ཤེད་བུས་འོས་སྦྱོར་བྱས།
ང་ཚོར་གསུམ་བཅུའི་དུས་དྲན་སྲུང་བརྩི་ལ་ངོས་འཛིན་གསལ་བོ་ཞིག་དགོས། གསུམ་བཅུའི་དུས་དྲན་མི་ཤེས་པའི་མི་ཞིག་གིས་བོད་རྒྱལ་ཁབ་ཅི་ལྟར་ཤོར་བ་མི་ཤེས་ལ། རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ཀྱི་འབྲེལ་བའང་མི་ཤེས། གསུམ་བཅུའི་དུས་དྲན་ཅིའི་ཕྱིར་སྲུང་བརྩི་བྱས་པ་ཤེས་པ་ལ་བོད་མིའི་རང་དབང་སྒེར་ལངས་ཅིའི་ཕྱིར་ལངས་པ་ཤེས་དགོས་ཤིང་། དེ་ནི་ཕྱོགས་གཅིག་ནས་རྒྱ་དམར་སྲིད་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཕྱིར་དུ་ལངས་པ་ཡིན་ཏེ། ཉིན་དེར་༼རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན་༽ཞེས་པའི་འབོད་སྒྲ་ཞིག་གིས་བོད་ཀྱི་རྒྱལ་སའི་གནམ་ས་ཡོངས་སུ་གཡོས་པའི་ཕྱིར། ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེའི་སྐུ་སྲོག་ལ་བར་ཆད་ཡོང་དོགས་ཀྱི་འཇིགས་སྔང་གིས་ལངས་པ་ཡིན་ཏེ། རྒྱ་ནག་གིས་རྒྱལ་བ་རིན་པོ་ཆེ་དམག་སྒར་ནང་གདན་ཞུ་བྱས་པ་གསང་རྒྱ་བྱེད་དགོས་པ་དང་དེ་ལ་སྐུ་སྲུང་བཅར་མི་ཆོག་པའི་བཙན་བཀའ་བཏང་བ་ཐོས་འཕྲལ་མི་མང་ཕྱོགས་བཞི་མཚམས་བརྒྱད་ནས་འདུས་པས་ཉིན་དེ་བོད་ཀྱི་རྒྱལ་ས་ལྷ་སར་མི་མང་འདུ་འཛོམས་ཆེས་མང་པའི་ཟིན་ཐོ་རུ་གྱུར་པའི་ཕྱིར།
ད་དུང་གསུམ་བཅུའི་དུས་དྲན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་བཙན་བྱོལ་དུ་ཕེབས་ནས་ཁོང་གིས་དབུ་ཁྲིད་དེ་སྲུང་བརྩི་གནང་བའི་དུས་དྲན་ཐོག་མ་དང་། སྲིད་དབང་ཡོངས་སུ་རྩིས་སྤྲོད་ཀྱི་བར་དུ་ལོ་རེ་བཞིན་རྒྱ་བོད་དབར་གྱི་སྲིད་བྱུས་འཛིན་ཕྱོགས་དང་། བོད་དོན་གྱི་ཕྱི་ནང་གསང་གསུམ་ལ་ལམ་སྟོན་རང་བཞིན་གྱི་གསུང་འཕྲིན་ཆག་མེད་དུ་གནང་བའི་དུས་དྲན་གལ་ཆེན་དེ་ཡིན་པས། གསུམ་བཅུའི་དུས་དྲན་ནི་རང་དབང་ཐོབ་དུས་གསེར་ནག་གི་རྡོ་རིང་བཞེངས་སའི་དུས་དྲན་དང་། རང་དབང་མ་ཐོབ་ཀྱི་བར་དུ་སྤུན་ཟླ་འབུམ་ཕྲག་ལྷག་གི་ཚེ་སྲོག་དགྲ་ལ་ཤོར་བའི་མྱ་ངན་དང་སྙིང་སྟོབས་རྗེས་དྲན་གྱི་ཉིན་མོ་ཡིན་པར་ངོས་ཟིན་དགོས། ཕྱོགས་ངོས་འདི་དག་ནས་བལྟས་ན་གསུམ་བཅུའི་དུས་དྲན་སྲུང་བརྩི་ལ་སྲིད་བྱུས་ཀྱི་ལངས་ཕྱོགས་ཤིག་གིས་འགྲེལ་བཤད་མི་ཐུབ།
དེ་ལྟར་གསུམ་བཅུའི་དུས་དྲན་ནི། མི་རིགས་ཤིག་གི་རང་དབང་ཡོངས་སུ་ཤོར་བ་ལ་ལོ་རྒྱུས་རང་བཞིན་གྱི་ངོ་རྒོལ་གྱི་ཉིན་མོ་དང་། རང་ཐག་རང་གཅོད། ཆོས་དད་རང་དབང་སོགས་ཡོངས་ཁྱབ་ཀྱི་གཞི་རྩའི་ཐོབ་ཐང་འཐབ་རྩོད་ཀྱི་ཉིན་མོ་ཞིག་ཡིན་པས། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག་གི་རང་དབང་ལ་རྒྱང་འབོད་དང་མི་རིགས་ཀྱི་བདེན་པའི་དཔའ་སྤོབས་ཡོངས་སུ་མངོན་པའི་ཉིན་མོ་དེ་རེད། ལྷག་པར་ད་ལོ་ནི་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་དྲུག་ཅུ། རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་ནས་ལོ་དྲུག་ཅུ། དམར་པོའི་བཙན་འཛུལ་གྱིས་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ས་ལ་བསྲེས་ནས་ལོ་དྲུག་ཅུ། རྒྱ་དམར་གཞུང་བཙུགས་ནས་ལོ་བདུན་ཅུ། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་སུམ་ཅུ། རྩ་རླུང་སྒོམ་སྒྲུབ་པར་དྲག་གནོན་བྱས་ནས་ལོ་ཉི་ཤུ་བཅས་འགྲོ་བ་མིའི་རིགས་ཀྱི་མུན་ནག་གི་དུས་ཆེན་རིམ་པ་ཅན་ཞིག་གི་གལ་ཆེའི་ཉིན་མོར་འཁེལ་ཡོད་པས། ད་ལོའི་གསུམ་བཅུའི་དུས་དྲན་དམིགས་བསལ་ཀུན་ལས་ཀྱང་དམིགས་བསལ་དུ་གྱུར་ཡོད།
རྒྱ་ནག་ལ་མཚོན་ནའང་ད་ལོ་ནི། དུས་ཆེན་ཆེས་མང་བའི་ལོ་ཞིག་དང་འཇིགས་དངངས་ཆེས་ཆེ་བའི་ལོ་ཞིག་ཡིན་ཏེ། དུས་ཆེན་རེ་རེ་བཞིན་རྫུན་ཁྲམ་དང་དྲག་ཤུགས་ཀྱིས་ཁྲག་གི་འཁོར་ལོ་བསྐོར་ཞིང་ཤ་འཁོན་གྱི་ས་བོན་བཏབ་སྟེ་འོངས་པ་ཞེ་གཅིག་དང་། ལྷག་པར་ད་ལོ་ནི་ཨ་རི་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་འཕྲུལ་ལས་དང་དམག་དོན། དཔལ་འབྱོར་དང་ཆབ་སྲིད་བཅས་པར་དོགས་སོན་དང་གླེང་གཞི། ཁ་གཏད་དུ་གྱུར་བའི་ལོ་ཞིག་ཡིན་པས། ཞིས་ཅིན་ཕིན་གྱི་རྒྱ་ནག་གོང་མའི་རྒྱལ་ས་བརྟན་ལྷིང་ལྟ་ཅི་དམར་པོའི་སྲིད་གཞུང་ཡང་མགོ་རྟིང་སློག་ཉེན་གྱི་སྔང་སྐྲག་ཆེན་པོའི་འོག་གནས་ཡོད་པས། རྒྱ་ནག་གི་ཆེས་ཆེ་བའི་སྔང་སྐྲག་གི་ལོ་ཞིག་ཡིན་པར་སྨྲས་ཀྱང་འགྲིག་པར་འདོད། འུ་ཅག་གི་རེ་སྒུག་དང་རྒྱ་ནག་གི་སྔང་སྐྲག་ཏུ་གྱུར་བའི་ལོ་འདི་དག སྟབས་མ་ལེགས་པར་རྒྱ་ནག་གིས་ཕར་བསྐྱལ་ན་རྒྱལ་སྤྱིའི་གནམ་ས་དམར་པོར་གྱུར་པ་མ་ཟད། ཞི་བདེ་དང་དྲང་བདེན། མང་གཙོ་དང་རང་དབང་སོགས་ཡོད་ཚད་ནས་ཡོད་ཚད་གད་སྙིགས་ཏུ་གྱུར་པ་རེད།
དྲང་མོར་བརྗོད་ན། རྒྱ་ནག་གིས་དུག་ལྔ་མཉམ་སྦྲེལ་དང་ཁ་བྲལ་སོགས་ཀྱི་རྫུན་བསྒྲགས་བསྟུད་མར་བྱས་པའི་རྐྱེན་གྱིས་རྒྱ་ནག་ལ་རྒོལ་བའི་དྲང་བདེན་གྱི་འཐབ་རྩོད་མང་པོ་ཞིག་ལ་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་སྣང་མེད་ཤོར་དེ། ཇག་རྒྱབ་ཇག་ལངས་མ་བྱས་ཀྱང་ངན་པ་རྒྱ་ཡན་དུ་གཏོང་ཐལ་ཤོར་ནས། ད་ནི་རྒྱལ་སྤྱིའི་རྩ་སྒྲོམ་གྱི་མ་ལག་ཐམས་ཅད་ཀྱི་ནང་དུ་རྒྱ་ནག་གི་གཡོ་འཕྲུལ་དང་སྐྱག་རྫུན་གྱི་འདྲེ་ཤིག་གིས་གང་བར་གྱུར་ཏེ། དོགས་ཟོན་དང་ཁ་གཏད། ལར་ནས་ནུབ་ཕྱོགས་པ་དག་འཇིགས་སྣང་ཡང་སྐྱེ་གིན་འདུག ངོ་མཚར་གྱི་འཐབ་འཛིང་ལྟད་མོ་འདིས་འུ་ཚོར་གྲུབ་འབྲས་ཅི་ཞིག་སྟོན་མིན་ལྐོག་ཏུ་གྱུར་ཡང་། ད་ནི་གོ་སྐབས་ཡོད་ཚད་ཀྱི་སྒེའུ་ཁུང་ང་ཚོ་ལ་གདེང་བས་རྒྱལ་སྤྱིའི་འགྱུར་འགྲོས་དང་སྟབས་བསྟུན་གྱི་ལྔ་དང་ལྔ་བཅུའི་འཆར་གཞི་ཅི་ཡོད་ཀྱང་གློ་ཁུག་ལས་འདོན་པར་རན་ཡོད།
རྨི་ལམ་ནི་མངོན་དུ་གྱུར་དགོས་པའི་ངེས་པ་མེད་ཀྱང་འཐབ་རྩོད་ནི་གྲུབ་འབྲས་དང་གོ་སྐབས། གྲ་སྒྲིག་དང་སྙིང་སྟོབས་བཅས་ལ་བརྟེན་ཅིང་འབྲེལ་བས། འུ་ཚོར་ད་དུང་ལོ་ངོ་དྲུག་ཅུའི་སྙིང་སྟོབས་དང་གྲ་སྒྲིག་དགོས་སྲིད་ལ། འུ་ཚོའི་གོ་སྐབས་དང་རེ་སྒུག་ད་ལོ་ནས་མགོ་རྩོམ་མི་སྲིད་པའི་ངེས་པའང་མེད་ཚོད། ཚོགས་འདུ་བརྒྱ་སྟོང་གི་གྲུབ་དོན་དུ་་གྱུར་བའི་ལྔ་དང་ལྔ་བཅུའི་འཆར་སྣང་འཆར་ཡན་གྱི་དབྱིངས་སུ་དགུང་མི་བསྟོད་པར་དངོས་ཡོད་ཀྱི་གནས་སུ་ས་ལ་བབ་ན་ཅི་མ་རུང་།
༢༠༡༩ ལོའི་ཟླ་ ༠༢ ཚེས་ ༢༨ ཉིན།
གསུམ་བཅུའི་དུས་དྲན་ནི།
་་་་་་་་་ དེ་ནི་ཕྱོགས་གཅིག་ནས་རྒྱ་དམར་སྲིད་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་གྱི་ཕྱིར་དུ་ལངས་པ་ཡིན་ཏེ། ཉིན་དེར་༼རྒྱ་དམར་བོད་ནས་ཕར་རྒྱུགས་ཤིག བོད་ཀྱི་བདག་པོ་བོད་མི་ཡིན་༽ཞེས་པའི་འབོད་སྒྲ་ཞིག་གིས་བོད་ཀྱི་རྒྱལ་སའི་གནམ་ས་ཡོངས་སུ་གཡོས་པའི་ཕྱིར། ་་་་་་་
བོད་གཞིས་བྱེས་ཀྱི་ལོ་དྲུག་ཅུ་ནི།
་་་་་་་་་་་ ལྷག་པར་ད་ལོ་ནི་བོད་གཞིས་བྱེས་གཉིས་སུ་གྱེས་ནས་ལོ་དྲུག་ཅུ། རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་ནས་ལོ་དྲུག་ཅུ། དམར་པོའི་བཙན་འཛུལ་གྱིས་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ས་ལ་བསྲེས་ནས་ལོ་དྲུག་ཅུ། ་་་་་་་་་་་
ལོ་རྒན་དྲུག་ཅུ་ཟེར་བ་དང་གཅིག
ཆིག་སྟོང་དགུ་བརྒྱ་ང་དགུ་དང་གཉིས།
ཉིས་སྟོང་བཅུ་དགུའི་དྲུག་ཅུ་དང་གསུམ།
གཞིས་བྱེས་ཁ་གྱེས་ནས་དྲུག་ཅུ་དང་བཞི།
གཞིས་བྱེས་མང་ཕོའི་སྲོག་ཤོར་བའི་དྲུག་ཅུ་ལྔ།
ཞི་རྒོལ་མུ་མཐུད་བྱ་ཡུན་གྱི་དྲུག་ཅུ་དང་དྲུག
གྲྭ་བཙུན་མང་པོ་དམར་གསོད་ཐེབས་པའི་ལོ་དྲུག་ཅུ་དང་བདུན།
དགོན་པ་གྲྭ་ཚང་མང་པོ་གཏོར་ཤིག་ཐེབས་པའི་ལོ་དྲུག་ཅུ་དང་བརྒྱད།
བོད་རིགས་གཞིས་བྱེས་གཉིས་ནས་བསྟན་དྲི་སླར་གསོ་བྱས་པའི་ལོ་དྲུག་ཅུ་དང་དགུ
༸གོས་ས་མཆོག་དབུས་བོད་མིས་ཛམ་གླིང་ཡོངས་ལ་ཆོས་དང་དྲང་བདེན་སྤེལ་བའི་ལོ་རྒན་དྲུག་བཅུའོ།།