལ་བལ་ཡུལ་དང་། འབྲུག་ཡུལ། བོད་མདོ་དབུས་མཐོ་སྒང་དེ་རེད།
བོད་ས་མཐོ་རུ་འཚོ་བའི་འབྲོག་པ་རྣམས་ཀྱིས་འབྲོག་ཁྱི་འདི་སྦྲ་ཁྱིམ་དང་དགོན་སྡེ་སྲུང་ཆེད་སྒོ་འགྲམ་དུ་འདོགས་སྲོལ་ཡོད་ལ། འབྲོག་པ་ཁ་ཤས་ཀྱིས་ཉིན་དཀར་ལྕགས་ཐག་དང་ཀོ་ཐག་གིས་བཏགས་ནས་མཚན་མོ་གློད་ཀྱི་ཡོད། དེ་མིན་འབྲོག་པ་ཚོས་དགུན་ས་ནས་དབྱར་ས་སྤོ་དུས། འབྲོག་ཁྱི་ཤུལ་དུ་བཞག་ཏེ་རྟ་རྒན། གཡག་རྒན། བྱིས་པ་དང་བུད་མེད། སྦྲ་གར་སྲུང་བར་བྱེད།
སྤྱི་ལོ་༡༨༠༠་སྟོད་ཙམ་ལ། ཕྱི་གླིང་བ་ཁ་ཤས་བོད་དུ་སླེབས་སྐབས་བོད་ཀྱི་ཁྱི་ཡི་སྐོར་ལ་ཤེས་རྟོགས་དང་དོ་སྣང་ཉུང་ཙམ་ལས་མེད། བོད་དུ་སྔ་མོ་སླེབས་པའི་འགྲུལ་བཞུད་བ་ཚོས་མཐོང་བའི་བོད་ཀྱི་ཁྱི་སྐོར་ལ་ཞིབ་བརྗོད་བྱས་མི་འདུག མཱར་ཁོ་ཕོ་ལོ་ Marco Polo ཡིས་བྲིས་བའི་བོད་ཀྱི་ཁྱི་སྐོར་ལ“ཁྱི་དེ་དག་ནི་བོང་བུ་ལྟར་ཆེན་པོ་འདུག” ཟེར། དུས་རབས་བདུན་པའི་ནང་ཡེ་ཤུའི་ཆོས་ལུགས་སྤེལ་མཁན་ཚོས་གཟུགས་ཕུང་ཆེ་ལ་གདུག་རྩུབ་ཆེ་བའི་བོད་ཀྱི་འབྲོག་ཁྱི་སྐོར་ལ་བྲིས་ཡོད་པ་ནི་ “བོད་ཀྱི་ཁྱི་མང་པོ་སྤྱིར་བཏང་ཞིག་མིན་པར་ཁྱད་དུ་འཕགས་པ་ཞིག་རེད། དེ་ཚོ་སྤུ་རིང་ལ་ནག་པོ་འོད་གྱི་ལེ་དང་། ཤིན་ཏུ་ཆེལ་ཤེད་སྟོབས་ལྡན་པ། དེ་ཚོ་ཟུག་སྐབས་ཉེན་བརྡ་དང་རྔང་སྐྲག་ཅིག་སྟེར”ཅེས་བཀོད་འདུག
སྤྱི་ལོ་༡༨༠༠་ནང་འགོ་གཙོ་སཱ་མུལ ཊུར་ནེར་ Captain Samuel Turner ༼ བོད་ནང་ཁྲི་ཞོ་ (Teshoo)བླ་མའི་སྲིད་དབང་སྐབས་གཞུང་ཚབ་གནང་དུས་ཡིག་ཆའི་ནང་དུ་༽ བོད་ཀྱི་ཁྱི་ཆེན་པོའི་སྐོར་གླེང་བ་ནི་“གཡས་ཕྱོགས་སུ་ཁང་བ་ཆེན་པོ་ཞིག་འདུག དེའི་གཡོན་ཕྱོགས་སུ་ཤིང་གིས་བཟོས་བའི་ར་བ་ཞིག་གི་ནང་དུ་གཟུགས་ཕུང་ཆེན་པོའི་ཁྱི་མང་བོ་ཞིག་བཅུག་འདུག དེ་དག་ཧ་ལས་བའི་ཤེད་སྟོབས་ཆེ་ལ། སྐད་ཟུག་ཆེན་པོ་འདུག” དེ་ལྟར་འགྲེལ་བརྗོད་བྱས།
སྤྱི་ལོ་༡༨༤༧་ནང་། རྒྱ་གར་དུ་ཡོད་པའི་དབྱིན་གཞུང་གི་སྐུ་དྲག་ཧཱར་ཌིན་ཇེ་ Lord Hardinge གྱིས་བོད་ཀྱི་འབྲོག་ཁྱི་“ཚེ་རིང་” ཟེར་བ་ཞིག་དབྱིན་ཇིའི་རྒྱལ་མོ་བེ་ཁྲོ་རེ་ཡ་Victoriaལ་ཕུལ་འདུག སྤྱི་ལོ་༡༨༥༩་ནང་དབྱིན་ལན་དུ་ཐེངས་དང་པོའི་ཁྱི་ཡི་གཟིགས་སྟོན་བྱས། སྤྱི་ལོ་༡༨༧༣་ནང་དུ་ཁེན་ནེལ་ཚོགས་པས་ Kennel Club ཁྱི་ཡི་རིགས་༤༠༢༧ཡོད་པའི་པར་སྒྲོམ་ཞིག་ཐོག་དང་པོ་པར་བསྐྲུན་བྱས་པ་དང་། “བོད་ནས་ཁྱི་ཆེན་པོ་” དེ་གཞུང་ཕྱོགས་ཀྱིས་ “བོད་ཀྱི་འབྲོག་ཁྱི་” Tibetan Mastiff མིང་འདོགས་ཐོག་མ་གནང་།
སྤྱི་ལོ་༡༨༧༤་ནང་། དབྱིན་ཇིའི་རྒྱལ་སྲས་ཝ་ལེ་སུ་ Wales ལ་བོད་ཀྱི་འབྲོག་ཁྱི་གཉིས་ཐོབ་པ་དང་། སྤྱི་ལོ་༡༨༧༥་ལོའི་ཟླ་བ་བཅུ་གཉིས་བའི་ནང་ཨཱ་ལེ་སཱན་ཌི་རཱ་ཕོ་བྲང་ནང་དུ་འབྲོག་ཁྱི་གཟིགས་སྟོན་བྱས། སྤྱི་ལོ་༡༩༢༨་ནས་བཟུང་། དབྱིན་ཡུལ་དང་ཡུ་རོབ་ཏུ་བོད་ཀྱི་འབྲོག་ཁྱི་ཉུང་ངུ་ཞིག་ཁྱེར་འདུག སྤྱི་ལོ་༡༩༢༨་ནང་སྐུ་ཞབས་ཁོ་ལོ་ནེལ་ Colonel དང་ལྕམ་བྷེ་ལེའེ་ Bailey གཉིས་བོད་དང་། འབྲས་ལྗོངས། བལ་ཡུལ་དུ་སྲིད་དོན་ཕྱག་ལས་གནང་སྐབས། བོད་ཀྱི་འབྲོག་ཁྱི་བཞི་དབྱིན་ཡུལ་དུ་ཁྱེར་འདུག
སྤྱི་ལོ་༡༩༥༠་སྨད་ཙམ་ལ་ཨ་རིའི་སྲིད་འཛིན་ཨེ་སེན་ཧོ་ཝེར་Eisenhowerལ་བོད་ནས་འབྲོག་ཁྱི་གཉིས་བསྐུར་འདུག འབྲོག་ཁྱི་དེ་གཉིས་ཨ་རིའི་དཀྱིལ་ནུབ་ཁུལ་གྱི་ཞིང་ས་ཞིག་ཏུ་བདག་གཉེར་བྱས་ཀྱང་། ཡིན་ནའང་འབྲོག་ཁྱི་དེ་གཉིས་ཀྱི་སྐོར་གོ་མེད་ཚོར་མེད་དུ་གྱུར། སྤྱི་ལོ་༡༩༦༩་ནས་བཟུང་། བོད་ཀྱི་འབྲོག་ཁྱི་ཁ་ཤས་བལ་ཡུལ་དང་རྒྱ་གར་ནས་ཨ་མེ་རི་ཁ་ལ་ནང་འདྲེན་བྱས་བ་དང་། སྤྱི་ལོ་༡༩༧༤་ནང་ཨ་མེ་རི་ཁ་བོད་ཀྱི་འབྲོག་ཁྱི་མཐུན་ཚོགས་བཙུགས།
དུས་རབས་མང་བོ་ཞིག་ལ་བོད་ཀྱི་འབྲོག་ཁྱི་ནི་སྐྱེས་བ་དང་མཉམ་དུ་འབྲེལ་བ་ཉེ་བོ་བྱུང་ཡང་། འབྲོག་ཁྱི་ལ་ཡིད་ཆེས་འཕེལ་ཞིང་རྒྱུས་ལོན་ཐུབ་པར་གསང་
བ་ལྐོག་གྱུར་དང་གསལ་རྟོགས་དཀའ་བ་ཞིག་རེད། སྤྱིར་ན་འབྲོག་ཁྱི་ནི་བལྟ་སྲུང་བ་ཅི་བཞིན་བོད་ཀྱི་རྟ་ནོར་ལུག་གསུམ་དང་། གལ་ཆེ་ཤོས་ཤིག་ལ་བུད་མེད་དང་བྱིས་པ་སྲུང་སྐྱོབ་བྱེད་ཆེད་དུ་མཁོ་བ་རེད།
བོད་ཀྱི་འབྲོག་ཁྱི་ནི་འཛམ་གླིང་ནང་རྒོལ་འཛིང་ལྡན་པའི་ཁྱི་ཞིག་རེད། ཁོ་ཡི་མིག་ཤེས་གསལ་ལ་རྣ་ཤེས་རྣོ་བ་། ཤེད་སྟོབས་ཆེ་ལ་སོ་རྣོ་བའི་ཁྱད་ཆོས་ལྡན། འཛམ་གླིང་ཁྱི་ཡི་ཁྲོམ་ར་ནང་། བོད་ཀྱི་འབྲོག་ཁྱི་དར་མ་ཞིག་ལ་ཨ་སྒོར་ཁྲི་བཞི་དང་ལྔ་བར་གནས་ལ། འབྲོག་ཁྱི་ཕྲུ་གུ་ཞིག་ལ་ཨ་སྒོར་སྟོང་ལྔ་ནས་ཁྲི་གཅིག་གི་རིན་ཐང་ཡོད་འདུག བོད་ཀྱི་འབྲོག་ཁྱི་ནི་བོད་ཀྱི་མཐོ་སྒང་དུ་འཚོ་སྡོད་བྱས་པའི་བོད་མི་མཉམ་ཇག་པ་དང་། རྐུན་མ། སྤྱིང་ཀི་སོགས་འགོག་སྲུང་ཐུབ་མཁན་གྱི་ཁྱི་སྟོབས་ཆེན་ཞིག་རེད།
ཁྱེད་དཔེ་ཡག་པོ་བཀོད་འདུག་པའི་ཐུགས་རྗེ་ཆེ། བྱས་ན་ལྷ་ས་ཨབ་སོག་lhasa apsoཞེས་པ་དེ་ཚོ་ཡང་དབྱིན་ཡུལ་དུ་ཁྱེར་ནས་མིང་འདོགས་པ་རེད་པས།
འབྲོག་ཁྱི་སྐོར་གནས་ཚུལ་ཤེས་བས་སྤྲོ་བོ་བྱུང་ལ། བོད་དུ་འབྲོག་ཁྱི་མཐོང་ན་བྲོས་འགྲོ་བ་ལས། དེ་ལ་རྒྱུས་ལོན་དང་ཉམས་ཚོད་ལེན་རྒྱུ་བློ་ཡིད་དུ་མ་འཁོར། དངོས་གནས་མཐོང་བ་ཙམ་གྱིས་འཇིགས་ཡེར་བ་ཞིག་འདུག འབྲོག་ཁྱི་ཡོད་པའི་བོད་མི་ཞིག་གིས་འབྲོག་ཁྱི་ཡི་གཤིས་ཀ་དང་། བློ་གཏོད་རུང་མིན་ལ་གསལ་ཁ་ཞིག་འདོན་རོགས།
སྐུ་ཉིད་ཀྱིས་འབྲོག་ཁྱིའི་ལོ་རྒྱུས་སྐོར་གྱི་རྩོམ་ཡིག་དེ་ལ་རྗེས་སུ་ཡི་རང་
ཞུས་བཞིན་ཡོད། ཐུགས་རྗེ་ཆེ། ཡིན་ནའང་འབྲོག་ཁྱིའི་ཡོན་ཏན་གསལ་བསྒྲགས་གནང་རྒྱུ་མང་ན་ཚོང་པ་དང་རྐུན་མ་དེ་ཚོས་རང་རེའི་ཕ་ཡུལ་བོད་ཀྱི་འབྲོག་ཁྱི་ཤུལ་ལྷག་རྣམས་ཀྱང་བཞག་རྒྱུ་མ་རེད་བསམ་པའི་སེམས་ཚབ་ཡོང་གི་འདུག་ད།
ཁྱི་ཤྲྰིའི་རང་སྣང་གང་ཤར་མ། །
ཝྃ་ཧྥུའི་ཝབ་ཧྥུས།
ཀི་ར་ཛྰ་རྒྱ་བོ་མ་ཎི་ཀ །
བྱམས་ཁྱི་མོར་སྤྲུལ་པ་མེེ་ཏྲྰི་ཡ། །
ལས་རྒྱུ་འབྲས་མཁན་མོ་ཧ་དཀར་ལོ། །
ཁྱིའི་མཁན་སྤྲུལ་དམ་པར་ཕྱག་མཆོད་འབུལ། །
རྒྱ་དཀར་པོའི་ཆོས་རྒྱུན་ཁྱི་ཡིས་འཛིན། །
བོད་གངས་ཅན་ནོར་ཕྱུགས་ཁྱི་ཡིས་སྐྱོང་། །
རྒྱ་ནག་པོའི་སྐད་རིག་ཁྱི་ཡིས་སྤེལ། །
ཁྱི་ངེད་ཚོ་བཀའ་དྲིན་ཤིན་ཏུ་ཆེ། །
ཁྱི་ཆོས་ནོར་སྲུང་མ་རིན་པོ་ཆེ། །
བྱམས་དྲན་ལྡན་བཟོ་ཤེས་མཁས་པ་ཡིན། །
ངན་འཁོན་འཛིན་མེད་པའི་བཙུན་པ་ཡིན། །
ཟས་གཙང་ཞེན་མེད་པའི་རྣལ་འབྱོར་ཡིན
ཁྱི་བཟང་པོ་སེངྒེ་ལས་ཀྱང་ལྷག །
གཡུ་རལ་བ་མེད་ཀྱང་སྤྱང་གྲུང་འཛོམས། །
ཁྱི་སྨྱོ་ན་འཇིག་རྟེན་འཁོར་བ་སྐྲག །
རྗེ་བཙན་པོ་དཀྲོངས་པའི་ལོ་རྒྱུས་བཞིན། །
སྣ་དབང་ལྡན་དུས་གསུམ་བཟང་ངན་ཚོར། །
ལྗགས་དྲི་མེད་སངས་རྒྱས་དཔེ་བྱད་མཚོན། །
རྣ་ཀུན་གསང་དགྲ་ཇག་བསླུ་མེད་རྟོགས། །
དོན་དགའ་ཤེས་མཇུག་མ་ལིངས་ལིང་གཡོ། །
རྗེ་བླ་བྲང་འཛིན་པའི་བདག་མོ་མཆོག །
དཔོན་གསོག་པ་སྲུང་བའི་དམག་དཔོན་ཡིན། །
སྨན་ཡ་རབ་གཉེར་བའི་ཉུག་རིམ་པ། །
སྒོ་གྲོང་འདབ་གོ་བའི་མཁྱེན་ལྡན་ལགས། །
སྐུ་རྫིག་ཉམས་དོད་ཅིང་གཟི་བརྗིད་ཆེ། །
གསུང་ཝྃ་ཧྥུའི་སྒྲོགས་པའི་སྒྲ་སྙན་ཡིན། །
སེམས་བསམ་པ་དཀར་བའི་སྒོ་སྲང་ལགས། །
ཁྱི་ང་ཚོ་མེད་དུ་མི་རུང་ངོ་། །
ཁྱི་ནག་མོ་ཟེར་ནས་སྨད་ན་རུང་། །
ཁྱིམ་གྲུ་བཞིའི་བདག་པོའི་ཉེན་རྟོག་ཚུལ། །
ཁྱིའི་ཁྱད་ཆོས་ཤེས་ན་ངོ་མཚར་ཆེ། །
ཁྱིའི་དྲིན་ལན་མ་བརྗེད་འགྲོ་བ་མི། །
སྐེ་ལྕགས་ཐག་ལྕི་བའི་ན་ཟུག་གཅིག །
ཟས་ཞིམ་ཟས་མ་སྤྲད་ཁྱད་གསོད་གཉིས། །
འདུག་རང་ཁྱིམ་མི་དབང་ཁྲེལ་མེད་གསུམ། །
སུས་མ་སྤྲད་འགྲོག་བདེ་དུད་འགྲོ་ཁྱི། །
བསམ་ཤེས་ན་ང་ཚོ་སེམས་དཔའ་ཡིན། །
ཁྱིམ་སྦྱིན་བདག་ཡོང་ན་དགའ་ཡོད། །
སྡང་དགྲ་བགེགས་བྱུང་ན་ཟུག་རྒོད་ཡོད། །
རོགས་མི་དགོས་རང་མལ་སྐྱིད་ཉལ་གཏམས།
མི་འགའ་ལས་ཁྱི་ཚོ་ཤིན་ཏུ་བཟང་། །
དཔའ་སྤྱང་གྲུང་འཛོམས་པའི་ཁྱི་རྣམས་ཀྱིས། །
ལས་རྒྱུ་འབྲས་སྐྱེ་བ་སྔ་ཕྱིར་འདོད། །
ཁྱི་ལྟོར་རྔམ་ཁྱི་འཁྱམས་མ་གསུངས་རོགས། །
ཁྱི་ངེད་ཚོ་རྒྱུ་འབྲས་སློབ་དཔོན་ཡིན། །
མི་འགྲོ་བའི་བརྩེ་གྲོགས་དག་མ་ཡིན། །
ཁྱི་མ་སྨད་སྨྲ་ཤེ་དོན་གོ་ཚོ། །
མི་འགའ་ལས་བྱམས་བརྩེ་ཁྱི་ཚོ་ཆེ། །
ཕྱི་རང་དབང་རང་ཁྱིམ་རང་བདག་གཅིག །
ནང་བྱམས་བརྩེ་ནང་མི་འདྲ་མཉམ་གཉིས། །
དོན་བཟང་པོས་དྲང་བདེན་མཛད་པ་གསུམ། །
ཁྱི་རྒྱ་བོས་སྙིང་ནས་རེ་བསྐུལ་ལགས། །
ཞེས་༢༠༠༩ ༨ ༣ ཉིན་ཟིན་བྲིས་ཞིག་མཐོང་བའི་རྐྱེན་ལས་
ཛྙྰ་ནའི་ཀུན་བཟང་ནགས་ཀློང་ནས་ཤྲྰི་སྨྱོན་པས་གང་ཤར་བྲིས་པ་དགེའོ། །
ཚེ་རིང་དོན་གྲུབ་ལགས་