བོད ལྷ་ཀླུ་གཉན་གསུམ།
ང་དང་གྲོགས་པོ་ཞིག་གིས། བོད་ཀྱི་མ་འོངས་པའི་འཆི་གསོན་སྐོར་ཡུན་རིང་ཞིག་ལ་བརྩོད་པ་བྱས་པ་ཡིན། ཁོང་གིས་གསུངས་པ་ཡིན་ན། བོད་ཀྱི་རིག་གཞུང་ནི་ནང་ཆོས་ཀྱང་མ་རེད་ལ། སྐད་དང་ཡི་གེ་ཡང་མ་རེད་གསུངས་ཀྱི་འདུག་པ་མ་ཟད། རྒྱལ་བ་རིན་པོ་ཆེ་ཡི་གསུངས་པ་དེ་ཚོ་ཡང་བོད་ཀྱི་རིག་གཞུང་མ་རེད་ཟེར། དེས་ན་བོད་ཀྱི་རིག་གཞུང་གང་རེད་ཟེར་ན། དེ་ནི་གདོད་མའི་དུས་ནས་བཟུང་དེ་བོད་མི་རིགས་ཀྱི་གཤིས་ལ་འཇག་པའི་བག་ཆགས་ཤིག་ རེད་ཟེར་ནས་ཨུ་ཚུགས་མཐའ་བསྐྱེལ་གནང་གི་འདུག
ངས་ཁོང་ལ་བོད་མི་རིགས་འདི་ལ་སྐད་དང་ཡི་གེ་མེད་སོང་བ་ཡིན་ན། བོད་འདི་འཇིགས་ཚར་བ་རེད་ཅེས་བློ་ཐག་ཆོད་པོའི་སྒོ་ནས་བཤད་དུས་སུ། ཁོས་དེ་ནི་ང་རང་གི་བསམ་ཚུལ་དེ་ནོར་བ་རེད། བོད་ཀྱི་སྐད་དང་ཡི་གེ་འཇིགས་ཀྱང་བོད་མི་རིགས་འཇིགས་ཀྱི་མ་རེད། ད་ལྟའི་འཆར་སྐད་དང་ཡི་གེ་འཇིགས་ན་ཡང་དེ་ལ་སྐྱོན་ཆེན་པོ་མེད། དཔེར་ན་ཨེས་སུ་རལ་ལྟ་བུ་རེད། ཁོང་ཚོའི་སྐད་དང་ཡི་གེ་འཇིགས་ནས་རྗེས་སུ་རང་བཙན་ཐོབ་རྗེས་སུ་སྐད་དང་ཡི་གེ་ རྗོའི་ཆོས་ལུགས་ཀྱི་ཡི་གེ་ལ་དཔེ་བཞག་ནས་བཟོས་པ་རེད་ཟེར་ནས་ཨུ་ཚུགས་བྱེད།
ལྷག་པར་དུ། ངས་ཁོང་ལ་བོད་ཀྱི་སྐད་དང་ཡི་གེ་མེད་སོང་བ་ཡིན་ན། བོད་ལ་རང་དབང་དགོས་དོན་མི་འདུག་ལ། བོད་མི་རིགས་ཟེར་ནས་ད་ལྟའི་འཆར་འུ་ཅག་གིས་སྐད་བརྒྱགས་དགོས་དོན་མི་འདུག ད་དུང་། བོད་ཡིག་དང་བོད་སྐད་སྤྱོང་སའི་ཁོར་ཡུག་ཆེད་དུ་དཀའ་ལས་བརྒྱབས་དེ་བཟོ་དགོས་ དོན་མེད། སྐད་ཡིག་གཞན་གྱི་སྟེང་ནས་ལས་ཀ་རེག་གི་ཡོད། རྒྱ་ནག་གིས་ཀྱང་བོད་མི་དག་གིས་རྒྱ་ཡིག་ཤེས་པ་དང་རྒྱ་སྐད་རྒྱགས་ཐུབ་པ་སོགས་ བྱུང་བ་ཡིན་ན་ཁོང་ཚོས་ལས་ཀ་ཡང་སྤྲོད་ཀྱི་ཡོད། བོད་མི་རྒྱ་ལ་འགྱུར་ཚུལ་ནི་དེ་རེད་ཅེས་བཤད་པ་ཡིན། བོད་མི་ཕྱི་མི་རུ་འགྱུར་ཚུལ་ཡང་དེ་རེད་ཅེས་ཞུས་པ་ཡིན།
ཁོང་གིས་དེས་ན་ནམ་ཞིག་ཁྱེད་རང་གི་བུ་རྒྱུད་ཀྱིས་བོད་སྐད་དང་བོད་ཡིག་གཏན་ ནས་མ་ཤེས་པ་ཡིན་ན། ཁྱེད་རང་དེ་བོད་མ་རེད་ཟེར་གྱི་ཡིན་ནམ་ཟེར། ངས་ཁོང་ལ་དེ་ཡིན་ལན་དུ་ཡིན། ང་རང་གི་ཤ་ཆད་ཀྱི་བུ་ཕྲུག་ཡིན་ཡང་། ཁོ་མོ་བོད་ཀྱི་མི་མིན། ཁོ་མོ་ནི་སྐད་དང་ཡི་གེ་གང་ལ་འཐིམ་ནས་ཡོད་ན་དེ་ཡི་རིགས་ཡིན་པ་ལས། བོད་མི་མིན།
མཐའ་དོན་ངེད་གཉིས་ཀྱིས་བགྲོ་གླེང་དང་འབྲེལ་བའི་རྩོད་པ་ཡུན་རིང་བྱས་མཐར། བོད་ཀྱི་རིག་གཞུང་ནི་ནང་ཆོས་མིན་པ་དང་། བོད་ཀྱི་སྐད་དང་ཡི་གེ་མིན་པ། ༧རྒྱལ་བ་རིན་པོ་ཡི་གསུངས་ཆོས་དག་མིན་པ་ཁོང་གིས་སེམས་ཐག་ཆོད་པོས་སྒོ་ནས་ཡང་ ཡང་གསུངས་ཀྱི་འདུག སྤུན་ཟླ་ཚོ། ཁྱེད་ཅག་གིས་བོད་ཀྱི་རིག་གཞུང་ཟེར་བ་ཅི་འདྲ་ཞིག་ལ་ངེས་འཛིན་གནང་གི་ཡོད་དམ།
ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། །
སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་། །
གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །
ཨོམ་ མཎི་ པད་མེ་ ཧྰུམ། གང་མང་བཟླས་རྗེས།
དགེ་བ་འདི་ཡིས་མྱུར་དུ་བདག །
སྤྱན་རས་གཟིགས་དབང་འགྲུབ་འགྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
འདི་ཡང་བོད་ཀྱི་རིག་གཞུང་རེད།
ཁྱེད་ཀྱི་གྲོགས་པོ་དེ་བོད་པ་ཞིག་མིན་པ་འདྲ། ཕལ་ཆེར་རྒྱ་རིགས་ཤིག་ཡིན་པ་འདྲ། གལ་སྲིད་བོད་རིགས་ཤིག་ཡིན་དབང་དུ་བཏང་ན་རིག་གཞུང་ཟེར་བ་གང་ཡིན་མི་ཤེས་མཁན་ཞིག་ཡིན་པ་འདྲ།
འདི་ཡང་དེ་རིང་ས་ག་ཟླ་བ་ཚེས་༡༥ལ་འདོན་ཡ་བོད་ཀྱི་རིག་གཞུང་རེད་གང་མང་འདོན་རོགས་གནང་།
གང་གིས་ཐུགས་བརྩེ་ཉེར་ བཟུང་ནས། །
ལྟ་བ་ཐམས་ཅད་སྤངས་པའི་ ཕྱིར། །
དམ་པའི་ཆོས་ནི་སྟོན་མཛད་ པ། །
གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །
ཨོཾ་མུནི་མུནི་མཧྰ་ མུནཡེ་སྭྰཧྰ། །
དགེ་བ་འདི་ཡིས་མྱུར་ དུ་བདག །
ཤྰཀྱའི་རྒྱལ་པོ་འགྲུབ་ གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ཁྱེད་རང་གི་རོགས་པ་དེ་རིགས་པ་རྣོ་བོ་ལ་ཁོང་གི་ཕྱོགས་གཅིག་བདེན་པ་རེད། འོན་ཀྱང་ངས་བྱས་ན། དུས་རབས་༧།༨རྒྱལ་པོ་སྲོང་བཙན་དུས་ནས་བཟུང་གཤམ་གསལ་འདི་ང་ཚོའི་རིག་གཞུང་ཆགས་པ་རེད་འདི་རྒྱུན་དུ་འདོན་རོགས་གནང་གསུང་རོགས།
བླ་མ་སྐྱབས་སུ་མཆིའོ། །
སངས་རྒྱས་ལ་སྐྱབ་སུ་མཆིའོ། །
ཆོས་ལ་སྐྱབས་སུ་མཆིའོ། །
དགེ་འདུན་ལ་སྐྱབས་སུ་མཆིའོ། །
སྐྱབས་གནས་དམ་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། ། ལན་གསུམ་བརྗོད།
“འོན་ཀྱང་ཁོང་རང་ནང་པའམ་ཆོས་ཁས་མི་ལེན་མཁན་ཅིག་ཡིན་ན་འདི་ཁོ་རང་གི་རིག་གཞུང་མ་རེད་ཅེས་ལབ་ཆོག་སྙམ།”
སྤུན་ཟླ་ཚོ། བོད་ཀྱི་རིག་གཞུང་ཟེར་བ་ནི་གདོད་མ་ནས་ཡོད་པ་ཞིག་ལ་ངེས་འཛིན་བྱེད་དགོས་སམ། ཡང་ན། བོད་ཀྱི་སྐད་དང་ཡི་གེ་དར་བ་ནས་བཟུང་དེ་འགོ་འཛུགས་དགོས་ཀྱི་ཡོད་དམ། དེ་མིན་ན། རིག་གནས་དང་རིག་གཞུང་གི་གོ་བ་མི་འདྲ་བ་ཞིག་ལ་ངེས་འཛིན་བྱེད་དགོས་པ་ཡིན་ནམ། ད་དུང་། གོམ་གཤིས་དང་སྲོལ་རྒྱུན། བག་ཆགས་སོགས་ལ་མིང་ཚིག་རེ་རེ་ལ་གོ་བ་ལེན་སྟངས་ག་འདྲ་ཞིག་་བྱེད་དགོས་ཀྱི་ཡོད་པ་ཡིན་ནམ། ལྷག་པར་དུ་བོད་ཀྱི་སྐད་དང་ཡི་གེ་བོར་སོང་བ་ཡིན་ན། བོད་མི་རིགས་འདི་ཤི་ཟིན་པར་ངེས་འཛིན་བྱས་པ་ཡིན་ན་འགྲིག་གི་རེད་དམ། དེ་ལ་ཞིབ་དུ་བསམ་གཞིགས་གནང་དེ་རང་རང་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ།
བོད་ལྷ་གཉན་གསུམ་ལགས།
ངའི་བསམ་ཚུལ་ལ། ཁྱོད་ཀྱི་བུ་ཕྲུག་དེ་ལ་བོད་ཀྱི་རིག་གཞིང་དང་ཡང་ན་སྐད་ཡིག། གོམ་གཤིས། ལུག་སྲོལ་སོགས་མི་རྟོགས་པ་མ་གཏོགས། ཁོ་མོ་བོད་མི་མིན་ཟེར་ས་མི་འགྲོ། དཔེ་ན། ཕྱི་རྒྱལ་མགོ་སེར་མིག་སྔོན་ཞིག་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག། གོམ་གཤིས། སྲོལ་རྒྱུན་སོགས་བོད་དང་ཨ་ན་མ་ན་ཡིན་པ་མ་གཏོགས་ཁོ་མོ་ཕྱི་རྒྱལ་མགོ་སེར་མིག་སྔོན་ཡིན།
བོད་ཤ་ཁྲག་རུས་གསུམ་ལགས། སྤྱིར་རིག་གཞུང་དང་རིག་གནས་གཉིས་ལ་ཁྱད་པར་ཡོད་པ་རེད། མི་རིགས་ཤིག་གི་རིག་གཞུང་ནི་རིག་པས་གཏད་ལ་ཕབ་པའི་གཞུང་ལུགས་ལ་ཟེར་ཞི།ང་ རིག་གནས་ནི་མི་རིགས་དེས་སྔོན་ནས་བསྐྲུན་པའི་འགྲོ་འདུག་སྤྱོད་གསུམ་གྱི་གོམས་གཤིས་སམ་བག་ཆགས་ཀྱི་འདུ་ཤེས་སྟེ། མདོརན་སྤྱི་ཚོགས་ཀྱི་ཐོན་ཁུངས་ལས་འོང་བའི་མཉམ་འདུས་ཀྱི་ཕུང་པོ་ཞིག་ལ་ཟེར་ཅེས་མཁས་དབང་དེ་ཚོས་གསུངས་ཡོད་པ་རེད། གང་ལྟར། བཙན་བྱོལ་བའི་ནང་དུ་རིག་གཞུང་དང་རིག་གནས་གཉིས་ལ་ལྟ་སྟངས་མཉམ་གནས་སུ་སོང་འདུག་པས་མ་དག་རྒྱུན་འབྱམས་ལ་བསྒྱུར་ཐུབ་མི་འདུག མཐའ་དོན་མི་རིགས་དེའི་སྐད་ཡིག་ཉམས་ཚར་དུས་མི་རིགས་དེ་བརླགས་ཚར་བ་རེད་ཅེས་སྐད་གསེང་མཐོན་པོས་ངང་བཤད་པ་ཡིན།
ཨེ་མིག་གསུམ་པ། ད་ཐེངས་ད་ཅིག་འགྲིག་མ་སོང་།
རིག་པ་ནངས་པར་འཆི་ཡང་བསླབ།།
ཚེ་འདིར་མཁས་པར་མ་གྱུར་ཀྱང་།།
སྐྱེ་བ་ཕྱི་མར་བཅོལ་བ་ཡི།།
ནོར་ལ་རང་ཉིད་ལེན་པ་འདྲ།།
འདི་ཡང་བོད་ཀྱི་རིག་གཞུང་རེད།
ཤོམ་ཆེན་ཕུ་ཐུང་རིང་དགོས།།
འདི་ཡང་བོད་ཀྱི་རིག་གཞུང་རེད།
བསམ་ངན་མ་ཎི་འདོད་པ་བས།།
བསམ་དཀར་ཉི་མར་ལྡེ་བ་དགའ།།
འདི་ཡང་བོད་ཀྱི་རིག་གཞུང་རེད།
མི་ནག་མདུང་ཐུངལགས། ངས་མི་འགྲིག་རྒྱུ་ཞིག་ལས་མེད་ཡ། ཁྱོད་ཀྱི་ལྟ་སྟངས་མ་འགྲིག་པ་ཡིན་རྒྱུ་རེད་ཀོ
ངས་མི་རིགས་ཀྱི་རིག་གཞུང་དང་མི་རིགས་ཀྱི་སྲོལ་རྒྱུན་དོན་གཅིག་ཏུ་འདོད། དེ་ཡང་སྲོལ་རྒྱུན་ནམ་རིག་གཞུང་ཞེས་པ་དེ་གང་ལས་བྱུང་བ་ཡིན་ཞེ་ན། མི་རིགས་ཀྱི་རིགས་གནས་ལས་བྱུང་བ་ཡིན། རིགས་གནས་ཞེས་པ་ནི་རྒྱ་ཆུང་ཆུང་ཞིག་ཏན་ནས་མིན་ཐ་ན་ཁ་བཟས་བཟོ་རྒྱུའི་མཚོན་ཐབས་ཅད་རིགས་གནས་ནང་དུ་བསྡུ་བོད་རང་ལ་ཆ་བཞག་ན་རིགས་གནས་ཆེ་ཆུང་བཅུ་ཡོད་དེ་ཡི་ནང་དུ་མ་བསྡུས་པའི་བོད་ཀྱི་རིགས་གནས་ཞིག་གང་དུ་རྩལ་ཀྱང་མི་རྙེད་ཁོ་དག་ཡིན། རིགས་གནས་དར་རྒུད་དུ་འགྲོ་བའི་དབང་གིས་རིག་གཞུང་ཡང་དར་རྒུད་ཡོང་བཞིན་ཡོད། དེ་ནི་ངེད་ཀྱི་བསམ་ཚུལ་ཡིན།
གྲོགས་བོད། ཤ་ཁྲག་རུས་གསུམ་ལགས་
ངས་མི་རིགས་ཀྱི་རིག་གཞུང་དང་། མི་རིགས་ཀྱི་སྲོལ་རྒྱུན་དོན་གཅིག་ཏུ་འདོད། དེ་ཡང་སྲོལ་རྒྱུན་ནམ་རིག་གཞུང་ཞེས་པ་དེ་གང་ལས་བྱུང་བ་ཡིན་ཞེ་ན། མི་རིགས་ཀྱི་རིགས་གནས་ལས་བྱུང་བ་ཡིན། རིགས་གནས་ཞེས་པ་ནི་རྒྱ་ཆུང་ཆུང་ཞིག་ཏན་ནས་མིན་ཐ་ན་ཁ་བཟས་བཟོ་རྒྱུའི་མཚོན་ ཐབས་ཅད་རིགས་གནས་ནང་དུ་བསྡུ་བོད་རང་ལ་ཆ་བཞག་ན་རིགས་གནས་ཆེ་ཆུང་བཅུ་ཡོད་དེ་ ཡི་ནང་དུ་མ་བསྡུས་པའི་བོད་ཀྱི་རིགས་གནས་ཞིག་གང་དུ་རྩལ་ཀྱང་མི་རྙེད་ཁོ་དག་ ཡིན། རིགས་གནས་དར་རྒུད་དུ་འགྲོ་བའི་དབང་གིས་རིག་གཞུང་ཡང་དར་རྒུད་ཡོང་བཞིན་ཡོད། དེ་ནི་ངེད་ཀྱི་བསམ་ཚུལ་ཡིན།
སྤུན་ཟླ་ཚོ། མི་མང་བོ་ཞིག་གིས་དེང་སང་རིག་གཞུང་དང་རིག་གནས་ཀྱི་ཁྱད་པར་གླེང་བཞིན་འདུག དེ་ན་རིག་གནས་དང་རིག་གཞུང་གཉིས་ཀྱི་གང་ཞིག་ཐོག་མར་ངེས་འཛིན་བྱེད་དགོས་སམ། དེ་ནས་འགོ་འཛུགས་སྟངས་གང་འདྲ་ཞིག་ལ་ངེས་འཛིན་བྱེད་དགོས་པར་བསམ་ཚུལ་ཡོད་མཁན་ཚོ་གསུང་རོགས་ཞུ།