མཁོ་འདོན་པཿ ཐོད་གོད་པ་སྤྱན་ཆབ།
སིད་སུར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་ཕུལ་བའི་སྙན་ཐོ།
‘བོད་ཀྱི་རིག་གཞུང་གི་ཚེ་སྲོག་
མགོ་ལོག་རིན་ཆེན་བཟང་བོ།
བོད་ཀྱི་རིག་གཞུང་ལ་མཚོན་ན། ཆོས་ལུགས་རིག་གནས་དང་། སྤྱི་ཚོགས་རིག་གནས་གཉིས་ཡོད། ཆོས་ལུགས་རིག་གནས་ལ་མཚོན་ན། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་གཉིས་ཡོད། དང་པོ་ཐུན་མོང་མ་ཡིན་པ་ཆོས་ཀྱི་རིག་གཞུང་གི་ཁྱད་ཆོས་ནི། ལྷ་སྔགས་ཏིང་འཛིན་གྱི་སྒོ་ནས་མཐོང་ལམ་གྱི་བདེན་པ་ཐོབ་ན་གཞན་རྒྱུད་ཤེས་པའི་ནུས་པ་དང་རང་གི་སྐྱེ་རྒྱུད་ཤེས་པ་ནམ་མཁར་བྱ་ལྟར་འཕུར་བ། ཆུ་ལ་ཉ་ལྟར་འཛུལ་བ་སོགས་ཡོན་ཏན་དཔག་ཏུ་མེད་པ་ཡོད། དཔེར་ན་རྫོགས་ཆེན་ཚེ་དབང་རིག་འཛིན་འབའ་ཤིང་ཁྲི་དགོན་ནས་དམར་ཤོག་ཚོགས་བའི་འགོ་གཙོ་ཆེ་ཁག་གི་མཐོང་སར་ཉིན་དཀར་འཕུར་བ་ནང་བཞིན་རེད། ཐུན་མོང་མ་ཡིན་པ་ཆོས་ཀྱི་རིག་གཞུང་གི་ཡོན་ཏན་དེ་ལ་བརྟེན་ནས་གོང་ས་༧ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་གཞན་ཡང་སྐྱེས་ཆེན་བླ་སྤྲུལ་དུ་མའི་ཡང་སྤྲུལ་སོགས་རིག་གཞུང་འདི་ལ་བརྟེན་ནས་ངོས་འཛིན་གནང་བ་དང་རང་གི་རྣམ་ཤེས་སུ་ཡིན་རང་གི་ཤེས་པ་ལ་སོགས་རིག་གཞུང་འདི་ལ་བརྟེན་ནས་ཡོང་གི་ཡོད། ཡང་ན་རིག་གཞུང་འདི་ལ་མ་བརྟེན་དེ། སློབ་སྦྱང་ཡག་རྩོག་དང་དཔལ་འབྱོར་ཡོད་མེད། ཕྱིའི་རྣམ་པ་དང་། ཡང་ན་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་བཙན་དབང་དང་ཚོད་དཔག་བྱས་ཏེ་སྤྲུལ་སྐུ་ངོས་འཛིན་བྱས་པ་ཞིག་ཡོད་པ་མ་རེད། ཉེ་ལམ་རྒྱ་ནག་དམར་གཞུང་ཚོགས་པའི་བོད་ཀྱི་རིག་གཞུང་ལ་མཐོང་ཆུང་རྡོག་རོལ་བཏང་བ་ནི། གོང་ས་༧་ཏཱ་ལའི་བླ་མའི་ནང་ཆོས་ཀྱི་རིག་གཞུང་གི་བརྟག་ཐབས་ལ་བརྟེན་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་འཁྲུལ་བྲལ་དགོང་ལོ་༦ ཅན་གྱི་བྱིས་པ་ཆུང་ཆུང་དེ་༡༩༩༥ལོར་རྒྱ་གཞུང་གི་བཙན་འཁྲིད་བྱས་ནས་ད་ལྟ་གར་ཡོད་གནས་ཚུལ་ཤེས་རྟོགས་མེད་པར་ལྷག་ཡོད། དེ་མིན་ད་དུང་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་འཇིགས་མེད་ཕུན་ཚོགས་དང་། བླ་བྲང་དགོན་པའི་བསྟན་བདག་གོང་ཐང་བསྟན་པའི་ཉི་མ། པཎ་ཆེན་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་མི་ཆེན་ལ་དུག་དྲངས་ནས་བསད་པའི་ཐབས་ལམ་དང་༧ཏཱ་ལའི་བླ་མ་ལ་མཚན་སྨད་སོགས་ནི་རྒྱ་གཞུང་གི་རྒྱུན་ལྡན་གྱི་དཀོལ་སྤྱོད་དགོས་པའི་ཁྲིམས་ལུགས་ཞིག་ཏུ་སྣང་། ཡིད་ཕངས་པ་ཞིག་ལ་འདི་དང་འདི་ལྟ་བུའི་མཁས་པའི་དབང་པོ་ནམ་མཁའི་རྒྱུ་སྐར་ལྟ་བུ་ཞིག་ཡོད་ཀྱང་། ༥༨ ལོ་ནས་དམར་པོའི་འཇིགས་རུང་དྲག་རླུང་ནག་པོའི་འོག་ཏུ་མཁས་པའི་དབང་པོ་ཡོན་ཏན་རིག་གཞུང་གི་ཕྱུག་པ་དག་དང་། བོད་མི་ས་ཡ་གཅིག་དང་འབུམ་ཁ་ཤས་ཤིག་དམར་གསོད་བཏང་བ་རེད། དེས་མི་ཚད་བོད་ལ་རང་དབང་ཡོད།བདེ་སྐྱིད་ཡོད་ཟེར་བཞིན་ཡོད། རང་དབང་ཡོད་ན་ཆོས་ལུགས་ཡེ་ཤུ་བ་ཞིག་ལ་མཚོན་ན་རང་གི་སྟོན་པའམ་བླ་མའི་དྲན་རྟེན་རྒྱ་ཁྲམ་ཞིག་སྐེ་ལ་འདོགས་ཀྱིན་ཡོད་པ་ནང་ཞིན་བོད་པས་༧ཏྭ་ལའི་བླ་མའི་འདྲ་པར་འདོགས་ཀྱིན་ཡོད་མོད། འདྲ་པར་དེ་རྒྱ་མིའི་མཐོང་ན་རྡུང་རྡེག་ཁྲིམས་མནར་གྱིས་སྡུག་བསྔལ་གཏོང་གི་ཡོད།
གཉིས་པ། སྤྱི་ཚོགས་རིག་གནས་ལ་མཚོན་ན་ནང་ཆོས་དང་འབྲེལ་བའི་ཐུན་མོང་ཕྱིའི་སྤྱོད་ཡུལ་གྱི་རིག་གཞུང་ཞིག་ཡིན། དང་པོ་སྦྱི་ཚོགས་རིག་གཞུང་ནི་བོད་མི་རིགས་ཀྱི་སྐད་ཡིག་གཉིས་ཡིན། སྐད་ཡིག་ནི་མི་རིགས་ཤིག་འཚོ་སྡོད་བྱེད་པའི་རྟེན་གཞི་གལ་ཆེན་བླ་དང་སྲོག་གི་འདུ་ཤེས་སུ་བཟུང་ཡོད། སྐད་ཡིག་འདི་ལ་བརྟེན་ནས་ལྷ་ཆོས་གཙང་མ་༡༠ མི་ཆོས་གཙང་མ༡༦ སོགས་བོད་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བོད་ཡིག་གི་སྒོ་ནས་གཏན་འབེབས་བྱས་ཡོད། སྤྱིར་ཡི་གེ་ལ་མཚོན་ན། སྒྲ་མཚོན་དང་གཟུགས་མཚོན་གཉིས་ཡོད། བོད་ཡིག་ནི་སྒྲ་མཚོན་ལེགས་སྦྱར་སཾ་ཀྲི་ཏའི་ཡི་གེ་མ་ཕྱི་བྱས་ཏེ་བོད་ཀྱི་ལོ་ཙཱ་བ་ཐོན་མི་སོགས་ཀྱིས་ཚན་རིག་དང་མཐུན་པའི་བོད་ཡིག་བརྡ་སྤྲོད་སོགས་ལ་བརྟེན་ནས་འཛམ་གླིང་གི་སྐད་རིགས་བོད་ཡིག་གི་སྒོ་ནས། མི་འདང་བ་མེད་པའི། ཁྱད་དུ་འཕགས་པའི་ནོར་བུ་ཞིག་ཡོད་ཀྱང་། དེང་སང་རྒྱ་ནག་གུང་ཁྲན་ཏང་གིས་“མི་རིགས་ཤིག་མེད་པར་བཟོ་དགོས་ན་དང་པོ་སྐད་ཡིག་གཉིས་མེད་པ་བཟོ་དགོས་”པས་ཕྱིར་ན་བོད་ཡིག་གི་མཐོ་སློབ་ལ་འགྲོ་ས་མེད་པའི་མི་ཚད་བོད་ཡིག་གི་སྒེར་ཚུགས་སློབ་ཆུང་རེ་འགའ་ཡོད་པ་རྣམས་བཙན་དབང་གི་སྒོ་རྒྱབ་དགེ་རྒན་དག་ཁྲིམས་ལ་བཟུང་བའི་གནས་ཚུལ་བྱུང་དང་འབྱུང་གིན་ཡོད། དེ་མིན་ད་དུང་ ༡༩༥༨ ལོ་ནས་ད་ལྟའི་༢༠༡༢བར་བོད་ཀྱི་རིག་གཞུང་ལོ་ངོ་སྟོང་ཕྲག་མང་པོའི་སངས་རྒྱས་ཀྱི་གསུངས་རབ་རྒྱ་དཀར་ནག་གི་ལོ་རྒྱུས། བོད་རང་གི་རྒྱལ་རབས་དེབ་ཐེར་སྲིད་ན་རྙེད་པར་དཀའ་བ་མང་དག་ཅིག་དང་། གསེར་དངུལ་ཟངས་རག་གི་དངོས་རྫས་ལས་གྲུབ་པའི་རྒྱ་དཀར་ནག་བོད་སོག་པོ་དག་གི་རིག་པའི་རྩལ་ལས་བྱུང་བའི་སངས་རྒྱས་ཀྱི་སྐུ་བརྙན་དང་ཐང་ག གཞན་ཡང་སྲོག་ཆགས་འདྲ་མིན་ཀྱི་གཟུགས་རིས་བྲིས་བླུག། རིན་ཐང་བྲལ་བ་མང་པོ་ཞིག་རྒྱ་ཡུལ་དུ་དབོར་འདྲེན་བྱས་པའི་དབང་གིས། ད་སྐབས་དགོན་སྡེ་དང་འགྲེམ་སྟོན་ཁང་སོགས་ན་སྔོན་ཆད་ལ་བལྟས་ན་ད་སྐབས་ཆག་སྐྱོན་བྱུང་བའི་དངོས་པོ་གད་སྙིགས་ལྟ་བུ་ཞིག་ལས་མེད། དཔེར་ན་དེང་སང་ལོ་བརྒྱ་ཉིས་བརྒྱའི་རྫ་ཆག་རེ་ས་འོག་ནས་ལག་སོན་བྱུང་ཚེ་རིན་པོ་ཆེ་རྩ་ཆེན་ཞིག་ཏུ་རྩིས་ནས། རྒྱལ་ཁབ་གང་ཡིན་ཀྱང་རང་སྲོག་ལས་རྫ་ཆག་ལ་རྩིས་མཐོང་བྱེད་ཀྱིན་ཡོད་པའི་དུས་འདིར། བོད་ཀྱི་རང་གི་སྐད་དང་ཡི་གེ་ལ་བདག་དབང་སྤྱོད་པའི་དབང་ཆ་ཡོད་པ་མ་རེད། གནད་དོན་གནས་ཚུལ་འདི་ལ་བརྟེན་ནས་བདེ་སྐྱིད་དང་བདེན་དོན་གྱི་ཆེད་དུ་བོད་མི་42་ཙམ་ཞིག་གི་ཚེ་སྲོག་མེ་བསྲེགས་བཏང་སྟེ། འཛམ་གླིང་ཤར་ནུབ་ཀྱི་མི་སེར་དང་རྒྱལ་ཁབ་དག་གི་མཐོང་ཆེད་དུ་གནས་ལུགས་ཀྱི་འབོད་སྒྲ་བསྒྲགས་ཡོད། མི་ཞིག་ལ་རང་སྲོག་གཅོད་པའི་སྤོབས་པ་འོང་རྒྱུ་དེ་ནི་ལས་སླ་མོ་ཞིག་གཏན་ནས་མིན་ནའང་སྡུག་ཧ་ལས་པ་ཞིག་ཐུག་དུས་གང་ལྟར་རང་སྲོག་གཅོད་པའི་ལམ་གཅིག་པོ་ལ་འགྲོ་བ་ལས་ཐབས་གཞན་མེད་པ་རེད། གང་ལྟར་བོད་མི་འདི་དག་གི་ལུས་ཐོག་ལ་ཚེ་སྲོག་གི་འཇིགས་པ་འདི་འདྲ་ཁྱེར་ཡོང་མཁན་སུ་ཞིག་ཡིན། རྒྱལ་ཁབ་སོ་སོའི་སྲིད་འཛིན་དང་ཤེས་ལྡན་པ་དག་གི་ཞིབ་ཏུ་ཐུགས་འདང་ཞིག་གནོངས་དང་། མི་སུ་ཡིན་ཡང་རང་གི་ཚེ་སྲོག་ལ་གཅེས་པ། རང་གི་ཚེ་སྲོག་ལ་དགའ་བ། རང་གི་ཚེ་སྲོག་ལས་ལྷག་པའི་ནོར་བུ་ཞིག་མེད་ནའང་། དེ་ནི་ད་ཐེངས་དབང་སྒྱུར་བ་རྣམས་ཀྱིས་གདུག་རྩུབ་ཐལ་དྲགས་པ་བྱས་པ་དེ་བལྟ་བའི་མིག་གིས་མ་བཟོད། སེམས་ཀྱིས་མ་ཐེག་པར་སྡུག་ཐུག་ནས་འཆི་ལམ་ལ་སོང་ན་ཡང་། བོད་མིའི་ཚེ་སྲོག་ལ་རྒྱལ་སྤྱིའི་སྟེང་གི་གནད་དོན་ཆེ་ཤོས་ཞིག་ཏུ་ངོས་འཛིན་གནང་གི་མི་འདུག་བསམ་པའི་ཡིད་ཕམ་བོད་མི་ཡོངས་ལ་ཡོད་པ་རེད། རྒྱལ་སྤྱིའི་ངོས་འཛིན་གནང་གི་མེད་པའི་རྒྱུ་མཚན་གཙོ་བོ་ནི། བོད་ལ་མཚོན་ན་དཔལ་འབྱོར་མེད་པའི་ཐོག་ལ་ཁ་གཏད་གཅོག་སའི་དགྲ་བོ་དེ་ཡར་རྒྱས་སོང་བའི་རྒྱལ་ཁབ་ཅིག་ཡིན་ཕྱིན། འཛམ་གླིང་སྟེང་གི་རྒྱལ་ཁབ་སོ་སོའི་དཔལ་འབྱོར་ལ་ཞེན་ཆགས་ཆེ་བའི་དབང་གི་རེད་བསམ་པའི་མཚོན་དོན་ནི། ཉེ་ལམ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཁྲིན་ཀང་ཁྲིན་མི་གཅིག་ལ་རྒྱལ་སྤྱིའི་དོ་སྣང་བྱུང་བ་བཞིན། བོད་པའི་རྒྱལ་གཅེས་དཔའ་བོ་མི་42མེ་སྲེག་བཏང་བ་དང་ཡང་ན། བོད་རང་རྒྱལ་གྱི་མི་རིགས་རིག་གཞུང་སྲུང་ཆེད་དུ། མེ་མདའི་ཁར་ཤི་བ་སྟོང་ཕྲག་དུ་མ་ཡོད་པ་དང་ཆབ་སྲིད་ཀྱི་ཉེས་མིང་ཕོག་པའི་བཙོན་མ་སྟོང་ཕྲག་དུ་མའི་བཟོད་བསྲན་མི་ཐུབ་པའི་དཀའ་སྡུག་གི་འོག་ན་མི་ཚེ་ཡི་འཚོ་བ་རོལ་བཞིན་ཡོད། ༡༩༥༨ ཡར་སྔོན་བོད་ལ་མཚོན་ན་དཔལ་འབྱོར་གྱི་སྔོན་ཐོན་མིན་ཀྱང་། ལྟོག་ཤི་དགོས་པའི་ཚད་ན་ཡོད་པ་མ་རེད། དེ་རྗེས་སྲིད་དབང་སྒེར་འཛིན་པ་དམར་གཞུང་རི་ཁག་གི་དབང་སྒྱུར་བཙན་གནོན་གི་འོག་ཏུ་བོད་མི་ས་ཡ་གཅིག་ལྷག་དམར་གསོད་ལྟོག་ཤི་ཐེབས་པའི་རྗེས་སོར་འཆར་ལྡན་བུ་སྐྱེས་ཟེར་བའི་ཁྲིམས་ལུགས་གསར་བ་ཞིག་བཟོས་པ་རེད། འཆར་གཞི་དེས་བོད་དང་གྲངས་ཉུང་མི་རིགས་ལ་མཚོན་ན་མིའི་འཕེལ་རྒྱས་ལ་གནོད་ཚབ་ཆེན་པོ་བཟོས་ཡོད། མིའི་འཕེལ་ཕྱོགས་ཀྱི་གྲངས་ཚད་ཇེ་ཉུང་དུ་སོང་ཚེ། དབང་སྒྱུར་རུ་ཁག་གི་ལས་བྱ་ཇེ་ཉུང་དང་བསམ་དོན་ཇེ་འགྲུབ་སྲིད་དབང་ཇེ་བརྟན་དུ་སོང་ཡོད་པ་གཞིར་བཞག་གི་ཐོག་ཏུ། ད་དུང་ཧམ་སེམས་རི་ལྟ་བུའི་མ་འོངས་པའི་མདུན་ལམ་རིང་མོ། འཛམ་གླིང་དབང་དུ་བསྡུ་འདོད་ཀྱི་ཞི་དྲགས་གཉིས་ཀྱི་ཐབས་ཇུས། དཔལ་འབྱོར་གྱི་བསླུ་བྲིད་ལ་བརྟེན་ནས། བླ་འགུག་དཔོན་འགུག་ཁ་མཁས་ངག་འཇམ་གྱི། རྒྱལ་ཁབ་མང་པོ་བསླུ་བྲིད་གཏོང་གིན་ཡོད་པས་ངེས་པར་དུ་རྒྱལ་ཁབ་སོ་སོའི་ཐུགས་འདང་གནང་དགོས་པ་ཞིག་ལ། ཀྲུང་གོ་མི་དམངས་ཀྱི་ཤ་ཁྲག་གི་སྐྲུན་པའི་དཔལ་འབྱོར་དེ་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་སྦྱིན་པ་གཏང་གི་མ་རེད། ཁོང་ཚོ་ལ་མ་འོངས་པའི་དགོས་མདུན་ཞིག་ངེས་པར་དུ་ཡོད་པ་རེད། དེ་བཞིན་ནང་ཁུལ་གྲངས་ཉུང་མི་རིགས་ལ་ཐབས་འཕྲུལ་རྗུན་སྒྲིག་གི་ཀྲུང་གོའི་གསར་འགྱུར་ཁོ་ན་ལས་འཛམ་གླིང་གི་གནས་བབས་ཤེས་རྟོགས་མ་བཅུག་པར་གྲངས་ཉུང་མི་རིགས་གི་མགོ་བོ་རྨོངས་སུ་བཅུག་ཡོད། ཕྱོགས་གཞན་ཞིག་ནས་མེ་མདའ་མེ་སྒྱོགས་འགད་རྫས་ཐོག་པའི་དྲག་པོའི་དཔུང་ཚོགས་ཀྱིས་མཐའ་སྐོར་དེ་བསམ་ཐོག་གསང་སྤྱོད་ལ་འགྲོ་བའི་དབང་ཆ་ཡོད་པ་མ་རེད། དཔེར་ན། ༢༠༡༢ཟླ་༦ཚེས་༥ཉིན་ལྷ་ས་ནས་ཨ་མདོ་ཐེ་བོའི་གྲྭ་བ་ཞིག་དོན་མེད་ལ་བསད་པ་ནང་ལྟར་དེའི་རིགས་བོད་ནང་ལ་མང་པོ་ཡོད་པ་རེད། སྤྱིར་ན་རྒྱ་མིའི་ཁ་བཤད་དང་ལག་ལེན་གཉིས་ཁ་ཁ་སོ་སོ་རེད། ཁ་ནས་མི་རིགས་འདྲ་མཉམ།འགྲོ་བ་མིའི་ཐོབ་ཐང་།མང་གཙོ། ཁེ་དབང་། འཆམ་མཐུན། ཞི་བདེ་སོགས་མིང་ཚིག་སྟོང་པ་ཁོ་ན་ཕྱི་གླིང་དང་། རྒྱལ་ནང་དུ་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དངོས་སུ་ལག་ལེན་དུ་གྲངས་ཉུང་མི་རིགས་སྟོང་ཐབས་དང་འཛམ་གླིང་གི་མི་མང་མགོ་སྐོར་ཐབས་དང་བསད་རྡུང་བཅོམ་གཏོར་ལས་ཡོད་པ་མ་རེད། དེ་ཙམ་ཨེ་བདེན་ན་བསམ་ན། རྒྱལ་ཁབ་སོ་སོའི་གསར་འགོད་པ་ཕེབས་དང་། མངགས་ཀི་མ་རེད། གཞན་རྒྱལ་ཁབ་སེ་རེ་ཡ་དང་ལས་བྷི་ཡ་ལ་སོགས་རྒྱལ་ཁབ་མང་པོ་ཞིག་གི་མི་མང་གི་བདེ་སྐྱིད་ཀྱི་ཆེད་དུ་ནང་འཁྲུག་དང་ཡང་ན་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་ལ་འཁྲུག་འཛིང་ཡ་ང་བ་ཡོད་ཀྱང་། གསར་འགོད་པ་བཀག་སྡོམ་མེད་པ་ནི་དམངས་གཙོའི་ཤན་ཞུགས་ཀྱི་ལམ་ཁ་ཧང་སང་དགོས་པའི་རང་དབང་ཅིག་རེད་བསམ་གྱི་ཡོད། རང་བྱུང་ཁོར་ཡུག་གི་གནོད་ཚབ།བོད་རང་སྐྱོང་ལྗོངས་ངོ་བོ། མདོར་ཚུར་བསྡུས་ནས་བཤད་ན་བོད་ཀྱི་གནས་བབ་ལ་ལྟ་རྟོག་གི་ཆེད་དུའོ།།
21/06/2012ཉིན་སིད་སུ་ནས།
དྲིན་ཆེན་ཚང་གིས་ང་ཡི་མིང་ཡ་མཚར་ཞིག་བཀོད་འདུག་ག ཧ་ཧ་ཧ་ཧ་ངས་ཐོར་རྒོད་པ་སྤྱན་ཆབ་ཟེར་གྱིན་ཡོད་མོད།