ཤེད་བུས་འོས་སྦྱོར་བྱས།
པེ་ཅིན་གྱི་སྐུ་འགྲོན། རྒྱལ་སྤྱིའི་བོད་རིག་པ་བ།
ད་ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་ཚུགས་ནས་ལོ་བཞི་བཅུ་འཁོར་ཞིང་ཚོགས་ཆེན་ཐེངས་བཅོ་ལྔ་བ་ཉིན་ཤས་རྗེས་ཕ་རེ་སི་ལ་འཚོགས་ཀིན་ཡོད། ང་ཚོས་ཚོགས་པ་འདིའི་ལོ་བཞི་བཅུ་ཐམ་པ་དང་། ཚོགས་ཆེན་བཅུ་བཞིའི་བཞུད་ལམ་ལ་ཕྱིར་མིག་ཅིག་འཕངས་ན། ལོ་བཞི་བཅུའི་འདུ་འཛོམས་དང་བགྲོ་གླེང་དག་ནི་རི་བོ་མཐོན་པོ་ཞིག་ཡིན་སྣང་སྟེར་ལ། རི་བོ་འདིའི་ཉིན་ངོས་ནས་བལྟས་ན། ལབ་ཙེ་དང་དར་ལྕོག་གིས་བརྒྱན་པའི་རི་བོ་ཞིག་མཐོང་བ་མ་ཟད། ལྕགས་དྲས་ཡོངས་སུ་བསྐོར་བའི་རི་བོ་དེ་སྨན་རྩྭ་དང་མེ་ཏོག་གི་དྲི་ངད། འབྲོང་གཡག་གི་ཧུར་སྒྲ་བཅས་ཐོས་ཐུབ་པ་ཡིན། དེ་ནི་ར་རྩེ་རྣོ་ལ་རྔ་གུར་གྱིས་འཕྱོ་བའི་ལས་རྟགས་གཡག་རྒོད་དེས་མཚོན་པར་འདོད་དེ། བོད་ཁ་བ་ཅན་གྱི་མི་རིགས་རིག་གནས་དང་བཅས་པའི་དོན་གྱི་བདག་པོ་གཞིས་འཛིན་སྤུན་ཟླའི་ཁྲོད་ཀྱི་ཞིབ་འཇུག་པ་རྒན་གཞོན་མང་པོ་ཞིག་ལོ་ལྟར་འདི་ལ་ཕེབས་ཀྱིན་ཡོད། ཁོང་ཚོས་སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་ནས་རིགས་ལམ་གྱི་མཚོན་ཆ་དྲག་ཏུ་བསྐོར་བའི་བོད་ཀྱི་སྲོལ་རྒྱུན་རིག་པའི་བང་མཛོད་ཁྲོད་དུ་སྒེར་ཁྱབ་རྩིག་པའི་བུ་ག་ལ་རྒྱང་ཤེལ་བཀར་ནས་ས་ས་དང་རྡོ་རྡོ་རུ་རྣམ་པར་དབྱེ་བའི་ནུབ་ཕྱོགས་ཀྱི་ཞིབ་འཇུག་གི་ཐབས་ལམ་མང་པོ་ཞིག་ནང་འདྲེན་བྱེད་ཀྱིན་ཡོད། ཚོགས་པ་འདིའི་ལག་ཡོང་དང་དགེ་མཚན་ཡོད་ཚད་ཀྱང་མདོར་དྲིལ་ན་འདི་ལས་བརྒལ་ཨེ་ཡོད་སྙམ། ཡིན་ནའང་། ཚོགས་པ་འདི་ཚུགས་པ་ནས་མཚམས་མ་ཆད་པར་འཕྲད་པའི་དཀའ་ངལ་ཡང་གཞིས་འཛིན་ཞིབ་འཇུག་པས་ཆ་ཤས་ལེན་པ་ལ། སུ་ཞིག་གི་ཚད་བཟུང་དང་བཀག་འགོག འདམ་གསེས་ཡོད་པ་དེ་བར་ཆད་ཅིག་ཡིན།
སྲིབ་ངོས་ནས་བལྟས་ན་སྐྱ་ཆད་སྔོ་རྡིབ་ཀྱི་རི་གོག་ཅིག་མཐོང་ཞིང་། དར་དམར་དང་མགྲོན་ཤོག་གི་རླུང་རྟ་འཕུར་ཞིང་། ཚོད་ཚོད་ལ་འབྲུག་སྟོང་འུར་རུ་རུ་གྲག་ལ། གྲོག་མ་སྔོན་པོའི་མཁར་གྱང་ནམ་མཁར་ཟུག་པའི་དབུས་སུ་ཡ་སོ་ཅན་གྱི་གཡག་དམར་པོ་ཞིག་གིས་རྔ་གཟེང་བྱེད་ཀྱིན་ཡོད། དཔེ་ཆ་སྣ་རིང་ཀློག་མི་ཤེས་པའི་བོད་རིག་པ་བ་ཚོས་བོད་ཀྱི་རིག་གནས་མ་ཆོད་པར་ཡ་སོ་རྫུན་མ་ཞིག་སྤྲད་ནས་སོ་ཤད་བྱེད་ཀྱིན་པ་མཚོན་པས། དེ་ཡང་ཕྱོགས་གཅིག་ནས་མཚོན་དོན་ལ་གནས་པ་འདྲ། རྩིད་པ་དམར་པོ་ཅན་གྱི་གཡག་རྒན་དེས་པེ་ཅིན་གྱི་སྐུ་འགྲོན་དུ་གྱུར་པའི་བོད་རིག་པ་བ་དག་མཚོན་ཏེ། ཁོང་ཅག་གི་རྩོམ་ཡིག་དག་རྒྱ་ནག་གཞུང་འབྲེལ་གྱི་དཔར་བསྐྲུན་ཁང་དག་ནས་རྒྱལ་སྤྱིའི་བོད་རིག་པ་བ་དང་། མཁས་དབང་ཅིག་གི་གསུང་འབུམ་ཞེས་གསེར་གྱི་དབུ་རྒྱན་ཤམ་མེར་དཔར་བསྐྲུན་བྱེད་དང་བྱེད་མུས་སུ་ཡོད། རྒྱ་ནག་ཏུ་གཡག་དམར་པོའི་བརྩམས་ཆོས་ལ་བཀག་རྒྱ་མེད་པ་མ་ཟད། གཡག་དམར་པོ་དག་ལ་རྒྱ་གཞུང་གི་སློབ་ཆེན་ཁག་ན་གཏམ་བཤད་ཀྱི་སྡིངས་ཆ་ཡོད་ལ། འཐབ་ཕྱོགས་གཅིག་གྱུར་ཁང་ན་འགྲོན་ཤོག་དང་བོད་ཡུལ་ལྟ་སྐོར་གྱི་སྣེ་ཤན་པ་ཡོད།
ཕྱོགས་གཅིག་ནས་རང་དབང་མེད་པའི་བོད་ཀྱི་ཆེས་རང་དབང་ཅན་དག་ནི་ཁོ་ཚོ་ཡིན་མོད། རང་དབང་ལུང་བར་ཁོ་ཚོའི་རང་དབང་ཡོངས་སུ་ཤོར་ཏེ། རྒྱ་ནག་གི་ཁྲམ་ལས་དག་ལ་གླེང་སློང་ཙམ་ཡང་ལྟ་ཅི་ཐ་ན་རྒྱལ་མཆོག་ཡིད་བཞིན་ནོར་བུར་ཚིགས་བཅད་ཤོ་ལོ་ཀ་གཅིག་འབྲི་བའི་རང་དབང་ཡང་ཤོར་ཡོད། ད་དུང་ཁོ་ཚོས་ཆོས་དང་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་པའི་སྐད་ཆ་སྙིང་རྗེ་བོ་ཞིག་བཤད་ཀྱང་དོན་དངོས་ནི་ཨ་ཞང་ལ་ཕོག་ཐུག་མི་གཏོང་ཞེས་པ་ཙམ་ལས་འདའ་མེད། ཞིབ་འཇུག་པ་འདི་ཚོས་འདོད་རྔམ་ཅི་ཞིག་གི་ཆེད་དུ་འདི་ལྟར་རང་དབང་ལུང་བ་ནས་རང་གི་སྨྲ་ལྕེ་ལྕགས་སྐུད་ཀྱིས་ལྡོམ་གྱིན་ཡོད་ཨང་།
མཚོན་ཐབས་ཀྱི་བཤད་ཚུལ་འདི་དག་བོད་སྐད་ཀྱི་གཏིང་ལོན་མེད་པའི་ཞིབ་འཇུག་པ་ཚོས་གོ་དཀའ་ཚོད་ཡིན་པས་དམར་རྗེན་དུ་བཤད་ན། ཚོགས་ཆེན་འདི་ལ་འཆར་གཞི་དང་གྲོས་ཆོད། ལངས་ཕྱོགས་དང་ལྟ་བ་དམིགས་བསལ་བ་གང་ཡང་མེད་པར་ཧ་ཅང་ཀུ་ཡངས་ཡིན་མོད། ཚོགས་ཆེན་འདི་ལ་མི་ཆོག་པ་གཉིས་ཡོད་པ་ནི། རྒྱ་ནག་དང་རྒྱ་གར་ནས་འཚོགས་མི་ཆོག་པ་དེ་ཡིན། རྒྱ་ནག་ནས་འཚོགས་ན་རྒྱ་གར་གྱི་བོད་རིག་པ་བ་དག་མཉམ་ཞུགས་བྱེད་མི་ཐུབ་པ་དང་རྒྱ་གར་ནས་འཚོགས་ན་གཞིས་བཞུགས་ཉམས་ཞིབ་པ་དག་ཞུགས་མི་ཐུབ་པའི་རྒྱུ་མཚན་གྱིས་དེ་ལྟའི་ཐག་བཅད་ཅིག་ཡོད། ཡིན་ནའང་། གཡག་དམར་པོ་དག་ལ་དཀའ་ངལ་དེ་འཕྲད་ཀྱིན་མེད་པས་མི་ཆོག་པ་དེའང་ཡུན་རིང་གནས་དཀའ་བར་འདོད། བྱེས་ཀྱི་ཚོགས་བཅར་བ་གསར་བ་དག་གི་ནང་དུ་ཞིབ་འཇུག་པ་དངོས་མིང་དུ་འཇུག་མཁན་རེ་ཟུང་ལས་མེད་པར་མང་ཆེ་བ་ད་བ་ས་ཀྱིའི་རབ་འབྱམས་པ་ཙམ་གྱིས་རབ་ཏུ་ཕྱེ་ཡོད། ཚུལ་འདི་ནས་བསམས་ན་ངུ་མ་དགོད་ཀྱི་ཚོར་བ་ཡ་མ་བརླ་ཞིག་གིས་སྦྲིད་པར་འགྱུར་མོད། ཚོགས་ཆེན་སྔ་མའི་སྐབས་སུ་དབྱིན་ཡིག་དང་རྒྱ་ཡིག་ནས་རྒྱུ་ཆ་ལེན་པའི་སྐད་ཡིག་གི་ཤེས་རབ་ཡོད་པ། བོད་སྐད་ཡིག་གི་སྨྲ་ལྕེ་ལ་རྣོ་དབལ་རྒྱས་པའི་གཞིས་འཛིན་གཞོན་སྐྱེས་ཞིབ་འཇུག་པ་མང་པོ་ཞིག་གིས་ཚོགས་པ་འདིར་ཆ་ཤས་ཕྲན་བུ་རེ་ལེན་ཐུབ་ཀྱིན་ཡོད་པ་དེ། ང་ཚོའི་རེ་བའི་ཁྲོད་ཀྱི་རྒྱལ་སྤྱི་བོད་རིག་པ་བའི་ཚོགས་ཆེན་ཡིན་པར་སྙིང་ནས་སྙམ་ཆོག་པར་འདོད།
འདས་པའི་དུས་སུ་ཚོགས་པ་འདི་ལ་གཞུང་གཉེར་གྱི་དྲ་ངོས་ཤིག་ཡོད་ལ། དེའང་ཚོགས་ཆེན་གྱི་གསལ་བསྒྲགས་སྤེལ་ས་ཙམ་ལས་ཆེན་པོ་བརྒལ་ཐུབ་མེད། ཚོགས་ཆེན་རེ་རེའི་སྐབས་སུ་དཔྱད་རྩོམ་བརྒྱ་ཕྲག་ཁ་ཤས་རེ་འབྱོར་གྱིན་ཡོད་ཀྱང་དུས་ལྟར་དེ་དག་དཔར་བསྐྲུན་ཙམ་ཡང་བྱེད་ཐུབ་ཀྱི་མེད། སྔ་དུས་སུ་ཞིབ་འཇུག་གི་དཔྱད་རྩོམ་འགའ་རེ་དེབ་གཟུགས་སུ་བཟོས་ནས་ཚོགས་བཅར་བ་དང་ལས་ཁུངས་ཁ་ཤས་ནང་དུ་ལྟ་ཐུབ་ཅིང་། དེའང་དཔར་བསྐྲུན་ཁང་ཚད་ལྡན་དག་ནས་དཔར་ཡོད། ཡིན་ནའང་། རྩོམ་ཡིག་གི་སྤུས་ཀ་ལྟར་བདམས་ཀྱིན་མེད་པར་པེ་ཅིན་ལ་རྙོག་དྲ་མེད་པ་གཙོར་འཛིན་བྱེད་ཀྱིན་ཡོད་པའི་སྣང་ཚུལ་ཞིག་ཡོད་དེ། དཔེར་ན། དཔེ་མཛོད་ཉར་སྟངས་དང་ཞབས་དཀར་བའི་མགུར་འབུམ་ལ་དཔྱད་པ་ལྟ་བུའི་བཀྲ་ཤིས་བདེ་ལེགས་ཀྱི་རྩོམ་ཡིག་དང་ངོ་སྤྲོད་དག་གིས་དེབ་རིལ་གྱིས་བཀང་ཡོད། མ་གཞི་ནས་དེབ་ནང་ལ་འཁོད་མི་འཁོད་དེ་སྐབས་དེའི་ཚོགས་ཆུང་གི་དབུ་འཛིན་དང་ཉམས་ཞིབ་པ་རང་ཉིད་ཀྱི་ཆོག་མཆན་ལ་འབྲེལ་བ་ཡོད་པ་ཞིག་ལས་ཚོགས་པ་གཞུང་གི་ལྟ་བ་དང་ལངས་ཕྱོགས་སུ་བཤད་མི་སྤོབས་མོད། རྒྱལ་སྤྱིའི་བོད་རིག་པ་བའི་མིང་ཆེན་ཁུར་བའི་དེབ་དང་སྐད་ཆ་དག་གིས་ཚོགས་པ་འདི་མཚོན་དགོས་པ་དེའང་ངོས་གཅིག་རེད།
ཞིབ་ཕྲ་ཀློག་ཁོམ་མ་བྱུང་མོད། ང་ལའང་མཐོང་ཚུལ་འདི་རང་འོངས་མྱོོང་།
་་་་་་ གཡག་དམར་པོ་དག་ལ་རྒྱ་གཞུང་གི་སློབ་ཆེན་ཁག་ན་གཏམ་བཤད་ཀྱི་སྡིངས་ཆ་ཡོད་ལ། འཐབ་ཕྱོགས་གཅིག་གྱུར་ཁང་ན་འགྲོན་ཤོག་དང་བོད་ཡུལ་ལྟ་སྐོར་གྱི་སྣེ་ཤན་པ་ཡོད།
ཕྱོགས་གཅིག་ནས་རང་དབང་མེད་པའི་བོད་ཀྱི་ཆེས་རང་དབང་ཅན་དག་ནི་ཁོ་ཚོ་ཡིན་མོད། རང་དབང་ལུང་བར་ཁོ་ཚོའི་རང་དབང་ཡོངས་སུ་ཤོར་ཏེ། རྒྱ་ནག་གི་ཁྲམ་ལས་དག་ལ་གླེང་སློང་ཙམ་ཡང་ལྟ་ཅི་ཐ་ན་རྒྱལ་མཆོག་ཡིད་བཞིན་ནོར་བུར་ཚིགས་བཅད་ཤོ་ལོ་ཀ་གཅིག་འབྲི་བའི་རང་དབང་ཡང་ཤོར་ཡོད། ད་དུང་ཁོ་ཚོས་ཆོས་དང་ཆབ་སྲིད་ལ་འབྲེལ་བ་མེད་ཅེས་པའི་སྐད་ཆ་སྙིང་རྗེ་བོ་ཞིག་བཤད་ཀྱང་དོན་དངོས་ནི་ཨ་ཞང་ལ་ཕོག་ཐུག་མི་གཏོང་ཞེས་པ་ཙམ་ལས་འདའ་མེད། ཞིབ་འཇུག་པ་འདི་ཚོས་འདོད་རྔམ་ཅི་ཞིག་གི་ཆེད་དུ་འདི་ལྟར་རང་དབང་ལུང་བ་ནས་རང་གི་སྨྲ་ལྕེ་ལྕགས་སྐུད་ཀྱིས་ལྡོམ་གྱིན་ཡོད་ཨང་།་་་་་
བོད་ཀྱི་ཡིག་ཟམ་གྱི་སྐད་ཆ་འདི་རེད། ཡིག་ཟམ་པ་ཚོའི་ནང་ན་་་་་་་་་་་་་་་་
སྐད་གྲགས་ཆེ་བའི་རྒྱལ་སྤྱི་བོད་རིགས་པའི་ཚོགས་ཆེན་ཟེར་བ་དེ་འདྲ་ཡིན་ན་རྫ་ཆ་ཡག་ཧར་ནང་རིག་སོང་། འབྲོང་མགོ་རྡོ་ཡིན་ནོ་ཤེས་སོང་།