རྡོ་རྗེ་དབང་ཕྱུག་གིས།
རིག་གཞུང་ངོས་འཛིན་ལས་འཕྲོས་པའི་གླེང་གཞི།
བརྗོད་གཞི་འདི་དང་འབྲེལ་བའི་བསམ་ཚུལ་རྩོམ་བྲིས་ཤིག་འབྲི་རོགས་གསུངས་མཁན་ལ་ཁས་ལེན་ཞུས་ནས་དུས་ཡུན་ཟླ་བ་གཅིག་ཙམ་ཕྱིན་མཚམས་སུ། གཞི་ནས་བརྗོད་གཞི་འདི་ཇི་ལྟར་གླེང་དགོས་པའི་ཐད་ལ་བསམ་བློ་ཞིག་བཏང་བ་ཡིན། ཐོག་མར་སེམས་ནང་འཁོར་བ་ནི། རིག་གཞུང་ཞེས་པར་གོ་བ་ཇི་འདྲ་ཞིག་ལེན་དགོས་པའི་སྐོར་མ་ངེས་པར་ཅི་ཡང་གླེང་རྒྱུ་བསྡད་མེད་པར་མཐོང་ནས་ཕྱོགས་དེར་བསམ་བློ་བཏང་བར། ཤེས་བྱ། ཤེས་རིག ཤེས་ཡོན། རིག་གནས། གཙུག་ལག རིག་པ། ལེགས་བྱང་སོགས་ཐ་སྙད་མང་པོ་ཞིག་གི་གོ་དོན་ལ་དབྱེ་ཞིབ་བྱས་ན་ལས། རིག་གཞུང་ཞེས་པས་ཅི་སྟོན་གྱི་གོ་བ་རྙེད་ཁག་པར་མཐོང༌། གང་ལྟར་རང་གི་ཤེས་སྟོབས་ཙམ་གཞི་ལ་བཞག་ནས་རྙེད་དོན་དུ། རིག་གཞུང་ཞེས་པའི་ཐ་སྙད་ཀྱིས་གོ་བ་གཉིས་ཤིག་སྤྲད། དེ་ནི་རིག་པའི་གཞུང་ལུགས་ལ་འཇུག་པར་གོ་བ་དང༌། བསམ་བློའི་འཁྱེར་སོ་ལ་འཇུག་པར་གོ་བ་གཉིས་རེད། གོ་བ་འདི་འདྲ་ཞིག་རྙེད་པ་གཞི་ལ་བཞག་པས། རིག་གཞུང་དང་ལག་ལེན་བར་གྱི་འགལ་འདུ་དེ་ཡང་ངོས་གཉིས་ནས་གླེང་དགོས་པའི་གཞི་འཛིན་ས་ཞིག་གཏན་ལ་འཁེལ་ཐུབ་པ་བྱུང་བ་སྟེ། རིག་པའི་གཞུང་ལུགས་དང་བསམ་བློའི་བར་གྱི་འགལ་འདུ་དང༌། བསམ་བློ་དང་ལག་ལེན་བར་གྱི་འགལ་འདུ་གཉིས་སུ་དབྱེ་བས་རིག་གཞུང་དང་ལག་ལེན་བར་གྱི་འགལ་ཟླའི་ངོས་ཤིག་མཐོང་ཐུབ་པར་འདོད།
ཐ་སྙད་ཀྱི་གོ་དོན་ལ་འགྱུར་བ་ཐེབས་པས་ལབ་ནའང་འདྲ། ཡང་ན། གོ་དོན་གཞན་འགྱུར་དུ་བསྙད་ནའང་འདྲ། རིག་གཞུང་ཞེས་པ་གང་འདྲ་ཞིག་ལ་ངོས་འཛིན་དགོས་པའི་ངོས་བཙལ་བའི་བསམ་ཕྱོགས་དང་འབྲེལ་ནས་ གླེང་སློང་བའི་ཚིག་འགའ་བསྟར་འདོད་བྱུང༌། འདི་ནི་རིག་གཞུང་ཞེས་པར་གོ་བ་གཉིས་རྙེད་པའི་ཁུངས་ལྟ་བུའང་ལགས། ང་ཚོས་ཆོས་དང་རིག་གཞུང་ཞེས་བརྗོད་སྐབས། ཤེས་བྱ། རིག་གནས། རིག་བྱེད། རིག་གཞུང༌། གཙུག་ལག ལེགས་བྱང༌། ཤེས་རིག ཤེས་ཡོན་སོགས་ཐ་སྙད་མང་པོ་ཞིག་གི་བསྟན་དོན་དང་འབྲེལ་ནས་བརྗོད་ཀྱི་ཡོད་པ་གཅིག་མཚུངས་ཡིན་ནའང༌། རྣམ་གྲངས་དང་དབྱེ་བ་འབྱེད་སྟངས་ཀྱི་ངོས་ནས་བཤད་ན། དེ་ནི་གོང་བཀོད་ཐ་སྙད་ཁག་གི་གོ་དོན་དང་ངོས་འཛིན་བྱེད་སྟངས་ལ་གཞིགས་ནས་ཕྱེས་པ་ཞིག་མ་ཡིན་པར། མི་རིགས་རང་ཉིད་ཀྱི་སྒེར་ཆོས་ལྟ་བུར་གྱུར་དང་མ་གྱུར་གྱི་ངོས་ནས་ཆོས་དང་རིག་གཞུང་ཞེས་པའི་དབྱེ་བ་གཉིས་ཕྱེས་པ་ཡིན་ཞིང༌། དེ་ཡང་ཐུན་མོང་མ་ཡིན་པ་བོད་ཀྱི་ནང་པའི་རིག་གནས་དང༌། བཟོ་དང་གསོ་བ་རིག་པ་སོགས་ཐུན་མོང་བའི་རིག་གནས་སུ་ངོས་བཟུང་ནས་དབྱེ་ཡི་ཡོད། འདི་ནི་ལྟ་སྟངས་གཅིག་རེད།
གཞན་དུ་ན། མཚན་ཉིད་རིག་པའི་ཚུལ་ལྟར་བྱས་པས་རྣམ་པ་ཐམས་ཅད་ནས་དོན་གཅིག་མིང་གི་རྣམ་གྲངས་སུ་འཇོག་རྒྱུ་དཀའ་ནའང༌། སྤྱིར་བཏང་གི་གོ་བ་ལེན་ཕྱོགས་སམ་རགས་དཔྱད་ཀྱི་དབང་དུ་བྱས་པས། གོང་དུ་བཀོད་པའི་ཐ་སྙད་ཚང་མ་ཕྱོགས་དང་ངོས་གང་ནས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་ཡང་བཤད་ཆོག་པ་སྟེ། ཡུལ་ཁོ་ནའི་སྒོ་ནས་བཏགས་པ་ཆོས་ལུགས་དང་སྲིད་ལུགས། གཞུང་ལུགས་ལྟ་བུ། ཡུལ་ཅན་གྱི་སྒོ་ནས་བཏགས་པ་རིག་པ་དང་ཤེས་རིག་ཅེས་པ་ལྟ་བུ། ཡུལ་དང་ཡུལ་ཅན་གཉིས་ངོས་ནས་བཏགས་པ་རིག་གནས་དང་ཤེས་བྱ་ཞེས་པ་ལྟ་བུ་ཡིན། བོད་ཀྱི་ཆོས་དང་རིག་གཞུང་ཞེས་དང༌། བོད་ཀྱི་ལེགས་བྱང་ཞེས་བརྗོད་པ་སོགས་མང་པོ་ཞིག་ཡོད་པ་ཚང་མའི་དོན་གྱི་འབབ་ས་ནི་བོད་ཀྱི་རིག་གཞུང་ཞེས་པ་འདི་རེད། བོད་པའི་རིག་གཞུང་ཞེས་པ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ་ཞེ་ན། དེང་སང་གི་གོ་བ་ལེན་སྟངས་ལྟར་བྱས་ན། ལུས་ངག་ཡིད་གསུམ་གྱི་ཐུན་མིན་བྱེད་རྩོལ་དང༌། ཁོར་ཡུག་གི་དགོས་མཁོས་དྲངས་པའི་ཐོན་སྐྱེད་དངོས་པོ་དང༌། ཡང་སྐབས་མཚམས་འགར་ནི་བོད་པའི་སྒོ་གསུམ་གྱི་ཡ་རབས་དམ་པའི་སྤྱོད་པ་ལ་བོད་ཀྱི་རིག་གཞུང་ཞེས་ངོས་འཛིན་དགོས་པའང་ཡིན་པར་སྙམ། འདི་ཡང་ལྟ་སྟངས་གཅིག་རེད།
མི་རིགས་སྣ་ཚོགས་པའི་སེམས་ཁམས་མི་གཅིག་པ་དང༌། སྤྱི་ཚོགས་སྣ ་ཚོགས་པའི་གནས་སྟངས་མི་གཅིག་པའི་ངོས་ནས་ངོས་འཛིན་དང་རྣམ་གྲངས་གཅིག་ཏུ་ངེས་པ་མེད་པ་དེ་ལྟར་ནའང༌། རིག་གནས་ཀྱི་དབྱེ་བསྡུ་གླེང་མཁན་ཚོས། བསམ་བློའི་རིག་གནས་དང་དངོས་པོའི་རིག་གནས་གཉིས་སུ་རིག་པའི་གནས་ཚང་མ་འདུ་བར་བཤད་པ་དང༌། ཡང༌། དངོས་པོའི་རིག་གནས་དང་སྒྲིག་ཁྲིམས་རིག་གནས། བསམ་བློའི་རིག་གནས་བཅས་སུ་འདུ་བར་བཤད་པ། བསམ་བློའི་རིག་གནས་དང་སྤྱོད་ལམ་རིག་གནས། སྒྲིག་ཁྲིམས་རིག་གནས་དང་དངོས་པོའི་རིག་གནས་བཅས་བཞི་རུ་འདུ་བར་བཤད་པ་སོགས་མདོར་ན། དེ་ལས་མང་དུ་བཞེད་པ་སོགས་ཡོད་པ་ཚང་མར་གནས་ལུགས་དང་རྒྱུ་མཚན་རེ་ཡོད་པ་དང༌། བོད་ཀྱིས་རིག་གནས་ལ་ངོས་འཛིན་བྱེད་སྟངས་བསྡུར་ཚེ། བཤད་རྒྱུ་ཅུང་འདུག་པར་མཐོང་ཡང༌། སྐབས་དོན་དང་དེ་ཙམ་མ་འབྲེལ་བར་མཐོང་ནས་བཞག་པ་དང༌། དེ་བཞིན་བོད་ཀྱི་རིག་གནས་ལོ་རྒྱུས་གླེང་མཁན་ཚོས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཞེས་པའི་དབྱེ་བསྡུ་དེ་དུས་རབས་བཅུ་བཞི་པའི་ནང་དར་བར་བཤད་ཡོད་པ་མང་ནའང༌། དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ཆེན་པོ་ཞང་ཡེ་ཤེས་སྡེས་བསྒྱུར་བའི་༼ས་ཡི་དངོས་གཞིའི༽་ནང༌། རིག་པའི་གནས་ལྔ་གང་ཞེ་ན། ནང་རིག་པ་དང༌། གསོ་བ་རིག་པ། གཏན་ཚིགས་རིག་པ། སྒྲའི་རིག་པ། བཟོའི་ལས་ཀྱི་རིག་པ་ཞེས་བཀོད་འདུག་སྟབས་འདི་ཐད་དཔྱད་པ་གཏོང་དགོས་ཅིག་ནི་མཆི་སྟེ། སྐབས་དོན་དང་མ་འབྲེལ་བས་བཞག།
གཅིག རིག་གཞུང་དང་བསམ་བློའི་བར་གྱི་འགལ་འདུ།
རིག་པའི་གཞུང་ལུགས་ཀྱི་ངོས་ནས་བཤད་ན། བོད་ཀྱི་རིག་གཞུང་གི་ནང་སྙིང་ནི། རང་གི་སྒོ་གསུམ་གྱི་སྤྱོད་པ་དེ་ཡ་རབས་དམ་པའི་ལམ་དུ་དཀྲིས་ཏེ། སྤྱོད་པ་བཟང་པོར་འགྱུར་བར་བྱེད་པའི་ནང་དོན་དང་ལྡན་པ་ཞིག་དང༌། དེ་ཉམས་སུ་བླངས་པས་ཤེས་རབ་དང་སྙིང་རྗེས་བཟུང་བའི་སེམས་ཁམས་ཤིག་འགྲུབ་པ་དང༌། དེས་རང་གཞན་གཉིས་བདེ། འདི་ཕྱི་གཉིས་སྐྱིད་ཀྱི་གནས་བབ་ཅིག་མངོན་དུ་བྱེད་པ་དེ་ཡིན། དོན་འདིས།
བོད་ཀྱི་རིག་གཞུང་ནི། གནོད་སེམས། གཡོ་སྒྱུ། ཧམ་སེམས་སོགས་ཀྱི་བསམ་པ་ངན་པ་དང་དེ་ལས་བྱུང་བའི་སྦྱོར་བ་ངན་པ་དང༌། ལག་ལེན་ངན་པའི་རིགས་ཏེ། སྡུག་བསྔལ་ཆེ་ཆུང་གི་སྣ་འདྲེན་དུ་འགྱུར་རིགས་གཙང་སེལ་གྱི་གཞི་རྩ་ནང་བསམ་པའི་འཁྱེར་སོ་ཇེ་བཟང་ཇེ་ལེགས་སུ་གཏོང་བ་མཐའ་གཅིག་ཏུ་འགན་ལེན་དང༌། དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་གནས་ལུགས་དང་སྦྲགས་ནས། རང་བདེ་བར་འདོད་པ་དེ་བཞིན་དུ་གཞན་དག་ཀྱང་བདེ་བར་འདོད་པ་གཉིས་ཀ་མཉམ་པར་བལྟ་བ་དང༌། དེ་བས་ཀྱང་རང་གི་བདེ་སྐྱིད་རྣམས་གཞན་གྱི་བདེ་སྐྱིད་ཀྱི་ཆེད་དུ་བློས་གཏོང་དང༌། གཞན་གྱི་བདེ་བའི་ཕྱིར་རང་ཉིད་ནས་སྡུག་བསྔལ་སྣ་ཚོགས་པ་ཁུར་དུ་འཁྱེར་བཟོད་པའི་སེམས་ཁམས་ཤིག་གླེང་གིན་ཡོད་པ་རེད་ལ། དེ་ག་རང་ཉམས་སུ་བསྟར་བའི་ཕན་དགེ་འབའ་ཞིག་ཆེད་དུ་གཉེར་བ་དོན་གྱི་གཙོ་བོར་འཛིན་པ་ཡིན་པས། ང་ཚོའི་རིག་གཞུང་ནི། བྱམས་པ་དང་བརྩེ་བ། གཞན་ཕན་བཅས་གཙོ་བོར་བྱས་པའི་རིག་གཞུང་ཞིག་ཡིན་པ་དང༌། དེས་བོད་མི་རིགས་ཀྱི་སེམས་ཁོང་ལ་མི་རིགས་གཞན་གང་ལས་ཀྱང་ཁྱད་དུ་འཕགས་པའི་ས་ཁོད་དམིགས་བསལ་བ་ཞིག་བསྐྲུན་ནས་ཡོད་ཅིང༌། འདི་ནི་བོད་ཀྱི་ཁྱད་ནོར་ཡོད་ན་མེད་ན་དེ་རེད། དོན་འདི། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པ་ནི་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་ངོས་འཛིན་གྱི་ཡོངས་ཁུངས་ཀྱང་རེད།
ང་ཚོར་འཚེ་མེད་ཞི་བའི་བསྟན་དོན་དང་ལྡན་པའི་རིག་གཞུང་ཞིག་ཡོད་པར་གྱུར་པ་དང༌། དེ་ཉམས་སུ་བསྟར་བའི་དོན་མདོར། བོད་དང་བོད་ཀྱི་ཆོས་དང་རིག་གཞུང་ཞེས་འཛམ་གླིང་ཤར་ནུབ་ཀྱི་དབྱེ་བ་དང༌། རིག་ཚན་བྱེ་བྲག་པར་ཆེད་མཁས་སོགས་ཀྱི་དབྱེ་བ་མེད་པར། གདེང་འཇོག་ཚད་མཐོ་བྱས་དང་བྱེད་ཀྱིན་ཡོད་ཅིང༌། དེ་ནི་ང་ཚོ་ཁོ་ནར་ཡོད་ཅིང་ལྡན་པའི་ཁྱད་ཆོས་ཤིག་དང་རིན་ཐང་ཞིག་ཆགས་ནས་ཡོད་ནའང༌། འདི་ཚད་གཞིར་བཟུང་ནས་ང་ཚོའི་སྤྱི་ཚོགས་བསམ་བློའི་གནས་བབ་ལ་ཚད་ཐིག་ཅིག་བླངས་པ་ཡིན་ན། རིག་གཞུང་གི་བསྟན་དོན་དང་རྒྱབ་ཀྱིས་ཕྱོགས་པའི་གནས་སྟངས་མང་པོ་ཞིག་མིག་མདུན་དུ་མངོན་འོང་བ་ཡིན་ལ། འདི་ནི་ད་ལམ་ཁོ་བོས་བོགས་མར་བླངས་པའི་གླེང་གཞི་སྟེ། རིག་གཞུང་གི་བསྟན་དོན་དང་བསམ་བློའི་འགུལ་བསྐྱོད་བར་གྱི་འགལ་འདུ་རེད། ཚིག་གཅིག་གིས་བཤད་ན། འདི་ཙམ་ནི་འགལ་འདུ་ཡོད་པའི་ངོས་རེད།
ཡང༌། བོད་ཀྱི་ཆོས་དང་རིག་གཞུང་ལ་ཉམས་ལེན་གྱི་ཆེད་དུ་སློབ་གཉེར་དང༌། ཞིབ་འཇུག་གི་ཆེད་དུ་སློབ་གཉེར་བྱེད་མཁན་ཉིན་རེ་ལས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་པའི་ངོས་ནས་བསམས་ན། དངོས་པོའི་དཔལ་ཡོན་ཙམ་གྱིས་མིའི་རིགས་ལ་བདེ་སྐྱིད་ངོ་མ་ཞིག་བསྐྲུན་ཐུབ་ཐབས་མེད་པ་ཡིན་སྟབས། དེ་དག་གིས་བདེ་སྐྱིད་ཀྱི་གཞི་འཛིན་ས་གཞན་ཞིག་ཐབས་འཚོལ་བྱས་པ་སྟེ། ཁོ་ཚོས་རྙེད་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གིས་སེམས་ཀྱི་ཞི་བདེ་ཞིག་མཁོ་འདོན་ཐུབ་པར་མཐོང་བ་དེ་རེད། འདིར་བཤད་འདོད་པ་གཞན་ཞིག་ནི། བོད་ཀྱི་སྐད་ཡིག་གི་ཁྱབ་ཚད་ཀྱི་ངོས་ཏེ། བོད་ཀྱི་སྐད་ཡིག་ནི་ད་ལྟའི་བོད་ཆོལ་ཁ་གསུམ་ཙམ་མ་ཡིན་པར། རྒྱ་གར་གྱི་ཁོངས་ནས་ལ་དྭགས་དང་སྦལ་ཏི། ཁུ་ནུ་དང་གར་ཤ་བཅས་དང༌། རྟ་མང་དང་ཤར་པ། གཉེ་ཞང་སོགས་བལ་ཡུལ་གྱི་ཡུལ་མི་བརྒྱ་ཆ་བཅུ་དྲུག་དང༌། དེ་བཞིན་འབྲུག་པ་ཡོངས་རྫོགས་དང་འབྲས་ལྗོངས་ཀྱིས་ཀྱང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་ཕུད། སོག་པོ་ཕྱི་ནང་གི་ནང་པའི་དགོན་པ་ཁག་དང་མང་ཚོགས་ཚོས་ཞལ་འདོན་སོགས་ལ་བོད་སྐད་དང་བོད་ཡིག་བེད་སྤྱོད་གཏོང་གི་ཡོད་པ་དང༌། གཞན་ཡང༌། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོས་ཀྱང་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་ཀྱི་ཡོད་པ་སོགས་མདོར་ན། རྒྱལ་ཁབ་ཀྱི་དབང་དུ་བྱས་ནའང༌། བོད་དང་རྒྱ་གར། བལ་ཡུལ། འབྲུག་བཅས་རྒྱལ་ཁབ་བཞི་ཡི་ནང་ཁྱབ་ཡོད་པ་རེད། སོག་པོ་ནི་ཆོས་དང་རིག་གཞུང་གཅིག་པུའི་ཆེད་དུ་བོད་ཡིག་བེད་སྤྱོད་གནང་མཁན་རེད་ལ། ཡང་ཉམས་ཞིབ་ཀྱི་ཆེད་དུ་སློབ་སྦྱོང་དང་བེད་སྤྱོད་གནང་མཁན་ནི་དེང་སང་ཕྱི་རྒྱལ་ཁག་ནང་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་གར་ནང་ལ་མཚོན་ནས་བཤད་ན། མཐོ་སློབ་བཞི་བཅུ་ཙམ་གྱི་ནང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཡོད་པ་དང༌། དེ་བཞིན་ལྷོ་ཤར་ཨེ་ཤ་ཡའི་ནང་དུའང་མཐོ་སློབ་བརྒྱ་ཕྲག་ཙམ་གྱི་ནང་དུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པའི་སྡེ་ཚན་ཡོད་པ་རེད། ད་དུང་ཡུ་རོབ་དང་ཨ་རི་སོགས་ནའང་མཐོ་སློབ་ཁག་ཅིག་ནང་བོད་ཀྱི་སྐད་ཡིག་སློབ་སྦྱོང་གི་སྡེ་ཚན་ཡོད་པ་སོགས་ཀྱི་ངོས་ནས་བཤད་ན། འཛམ་གླིང་འདིར་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མཁན་བྱེ་བ་དྲུག་ཡོད་པ་རེད་ཅེས་ཤོད་ཀྱི་ཡོད་པ་རེད་ལ། འདིས། བོད་ཀྱི་སྐད་ཡིག་ནི་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ལའང་གལ་ཆེ་བ་སྟོན་གྱི་ཡོད་པ་རེད། འདི་ཚང་མ་བོད་ཀྱི་རིག་གཞུང་གི་རིན་ཐང་དང་འབྲེལ་བ་ངེས་ཅན་ཡོད་པ་རེད། འདི་དག་གིས་ནི། བྱམས་པ་དང་བརྩེ་བ། གཞན་ཕན་བཅས་ཀྱི་ཁྱད་ཡོན་གྱིས་ཡོངས་སུ་ཕྱུག་པའི་རིག་གཞུང་ཞིག་ཉམས་སུ་བསྟར་ནས་རང་ཉིད་ཀྱི་སེམས་ཁམས་ཞི་བདེ་བག་ཕེབ་ཅིག་ཡོང་བའི་འབད་པ་བསྟེན་བཞིན་པའང་རེད།
ད་ལྟ་ང་རང་གིས་རྩལ་འདོན་དགོས་གནད་དུ་བླངས་པའི་བརྗོད་གཞི་ནི། རིག་གཞུང་དང་བསམ་བློའི་བར་གྱི་འགལ་འདུ་རེད། རིག་གཞུང་ཞེས་པ་རིག་པའི་གཞུང་ལུགས་ལ་གོ་བ་ལེན་ཕྱོགས་ཀྱི་ངོས་ནས་འཕྲོས་ཏེ། སྔོན་དང་ད་ལྟའི་མཁས་པ་མང་པོ་ཞིག་གིས། བོད་ཀྱི་ཆོས་དང་རིག་གཞུང་གི་རྩིས་ཟིན་པའི་སེམས་ཁམས་ཤིག་གྲུབ་དགོས་པ་དང༌། དེས་ད་གཟོད་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་འགན་ལེན་ཐེག་ཁུར་བྱེད་ནུས་པ་དང༌། བོད་ཀྱི་སྤྱི་ཚོགས་གནས་བབ་མཐོར་འདེགས་གང་ཅིར་ནུས་པ་འདོན་ཐུབ་པ་ཡིན་ཞེས་གསལ་འདོན་དང༌། ཚུལ་འདི་དང་ཚད་གཞི་འདི་ལ་སྙོབས་དང་མ་སྙོབས་ཀྱི་གནས་སྟངས་སྣ་ཚོགས་པ་གཟིགས་ཐེངས་རེར། ཐུགས་ཕམ་ཚད་མེད་གནངས་དང་གནང་བཞིན་ཡོད་ཅིང༌། བོད་མི་རིགས་འདི་རྒུད་ཕྱོགས་སུ་འདྲེན་ཤུགས་གཙོ་བོ་དེ་ཤེས་ཡོན་གྱིས་ཕོངས་པའི་ངོས་དེ་ཡིན་པར་གཅིག་མཐུན་དུ་བཞེད་ཀྱིན་པ་ཙམ་མ་ཡིན་པར། བྱམས་པ་དང་བརྩེ་བ། གཞན་ཕན་བཅས་ཀྱིས་ཕྱུག་པའི་བོད་ཀྱི་རིག་གཞུང་དང་སྐབས་འཕྲལ་གྱི་བསམ་བློའི་བར་ཁྱད་པར་མངོན་ཐེངས་རེར། འཇིག་རྟེན་གྱི་འདྲེན་པ་མང་པོས། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་དེ་མང་མང་གི་སེམས་ངོར་བརྐོ་ཐབས་དང་འབྲེལ་བའི་བགྱི་སྒོ་མང་པོ་ཁུར་འཁྱེར་གྱིས་རང་གཞན་ཀུན་བདེ། འདི་སྐྱིད་ཕྱི་བདེ་ཡོང་བའི་འགན་བབ་ཐེག་ཁུར་བཟོད་པའི་རིག་གཞུང་གི་བསྟན་དོན་ཉམས་སུ་བསྟར་བའི་བོད་མིའི་སེམས་ཁམས་བརྟན་ཚུགས་པ་ཞིག་འགྲུབ་པར་ཐུགས་ཤུག་བསྐྱེད་བཞིན་ཡོད། དེ་ལྟར་ནའང༌། ང་ཚོའི་སེམས་ཁམས་ལ་རིག་གཞུང་གི་རྩི་དེ་མ་འགོས་པའམ། མི་འགོ་བ་གང་ཡིན་དུ་ཆུག་ཀྱང༌། རིག་གཞུང་གི་བསྟན་དོན་དང་སེམས་ཁམས་གཉིས་ཡ་བྲལ་དུ་གྱུར་དང་འགྱུར་བཞིན་པའི་དབང་ཁོ་ནས། ཁོང་ནས་ཁྲོ་བ་དང་ཞེ་ནས་སྡང་བའི་བསམ་བློའི་བྲན་ཁོལ་ལྟ་བུར་གྱུར་འབྲེལ། ཡུལ་ལུང་སྡེ་ཚོའི་བར་ཁེ་ཕན་ཆུང་ཙག་ལ་བསྙད་དེ་ས་རྩོད་ཆུ་རྩོད་དང༌། རུ་སྡེ་གྲོང་པའི་བར་དམག་འདྲེན་གསོད་གཏུབ་ཀྱིས་མཚོན་པའི་ནང་ཟིང་གི་གཡུལ་འགྱེད་དང༌། དེ་བཞིནའཚོ་གནས་ལས་བརྒལ་བའི་རྒྱན་འཛུགས་དང༌། ཤོམ་ལྭ། ཤོམ་རྒྱན་སོགས་རྒྱས་སྤྲོས་ཀྱི་རྣམ་པ་འགྲན་སྲོལ་ཆེ་ཐང་དུ་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ཀྱིས། ཕྱི་ནང་གི་འཚོ་ཚིས་གང་ཡང་འཐུས་ཤོར་དུ་ཕྱིན་དང་འགྲོ་བཞིན་པའི་ད་ལྟའི་གནས་བབ་འདི་ནི། རིག་གཞུང་དང་བསམ་བློའི་བར་ལ་སྟོང་ཆ་ཆེན་པོ་ལྷག་པའི་འགལ་འདུ་རུ་མཐོང་ལ། དེ་བཞིན་སྐུ་གསུང་ཐུགས་རྟེན་བརྐུ་འཁྱེར་གྱིས་ཚོང་རར་འགྲེམས་པ་དང༌། ཆོས་པར་བརྫུས་ནས་ཆོས་ལ་རྨ་འབྱིན་པའི་ལས་རྩོམ་པ་སོགས་རོང་འབྲོག་གིས་བསྡུས་པའི་བོད་ཡུལ་ཙམ་མ་ཡིན་པར། ཁྱིམ་མཚེས་ཡུལ་ལུང་གང་སར་འཛེམ་ཟོན་མེད་པར་བརྡལ་ཁྱབ་འགྲོ་བཞིན་པ་དང༌། དེ་བས་ཀྱང་བཟོ་རིག་ལས་དོན་གཉེར་མཁན་མང་དག་ཅིག་ནས། གཞུང་ལུགས་ནས་བསྟན་པའི་ཆ་ཚད་རྒྱབ་བསྐྱུར་གྱིས་ཚོང་གི་ངོ་བོ་ཁོ་ནར་བཞག་སྟེ། ཆ་ཚད་ཀྱིས་ཡོངས་སུ་བཏང་བའི་སྐུ་རྟེན་སྣ་ཚོགས་བཟོ་འདོན་གྱིས་ཚོང་རྫས་ཙམ་གྱི་འདུ་ཤེས་བཞག་ནས་འགྲེམས་ཚོང་བྱེད་པ་ནས། ད་དུང་དེ་བས་ཀྱང་ཉེས་ས་ནས་བཤད་ན། སྤྲུལ་སྐུའི་མིང་ཐོབ་ལ་ཧབ་ཐོབ་རྒྱག་མཁན་གྱི་འཚང་ཁ་ཇེ་ཆེར་གྱུར་དང་འགྱུར་བཞིན་པ་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུར་འཚང་ཁ་རྒྱག་མཁན་བཅུ་གྲངས་ཤིག་ཐོན་ཡོད་པ་ལྟ་བུ་དང༌། ཡང༌། བླ་མ་གཅིག་ལ་སྤྲུལ་སྐུ་གཉིས་དང་གསུམ་སོགས་ངོས་འཛིན་བྱས་པས། ལྷ་སྡེ་མི་སྡེའི་བར་དང༌། ཡུལ་ལུང་ཤོག་ཁའི་བར་འགལ་ཟླ་ཆེན་པོ་བཟོ་བཞིན་པའང་ཉུང་ཉུང་མ་རེད། ང་ཚོར་ཡང་སྙིང་ཚད་གཞི་དང་མཚམས་ཚིགས་གང་ཡང་མེད་སོང་བ་ཡིན་ནམ། ང་ཚོས་སྐབས་འཕྲལ་གྱི་དགོས་མཁོ་ཙམ་ལས་མ་མཐོང་ཞིང༌། ཕུགས་རྒྱང་ཆོད་པའི་དགོས་མཁོ་མཐོང་བྱེད་ཀྱི་རིག་གཞུང་གི་བསྟན་དོན་ནམ་རིན་ཐང་སེམས་ངོར་མ་ལོན་པས། ད་གཟོད་རྩ་འགངས་ཆེ་བའི་རིག་གཞུང་གི་བསྟན་དོན་ནམ་ཁྱད་ཆོས་དང་ང་ཚོའི་སེམས་ཁམས་གཉིས་འཇིག་རྟེན་གཉིས་སུ་གྱེས་སོང་བ་རེད་ལ། འདི་ནི་རིག་གཞུང་དང་སེམས་ཁམས་བར་གྱི་འགལ་འདུའི་མངོན་རྟགས་ཤིག་ཀྱང་རེད།
དཔེ་མཚོན་གསལ་ཤོས་གཞན་ཞིག་ནི། ད་ལྟ་བོད་ཀྱི་རུ་སྡེ་གང་སར་དང༌། མཐོ་དམན་བར་མའི་སྤྱི་ཚོགས་ནང་དར་ཁྱབ་ཆེ་བའི་མ་ཅང་རྒྱན་རྩེད་དང༌། བོད་ས་སྟོད་སྨད་གང་སར་ཆང་ཁང་དང་གཞང་ཁང༌། ནང་མ་ཁང༌། རྒྱན་རྩེད་ཁང་སོགས་མང་ནས་མང་དུ་འཕེལ་བཞིན་པ་འདི། བོད་ཀྱི་ཆོས་རིག་ཡུལ་གོམས་སྲུང་སྐྱོབ་ཀྱི་ཆ་རྐྱེན་དུ་འགྲོབར་འདུག་གམ། གཏོར་བཤིག་གི་ཆ་རྐྱེན་ཅིག་ཏུ་འགྱུར་གྱིན་འདུག་གམ། བསམ་ཞིབ་དང་ངོས་འཛིན་མ་ནོར་བ་ངེས་པར་དགོས་པའི་ཚོད་དུ་སླེབས་ནས་འདུག་ཅིང༌། དེ་བས་ཀྱང༌། ཕྱི་ལོ་ ༡༧༢༧ ནས་ཕྱི་ལོ་ ༡༩༡༡ བར་གྱི་བོད་ཀྱི་གནས་བབ་གླེང་མཁན་ཁག་ཅིག་གིས་མ་ཅང་རྒྱན་རྩེད་འདི་བཞིན། ཉེ་རབས་བོད་ཀྱི་ལོ་རྒྱུས་ཀྱི་གོ་བབ་ལ་འགྲེལ་བཤད་གཞན་ཞིག་རྩལ་འདོན་གྱིས་སྒྲུབ་བྱེད་ཚུན་ལ་བགྲངས་ཀྱི་ཡོད་པ་རེད་ལ། བོད་དང་རྒྱ་ནག་གི་ཤེས་རིག་བར་གྱི་འབྲེལ་བ་གླེང་རིམ་ནང་དུའང༌། ཁག་ཅིག་ནས་བོད་ཀྱི་མཐོ་རིམ་སྤྱི་ཚོགས་ཀྱིས་རྒྱ་ནག་ནང་སའི་མ་ཅང་རྩེད་སྟངས་ནང་འདྲེན་བྱས་པའི་དུས་སྐབས་དང་བརྒྱུད་རིམ་ཞིག་སྒྲུབ་བྱེད་ཚད་ལྡན་དུ་འདྲེན་གྱི་ཡོད་པ་རེད། ཆེས་ཉེ་ས་ནས་མཐོང་ཐོས་ཐུབ་པ་སྟེ། མ་ཅང་རྒྱན་རྩེད་ལ་གཡེང་ཐལ་གྱིས་ཕྲུ་གུ་ཁྱིས་ཟོས་པ་མ་ཚོར་བའི་གནས་ཚུལ་ཐབས་རྡུགས་ཚུན་གྱི་གཏམ་ངན་རྣ་བར་གཟན་པ་གྲག་འོང་གིན་ཡོད་པ་འདི་དག་ལ་བསམས་ན། ད་ལྟའི་མི་རབས་འདིར། རང་ཉིད་ཀྱི་མི་ཚེའི་རིན་ཐང་འཕྲོ་བརླག་དང༌། བཟའ་མི་ཡ་གྱར་དང༌། བུ་ཚ་དྭ་ཕྲུག་ལ་གྱར་བ་སོགས་ཀྱི་གནས་ཚུལ་མང་དུ་བརྡོལ་གྱིན་པ་འདི་དག་ནི། རིག་གཞུང་དང་སེམས་ཁམས་ཀྱི་བར་དུ་ཧེ་བག་ཆེན་པོ་ཞིག་ཤོར་བ་ལས་བྱུང་བར་ངེས་ཤིང༌། འདིས། ང་ཚོ་འགྱེལ་ས་ནས་ལངས་པར་འགལ་རྐྱེན་ཆེ་ཤོས་བྱེད་ཀྱིན་པའང་ཡིན་པར་སྙམ།
ངས་བསམ་ན། འདི་དག་ནི་རིག་གཞུང་དང་བསམ་བློའི་བར་གྱི་འགལ་འདུ་རེད། དེ་མིན་ང་ཚོས་ང་ཚོ་རྒུད་ཕྱོགས་སུ་འཁྲིད་པའི་བྱས་ཉེས་ཆེན་པོ་བསགས་བཞག་པ་ཞིག་མེད་པར་སྣང་ལ། བསགས་རྒྱུའང་མེད་ཚོད་དུ་གདའ།
ཡང་ཕྱོགས་ངོས་གཞན་ཞིག་ནས་བཤད་ན། ཡང་ན། ངས་གོང་དུ་རིག་གཞུང་གི་གོ་དོན་ལ་གོ་བ་གཉིས་ཤིག་བླངས་པའི་སྔ་མའི་དབང་དུ་བྱས་ནའང༌། ཆོས་པ་ཆོས་བྲེད་དུ་ཕྱིན་པ་དང་འགྲོ་བཞིན་པ་ཅི་བས་མང་བ་ནས། ཡང་སྒོས་རང་ཉིད་ནས་གང་སྦྱངས་པའི་ཆོས་དེ་སེམས་ཁམས་འདུལ་བའི་གཉེན་པོར་བསྟེན་རྒྱུའི་ཚབ་ཏུ། རྒྱུ་དང་ནོམ་པ་གསོག་སྒྲུབ་བྱེད་སྤྱད་ལྟ་བུར་བརྩིས་ཏེ། ཆོས་ཁ་ལ་འཁྱེར་ནས་རྒྱུ་དང་ནོམ་པའི་རྗེས་སུ་ཤར་རྒྱུག་ནུབ་འདུར་བྱེད་པའང་ཅི་བས་ཇེ་མང་ནས་ཇེ་འཕེལ་དུ་འགྲོ་བཞིན་པ་ནས། མི་ཆོས་བླ་མའི་རྫུན་བཤད་ནས་འདོད་ཡོན་ལོངས་སྤྱོད་ཙམ་གཙོ་འདོན་བྱེད་བཞིན་པའི་སྐྱ་སེར་མང་པོ་ཞིག་སྤྱི་ཚོགས་ཀྱི་གདགས་སྲིབ་གང་སར་ཤོག་བུ་སྣུམ་གྱིས་ཟོས་པ་བཞིན་མཆེད་ཀྱིན་པ་སོགས་ཀྱི་བྱེད་བབ་དང་གཉན་འཕྲང་གི་གནས་བབ་གཉིས་བསྡུར་ཐེངས་རེར། མཁས་པ་དང་དམ་པ་མང་པོས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་རིག་གཞུང་དང་མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་སུ་ཕུལ་བར་རྩིས་ཐང་ཡེ་མ་བཞག་པའང་ཡིན་པར་མཐོང་ཞིང༌། ང་ཚོས་ཁ་བཤད་ཙམ་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་བ་བྱེད་དགོས་པར་སྨྲ་བ་ཙམ་ལས། བསམ་བློའི་ནང་མི་ཉམས་རྒྱུན་འཛིན་གྱི་རིན་ཐང་དང་ངོས་འཛིན་གསལ་པོ་ཞིག་མེད་པའི་དབང་ཁོ་ནས། རིག་གཞུང་གི་གནས་བབ་རྒུད་ཕྱོགས་ནས་རྒུད་ཕྱོགས་སུ་འཁྲིད་བཞིན་ཡོད་པ་འདི་རེད་ལ། འདིས་རང་ཉིད་ཀྱི་ཁྱད་ཆོས་མང་པོ་ཞིག་ས་ཐིམ་རྡོ་ཐིམ་དུ་འགྲོ་བཞིན་པའི་གནས་སྟངས་འདིར་བསྐྱལ་བ་རེད།
ང་ཚོ་འགྱེལ་ས་ནས་ལངས་དགོས་ན། དབང་ཤུགས་སོགས་ཀྱིས་བསྒྱེལ་བ་ཡིན་ནའང་འདྲ། རང་ཚུགས་མ་ཐུབ་པས་འགྱེལ་བ་ཡིན་ནའང་འདྲ། བསྒྱེལ་ཐུབ་པར་གྱུར་པའི་རྒྱབ་ལྗོངས་དང༌། འགྱེལ་དགོས་པར་གྱུར་པའི་མདུན་ལྗོངས་གཉིས་ཀར་དབྱེ་ཞིབ་གསལ་པོ་ཞིག་དང་ངོས་འཛིན་ཡང་དག་ཅིག་ཐོབ་པ་ཡིན་ན། ང་ཚོར་རང་ཉིད་ཀྱི་རྩ་ཆེའི་རིག་གཞུང་གི་བསྟན་དོན་སེམས་ངོར་བརྐོ་བའི་ཆོད་སེམས་ཤིག་སྐྱེ་ཐུབ་པ་ཡིན་ལ། ཆོད་སེམས་དེ་དང་འབྲེལ་བའི་ཉམས་ལེན་གྱི་འཕེལ་ཁ་ཞིག་མཐོང་དུ་ཡོད་པར་འགྱུར་བ་དང༌། ད་གཟོད་རིག་གཞུང་དང་སེམས་ཁམས་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཤིག་གིས་རང་ཉིད་ཀྱི་སྤྱི་ཚོགས་ཙམ་མ་ཡིན་པར། འཇིག་རྟེན་ཧྲིལ་པོ་ཞི་བདེའི་འཚོ་གནས་ཤིག་ཏུ་བསྒྱུར་བར་ཡང་རམ་འདེགས་བྱེད་ཐུབ་རྒྱུ་ཡིན། འདི་ནི་ང་ཚོའི་རིག་གཞུང་གི་དགོངས་དོན་རེད་ལ། འགྲོ་བ་ཡོངས་ཀྱིས་གང་ཞིག་སྨོན་པའི་མཐར་ཐུག་པའང་རེད། ཁ་གསལ་དུ་བཏང་ན། བོད་ཀྱི་རིག་གཞུང་དང་འགྲོ་བའི་བདེ་སྐྱིད་བར་གྱི་འབྲེལ་བའང་འདི་རེད།
ངས་བསམས་ན། ང་ཚོས་རང་ཉིད་དྲིན་ཆུང་དུ་བཏང་དྲགས་པས། གཞན་གྱི་གནམ་འོག་ཅིག་ནས་འཚོ་གནས་ཀྱི་ཁོར་ཡུག་ཙམ་ལས་མ་ཐོབ་རེད་ལ། ད་ལྟའི་སེམས་ཁམས་ཀྱི་ངོས་ན། གཞན་གྱི་གནམ་འོག་ནས་འཚོ་གནས་བྱེད་པའི་རིན་ཐང་ཙམ་ལས་མེད་པར་གྱུར་པ་རེད། བཤད་སྟངས་གཞན་ཞིག་ཏུ་བསྒྱུར་ནས་བཤད་ན། རིག་གཞུང་གི་བསྟན་དོན་དང་སེམས་ཁམས་གཉིས་གཅིག་ཏུ་བསྒྲིལ་བའི་སྐབས་ཉིད་ན། ང་ཚོས་འགྱེལ་ས་ནས་ཡར་ལངས་ཀྱི་མགོ་བོ་འདེགས་པའི་སྐྱ་རེངས་ཤིག་མདུན་བསུ་བྱེད་ཐུབ་པ་ལས། དེ་མིན་ང་ཚོར་རེ་བ་རྒྱག་ཡུལ་ཅང་བསྡད་མེད།
གཉིས། བསམ་བློ་དང་ལག་ལེན་བར་གྱི་འགལ་ཟླ།
ཁ་སང་དེ་རིང༌། བོད་ཁམས་འདིར་ནང་ཆོས་དར་བ་དེས་མ་འགྲིག་པ་དང༌། དེས་ཕྱོགས་དང་ངོས་མང་པོ་ནས་བསམ་བློ་དང༌། ཡུལ་གོམས། གཤིས་སྤྱོད། འཇིག་རྟེན་ལྟ་ཚུལ་བཅས་ལ་ཚད་གཞི་འདྲ་མིན་གྱི་འགོག་རྐྱེན་ཐེབས་པ་དང༌། གནས་དུས་གང་དུའང་བོད་མི་རིགས་ཡར་ཐོན་དུ་འགྱུར་བར་བར་ཆད་བཟོས་པར་ངོས་འཛིན་བྱེད་མཁན་དང༌། ཡང༌། བསམ་བློའི་ན་ཚོད་མ་རྒྱས་པ་ཁག་ཅིག་དེ་དག་གི་ཟེར་རྗེས་འབྲངས་མཁན་ཁག་ཅིག་ཀྱང་ཆུ་ངན་ལམ་ཤོར་ལྟ་བུར་ལུད་ནས་བྱུང༌། དེ་དག་གིས་བོད་མི་རིགས་ཡར་རྒྱས་འགྲོ་དགོས་ན་ནང་ཆོས་ཀྱི་བཀག་རྒྱ་འདི་མེད་པར་མི་བཟོ་ཐབས་མེད་ཡིན་སྟབས། མཐའ་གཅིག་ཏུ་སྐྱོན་བརྗོད་དང་དག་ཐེར་བྱ་རྒྱུ་ནི་གཞི་རྩའི་ལངས་ཕྱོགས་སུ་གཏན་འཁེལ་བ་ཡིན་སྐོར་ལས་འཕྲོས་ཏེ། ང་ཚོའི་རིག་གནས་ཀྱིས་འཇིག་རྟེན་ལྟ་ཚུལ་དང་སྤྱི་ཚོགས་ཀྱི་དགོས་མཁོ་རིང་དུ་དོར་བའི་ཕྱོགས་གླེང་སྐབས། ཚེ་འདི་བོར་ནས་ཕྱི་མ་གཙོ་བོར་འཛིན་པ། དཔྱོད་ཤེས་ལས་དད་པ་གཙིགས་སུ་བྱེད་པ། གསར་བཏོད་ལས་རྒྱུད་པ་གལ་ཆེར་འཛིན་པ། དཀོན་མཆོག་ལ་དད་པ་ལས་ཚན་རྩལ་ལ་མི་དད་པ། གཞན་དོན་གཙོ་བོ་དང་རང་དོན་ཕལ་བར་ལྟ་བ་སོགས་ཀྱིས་ང་ཚོ་རྒུད་ཕྱོགས་སུ་དྲུད་པ་རེད་སོགས་ཟེར་བ་ཙམ་མ་ཡིན་པར། གླེང་མཁན་ཚང་མས་ཕྱོགས་ངོས་འདི་དག་གཙོ་བོར་བཟུང་ཁུལ་གྱིས་ལྟ་ཚུལ་ཉི་ཚེ་བ་མང་དུ་སྤུངས་ནས་བོད་ཀྱི་ཆོས་དང་རིག་གཞུང་ལ་སྐྱོན་བརྗོད་ལྟ་བུ་བྱེད་མགོ་བསླངས་སོང༌། དེ་ཡང་གནས་ལུགས་རྒྱུ་མཚན་ཡོད་མེད་སྣ་ཚོགས་པ་མཉམ་བསྲེས་ཀྱིས་གཞོན་སྐྱེས་མི་རབས་ཀྱི་ཚབ་མཚོན་ལྟ་བུའི་ངོ་བོ་ནས་སྤེལ་བའི་ཁུལ་བྱས་འདུག་ལ། རྒྱུ་མཚན་དུ་འགྲོ་མིན་སྣ་ཚོགས་པ་ཆ་བསྡུ་ཡ་བསྡུ་བྱས་ཏེ། ཡང་སྙིང་ཤི་གསོན་མང་པོ་ཞིག་གི་འཇིག་རྟེན་ལྟ་ཚུལ་དུ་བསྒྲགས་ཤིང་རྒྱབ་རྟེན་གྱི་ལུང་དུ་དྲངས་ནས་དཔུང་ཁག་གི་ནུས་པ་ཞིག་སྤེལ་ཐབས་བྱེད་མགོ་བསླངས་སོང༌། དོན་དངོས་ཀྱི་ཆ་ནས་བྱས་ན། དེ་དག་གིས་ནི། སྟོན་པ་བརྩེ་དྲིན་གྱི་བདག་ཉིད་ཆེན་པོས། སྡིག་པ་ཅི་ཡང་མི་བྱ་ཞིང༌།། དགེ་བ་ཕུན་སུམ་ཚོགས་པར་སྤྱད།། རང་གི་སེམས་ནི་ཡོངས་སུ་འདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ཞེས་དང༌། དེ་བས་ཀྱང༌། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ནས་ང་ཡི་བཀའ།། བླངས་པར་བྱ་ཡི་གུས་ཕྱིར་མིན།། ཞེས་གདམས་པར་མཛད་པའི་ངོས་ཙམ་ཡང་མ་འཆུན་པར། ནང་བསྟན་ཆོས་ལུགས་ཀྱིས་ང་ཚོ་རྒུད་ཕྱོགས་སུ་འཁྲིད་པས་མ་འགྲིག་པར་ཇི་ལྟར་མཐོང་ཞིང་བརྗོད་སྤོབས་པར་གྱུར་པ་ཡིན་ནམ། ཡང་གཅིག་བཤད་ན། ནང་པ་སངས་རྒྱས་པའི་ཆོས་ལུགས་ནི་དད་མོས་གཙོ་བོར་བརྗོད་པ་མ་ཡིན་པར། རིག་པ་འབའ་ཞིག་གཞི་ལ་བཞག་ནས་གནས་ལུགས་དང་རྒྱུ་མཚན་ངོ་མ་འཚོལ་བ་ལ་འཇུག་པའི་རིམ་པ་ཞིག་ཡིན་པའང་མ་ཤེས་ནས་འདུག
ཡང་ན་ནི། རིག་གནས་ཡོན་ཏན་ཇི་ལྟར་འཛོམས་དུ་ཆུག་ཀྱང༌། ནང་བསམ་བློ་དེ་ཕན་སེམས་ཀྱིས་ཡོངས་སུ་བཏང་བ་འམ། ཕན་སེམས་ཀྱི་རྩིས་མ་ཟིན་པའི་སྐབས་ན། རིག་གནས་ཡོན་ཏན་དེ་བེད་ལོག་ཏུ་སོང་ནས། སྡུག་བསྔལ་སྣ་ཚོགས་པ་འདྲེན་ཀྱིན་པའང་མིག་མཐོང་ལག་ཟིན་དུ་ཡོད་པ་འདི་བས་ན། གཞན་ཕན་གྱིས་ང་ཚོ་ཡོངས་སུ་ཕོངས་བཅུག་འདུག་པར་ཇི་ལྟར་སྨྲ།
ཕྱོགས་གཞན་ཞིག་ནས་བཤད་ན། ཁོ་པ་ཚོའི་ལྟ་ཚུལ་འདི་ནི་བོད་མི་རིགས་འདི་འཕེལ་རྒྱས་ཀྱི་ཕྱིར་དང་བཅིངས་འགྲོལ་གྱི་ཕྱིར་ཡིན་པ་དེ་ལྟ་ཚུལ་འདིའི་རྒྱབ་ལྗོངས་མཐུག་ཤོས་ཡིན་པའི་ངོས་ནས་གླེང་གི་ཡོད་པ་རེད། གང་ལྟར་ང་ཚོས་ཁོ་པ་ཚོའི་ལྟ་ཚུལ་འདིར་ངོས་འཛིན་ནམ་ལྟ་སྟངས་ཅི་ཞིག་སྤྱོད་དགོས་པ་དེ་གནད་འགག་ཅིག་ཆགས་ཀྱི་ཡོད་སྟབས། ལྟ་ཚུལ་འདི་འདྲ་ངོམ་འཕྱར་བྱེད་པར་དགོས་པ་དང་དམིགས་ཡུལ་ག་རེ་ཡོད་མེད་འཚོལ་རྒྱུ་གལ་ཆེའམ། ཡང་ན། ལྟ་ཚུལ་འདིར་རིན་ཐང་ཅི་ཞིག་ཡོད་མེད་གཞལ་རྒྱུ་གལ་ཆེན་པོར་འཛིན་དགོས་སམ། དྲི་བ་འདི་གཉིས་ལས་འཕྲོས་ཏེ་སྔར་ཡང་རྩོད་པ་མང་པོ་བྱུང་བ་རེད་ལ། ད་ལྟ་ནའང་འབྱུང་མུས་སུ་ཡོད་པའི་གནས་སྟངས་འདི་སྐོར་མདོར་བསྡུས་ནས་བཤད་ན༌། ན་གཞོན་འདི་དག་གིས་ནི་རང་ཉིད་ཀྱིས་མི་རིགས་ཤིག་གི་འཚོ་གནས་ལ་སེམས་འཚབ་གནང་བཞིན་པའི་ངོས་ཤིག་བསྟན་དང་སྟོན་ཅི་ཐུབ་བྱེད་ཀྱིན་པར་སྒྲོག་གིན་འདུག་སྟེ། དོན་ངོ་མར་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་རིན་ཐང་དང་བོད་མིའི་སེམས་ཁམས་གཉིས་ཡ་བྲལ་དུ་གྱུར་པའི་བྱེད་སྤྱོད་ཁག་ཅིག་མཐོང་བ་དེ་རིག་གཞུང་ཕན་མེད་དུ་མཐོང་བྱེད་དང༌། དགོས་མེད་དུ་ལྟ་བྱེད་ཙམ་དུ་སྤྱད་པ་ལས། གཏིང་ཚུགས་པའི་བསམ་བློའི་སྨིན་སྟོབས་ཤིག་ནི་ངོས་མ་ཟིན་པར་འདུག འདི་ཡང་ཁ་སང་དེ་རིང་གི་གནས་སྟངས་མངོན་མཚན་པ་ཞིག་རེད།
བརྗོད་སྟངས་བསྒྱུར་ནས་བཤད་ན། ད་ལྟའི་གནས་སྐབས་སུ་གཞོན་སྐྱེས་ཁག་ཅིག་གིས་ནང་ཆོས་གཙོ་བོར་བྱས་པའི་རིག་གཞུང་རང་ངོས་ན་སྐྱོན་ཡོད་པ་དེས་འགྲིག་མེད་པར་ཤོད་ཀྱིན་འདུག་ལ། ཕྱོགས་ངོས་འདིར་གནས་ལུགས་དང་རྒྱུ་མཚན་ཉི་ཚེ་བ་མང་པོ་བགྲངས་ནས་བཤད་ཀྱིན་གདའ་བ་ནས། བཤད་སྟངས་འདི་དར་སོའང་ཆེ་ཐང་དུ་བྱེད་ཀྱི་ཡོད་སྟབས། གཞོན་སྐྱེས་མང་པོའི་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་ལ་འགྱུར་བ་ཐེབས་སྲིད་པའི་སེམས་ཚབས་བྱེད་མཁན་གྱི་རིགས་ཤིག་ཀྱང་འབྱུང་གིན་ཡོད། གང་ལྟར། བབ་ཅོལ་སྨྲས་དང་སྨྲ་མུས་འདི་བཞིན། བོད་ཀྱི་གཞོན་སྐྱེས་མི་རབས་ཀྱིས་གནམ་འོག་གཞན་ཞིག་ནས་གང་ཞིག་སྦྱངས་ཤིང་སེམས་ངོར་བླངས་པའི་རིག་གཞུང་དེས་ལྟ་ཚུལ་འདི་འདྲ་བསྐྱེད་པ་དང༌། རང་ཉིད་ཀྱི་རིག་གཞུང་སྦྱོང་གཉེར་གོ་སྐབས་ཚད་འཕེར་མ་ཐོབ་པའི་ཉེས་ཆ་གསལ་བཤད་ཐེངས་གཅིག་བྱས་པ་ཡིན་སྟབས། དེ་ནི་བསླབ་བྱ་ཞིག་དང་ཉམས་མྱོང་ཐོབ་པ་ཙམ་དུ་བལྟས་པས་མི་འགྲིག་པར། སེམས་འཚབ་བྱེད་དགོས་པ་ཞིག་བལྟ་དགོས་པ་སྟེ། ང་ཚོས་ད་དུང་ཡང་ལྟ་ཚུལ་འདི་འདྲ་སེམས་ཁམས་སུ་གྲུབ་མཁན་གསོ་སྐྱོང་བྱེད་ཀྱིན་བསྡད་ན། དེ་ནི་ཕངས་དགོས་པའི་གནས་རེད། རྒུད་པའི་གནས་སྟངས་འདི་ལས་སྐྱོབ་པར་དགོངས་བཞེས་གནང་མཁན་དང་སེམས་འཚབ་བྱེད་མཁན་ཚང་མས་སྣེ་ཟུར་འདིར་རྐང་པ་བཙུགས་ཏེ་རྗེས་ཤིག་ཕབ་རྒྱུ་ཡོད་ན་ཕབ་དགོས་པའི་དུས་ཀྱི་གཏུགས་ནས་འདུག་ལ། ལམ་ཁ་ཞིག་སྟོན་ཐུབ་ན་དེ་ཡང་དུས་ཚོད་ཀྱིས་གཏུགས་ནས་འདུག འདི་ནི་ང་ཚོ་ཐུན་མོང་གི་མངོན་འདོད་ཀྱི་རེ་འདུན་དང་དགོས་མཁོ་ཡང་རེད།
ཕྱོགས་ངོས་གཞན་ཞིག་ནི། བོད་ཀྱི་ལོ་རྒྱུས་ཀྱི་ངོས་རེད། བདེན་པ་དང་འཚེ་བ་མེད་པ་ནི་རིག་གཞུང་གི་བསྟན་དོན་དང༌། ང་ཚོའི་སེམས་ཁམས་ཡིན་དགོས་ནའང༌། ཆོས་པ་སྲིད་ལ་ཞུགས་པ་དང༌། སྲིད་དོན་པ་ཆོས་ལ་ཞུགས་ཐེངས་རེར། ཆོས་དེ་སྲིད་དོན་དུ་སྤྱད་པ་དང༌། སྲིད་དེ་བེད་ལོག་ཏུ་སྤྱད་པ་སོགས་ཀྱིས་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་ཁྲག་གི་རི་མོ་བྲིས་པའི་སྐབས་ཀྱང་བྱུང་ཡོད་ལ། མཚམས་ལན་རེར། རང་གཞན་གཉིས་ཀ་གཏན་མེད་བཟོ་བའི་སྦྱོར་བའི་རིགས་ཀྱང་བརྩམས་མྱོང་བ་སྟེ། བློན་པོ་ལང་འབལ་གཉིས་ཀྱིས་མེས་ཨག་ཚོམ་ལྔ་ལམ་དུ་བརྫངས་པ་དང༌། སྣ་ནམ་ཞང་གིས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྲོག་མདའ་མོས་འཕྲོག་པ། རྒྱལ་པོ་གླང་དར་གྱིས་རབ་བྱུང་ཡོན་ཏན་ཅན་གྱི་རིགས་ལ་ཀོ་ཐུམ་བརྒྱབ་ནས་ཆུར་བསྐྱུར་བ་དང་གཅེན་རལ་བ་ཅན་གྱི་མགུལ་གཅུས་ནས་བསད་པ། སྡེ་བ་ཞང་ཤག་པས་དབུས་གཙང་ལ་ཁྲག་གི་རྒྱ་མཚོ་བསྐྱིལ་བ། སོག་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབུ་བྲེགས་པ། མི་དབང་ཕོ་ལྷ་བས་བོད་ལ་ནང་དམེའི་འཁོར་ལོ་བསྐོར་བ། ཇུན་གར་ཚེ་དབང་རབ་བརྟན་སོགས་ཀྱིས་སྨིན་གླིང་ལོ་ཆེན་གྱི་མགུལ་བ་བཅད་པ། སྟག་བྲག་རྗེས་འབྲངས་དང་བཅས་པས་རྒྱལ་ཚབ་རྭ་སྒྲེང་བཀྲོངས་པ། ལྷ་ས་མཐིལ་གྱི་བླ་དཔོན་སྐོར་ཞིག་ངན་ཁ་འཆམ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཚེ་སྲོག་བཀུམས་པ་སོགས་གནའ་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་ཉེས་ཕྱོགས་འདི་ཚང་མར་ཆོས་ལུགས་དང་ཆོས་ལུགས་པས་མ་འགྲིག་པའི་རྒྱུ་མཚན་ཕྱོགས་རེ་བ་ངོམ་འཕྱར་ལྟ་བུས་གླེང་གི་འདུག་པར་མཐོང་ཞིང༌། ཡང་ཤེས་ཡོན་པར་རློམ་པ་ཁག་ཅིག་གིས་ནི་ཆོས་སྲིད་གཉིས་ཐད་ཀྱི་བྱས་ཉེས་ཡིན་པར་གླེང་གི་ཡོད་པ་གང་ལ་དེད་ཀྱང༌། མདོ་དོན་སྙིང་པོ་ནི། སྐབས་དེའི་སྤྱི་ཚོགས་གནས་བབ་དང་སྲིད་དོན་གནས་བབ་གཞི་ལ་བཞག་ནས་མཐའ་སྡོམ་འགོད་པ་ལས། ད་ལྟའི་སྤྱི་ཚོགས་དང་སྲིད་དོན་གནས་བབ་ཀྱིས་སྔོན་གྱི་གནས་བབ་ཚད་འཇལ་བྱེད་ནོར་ལྟ་བུས། ཆོས་ལུགས་ཀྱི་འདུ་ཤེས་ཡོད་པས་ལན་འདུག་པ་དང༌། ལྷག་པར་དུ་གྲུབ་མཐའི་ཁ་ལོ་ཆབ་སྲིད་ཀྱིས་བསྒྱུར་བས་མ་འགྲིག་པར་གླེང་གི་ཡོད་པ་དེ་ཁ་སང་དེ་རིང་གི་གླེང་གཞི་ཆེ་ཤོས་ལྟ་བུ་ནི་རེད་དེ། འདི་དག་ནི་རིག་གཞུང་དང་རྒྱབ་ཀྱིས་ཕྱོགས་པའི་སེམས་ཁམས་ཤིག་གི་བྱས་ཉེས་ལས། རིག་གཞུང་གང་ཞིག་གི་བསྟན་དོན་མ་འགྲིག་པའི་སྒྲུབ་བྱེད་དུ་སྤྱོད་རུང་བ་ཞིག་མིན།
ཚུལ་འདིར་དམིགས་ནས། བླ་མ་སྤྱན་རས་གཟིགས་དབང་ཕྱུག་གིས། ¿ནང་པ་སངས་རྒྱས་པའི་ཆོས་སྤུས་དག་པོ་རེད་དེ། དེ་ལ་སྤྱི་ཚོགས་ཀྱི་ལམ་དང་ལུགས་སྲོལ་རྙིང་པ་འདྲེས་ནས་བོད་ནང་དུ་བླ་མ་བླ་ཆེན་ཚོ་དང༌། དཔོན་པོ་ཚོའི་དབར་དུས་རབས་གཅིག་ནང་འཛམ་གླིང་ཀུན་ལ་བྱུང་བ་བཞིན། བླ་ཆེན་གྱི་རྒྱབ་སྐྱོར་མི་ཆེན་གྱིས་བྱས། མི་ཆེན་གྱི་རྒྱབ་སྐྱོར་བླ་ཆེན་གྱིས་བྱས། ཡང་སྙིང་བབས་ས་དེ་ཚེ་གཅིག་གི་ལྟ་གོས་གཏམ་གསུམ་གྱི་ཐོག་ལ་བབས་པའི་གནས་ཚུལ་ཞིག་ཆགས་པ་རེད། དེ་ནི་ཆོས་དང་རྒྱབ་འགལ་རེད་མ་གཏོགས། ཆོས་དང་མཐུན་པ་མ་རེད།¿ ཅེས་གདམས་པའི་དོན་འདི་གཞི་ལ་བཞག་ནས་དབྱེ་ཞིབ་གསལ་པོ་གནང་ཐུབ་དགོས་པ་ལས། རང་གི་མཐོང་ཚུལ་ཙམ་དབང་བཙན་དུ་བྱས་ནས་རིག་གཞུང་དང་སྤྱི་ཚོགས་གནས་བབ་ངོ་མར་ལོག་འགྲེལ་རྒྱག་མི་རུང་བའང་ཡིན་པར་མཐོང༌།
བསླབ་བྱ་ལེན་སྟངས་ཤིག་གི་ཆ་ནས་སྨྲས་ན། བོད་ཀྱི་ལོ་རྒྱུས་གོ་བབ་དང་སྤྱི་ཚོགས་གནས་བབ། ཆོས་སྲིད་མངའ་ཐང་སོགས་ཀྱི་ཕྱོགས་དང་ངོས་ལ་ཞིབ་འཇུག་གནང་སྐབས་རྩ་དོན་དུ་འཛིན་དགོས་པ་སྟེ། ད་ལྟའི་དགོས་མཁོ་ཙམ་གྱི་ཆེད་དུ་སྔོན་གྱི་བྱུང་བ་ལ་འགྲེལ་བཤད་ལོག་པ་རྒྱག་མི་རུང་བ་ནས། དགོས་མཁོ་བྱེ་བྲག་པ་དང་ལྷག་པར་དུའང་ལོ་རྒྱུས་ཀྱི་དོན་དངོས་དེར་གནས་སྐབས་ཀྱི་སྲིད་དོན་དགོས་མཁོའི་ངོས་ནས་བལྟས་ཤིང་བྲིས་པ་མང་བ་འདིས། ལོ་རྒྱུས་ཀྱི་དོན་དངོས་མང་པོ་ཞིག་འཁྱོག་བཤད་བྱས་འདུག་པ་ནས། དེ་བས་ཀྱང་ཕྱིས་ཀྱི་དཔྱད་ཞིབ་པ་དག་གིས་ཚད་ལྡན་མ་ཡིན་པའི་དེབ་གཞིའི་རིགས་ཁུངས་སྐྱེལ་ཞུ་ཡུལ་དུ་དྲངས་དང་འདྲེན་བཞིན་པ་ནི་གོམ་པ་སྤོ་སྟངས་ཡག་པོ་ཞིག་མ་རེད། གནད་དོན་འདི་ནི། བོད་ནང་གི་མཁས་པ་དང་ཞིབ་འཇུག་པའི་ནང་འདུག་ལ། དེ་བཞིན་རྒྱ་གར་གཙོས་པའི་འཛམ་གླིང་ཡུལ་གྲུ་ཁག་ནང་སྡོད་པའི་བོད་རིག་པའི་མཁས་པ་དང་ཞིབ་འཇུག་པ་དག་གི་ནང་དུའང་ཡོད་པ་རེད། རྒྱུ་མཚན་འདིས། དམིགས་ཕྱོགས་མི་འདྲ་བའི་དགོས་མཁོའི་དབང་དུ་གྱུར་པའི་ད་ལྟའི་ལོ་རྒྱུས་གླེང་སྟངས་འདི་ཚད་ལྡན་ཅིག་ཡིན་པའི་རྒྱུ་མཚན་འཚོལ་དགོས་ན་རྙེད་ཁག་པོ་རེད།
གསུམ། བསམ་ཚུལ་རེ་ཟུང་ལ་འཇུས་ནས་མཇུག་བསྡུ་བ།
བསམ་ཚུལ་གྱི་རིམ་པ་ཚིག་གི་ཕྲེང་བར་སྤེལ་ཟིན་པའི་རྗེས་འདིར། ཡང་བསྐྱར་བཤད་རྒྱུ་ཞིག་མེད་དགོས་པ་འདྲ་ཞིག་རེད་དེ། བརྗོད་གཞི་འདི་འགྲེམས་སྟངས་མ་འགྲིག་པས་ཡིན་ནམ་ཅི། གོང་གི་ལེ་ཚན་ཁག་ནང་བཤད་རྒྱུར་ལྷག་པའམ། ཡང་ན་བཤད་ན་འཚམ་པར་མ་མཐོང་བའི་རིགས་ཁ་ཤས་ཤིག་མཇུག་འདིར་ལྷག་སོང༌། གཅིག་ཐང་ན། འགན་འཁྲིའི་ཁུར་འཁྱེར་མི་དགོས་པའི་བསམ་ཚུལ་རིགས་ལྷག་སོང་བར་ལབ་ཆོག་པ་ལྟ་བུར་འདུག
དེ་ནི་འདི་འདྲ་རེད། བོད་ཕྱི་ནང་གང་སར་དུས་དེབ་དང་ཚགས་པར་གྱི་འཕེལ་ཁ་ནི་རྩེ་མོར་སོན་པའི་ཚད་དུ་སླེབས། དེ་བཞིན་རྩོམ་པ་པོའི་གྲངས་ཀའང་ཉིན་རེ་བཞིན་འཕེལ་བར་གྱུར། དགའ་འོས་ཤིང་སྤྲོ་དགོས་པའི་འཕེལ་ཁ་འདིས། ང་ཚོར་རེ་བའི་མེ་ཁ་ཞིག་གསོས་སོང་ལ། འདུན་པའི་ནམ་མཁའ་ཞིག་ལངས་སུ་བཅུག་སོང༌།་ཡིན་ནའང༌། གནད་དོན་ཅིག་ཀྱང་མཉམ་དུ་དྲུད་ནས་སླེབས་སོང༌། དེ་ནི་ཀློག་མཁན་གྱི་ངོས་རེད། ད་ལྟའི་ང་ཚོའི་ཚགས་དེབ་ནི་གྲངས་འབོར་ཐད་ཀྱི་འཕེལ་རྒྱས་ཤིག་ལས། རིན་ཐང་གི་ཁྱད་ཆོས་ལྡན་པ་ནི་རེ་གཉིས་ཤིག་ལས་མཐོང་བའི་སྐལ་བ་མ་ཐོབ། དེ་ཡང་དཔེར་ན། དེབ་ཁ་ཤས་ནི། ཁ་བྱང་ནས་མཇུག་བྱང་བར་གྱི་ཤོག་ངོས་རེ་ན་ཡིག་ནོར་རེ་ཡོད་བཞིན་དུ་རྒྱ་ཁྱབ་ཏུ་བཀྲམས་སོང་ལ། བྱིངས་ལའང་བྱ་བ་དང་བྱ་ཡུལ། ཁྱད་གཞི་དང་ཁྱད་ཆོས། ཆོས་དང་ཆོས་ཅན་སོགས་བརྗོད་སྐབས་བོད་ཀྱི་ལུང་སྟོན་པའི་གཞུང་དོན་དང་ཡོངས་སུ་འགལ་རིགས་མང་དུ་སྣང་བ་ནས། མཚམས་ལན་རེར་ནི། ཚིག་གི་སྤྲོས་པ་ཙམ་ལས་དོན་གྱི་གནད་ནི་གཙོ་འདོན་མ་གནང་བ་སོགས་སྐྱོན་གནད་མང་དུ་འབྱུང་བཞིན་པ་དག་ལའང༌། བསམ་བློ་གཏོང་དགོས་པ་མང་དུ་མཆི།
ཕྱོགས་ངོས་གཞན་ཞིག་ནི། བོད་སྐད་གཙང་མར་ཉར་རྒྱུ་དེ་རེད། ངས་བསམ་པར་བོད་སྐད་བསླད་ཅན་དུ་བསྒྱུར་བ་དེ་ཤེད་ཀྱིས་སེམས་ཁམས་ཀྱང་བསླད་ཅན་དུ་འགྲོ་བར་འདོད། དེ་ནི། མཎ་ཇུའི་མི་རིགས་ཀྱི་དབང་ཐང་དང་ངོ་བོ་ཉམས་རྒུད་ཀྱི་ལོ་རྒྱུས་བསླབ་བྱས་ར་སྤྲོད་གསལ་པོ་བྱས་ནས་འདུག བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ན། དེའི་གཞི་རྩའི་རྨང་རྡོ་ནི་བོད་ཀྱི་སྐད་ཡིག་ཡིན་དགོས། ཇི་སྲིད་བོད་ཀྱི་སྐད་ཡིག་གཙང་མར་གནས་པ་དེ་སྲིད་དུ། བོད་ཀྱི་ཆོས་དང་རིག་གཞུང་གནས་རྒྱུ་ཡིན་ལ། སྐད་ཡིག་ཉམས་རྒུད་དུ་གྱུར་པ་ནས་ཆོས་དང་རིག་གཞུང་ཉམས་རྒུད་ཀྱི་མགོ་ཚུགས་པའང་ཡིན། ལྟ་སྟངས་འདིར་འཇུས་ནས་བལྟས་ན། ཁ་སང་དེ་རིང་ནི། ང་ཆོའི་ཆོས་དང་རིག་གཞུང་གཉིས་ཀ་ཉམས་རྒུད་གནས་སྐབས་ཤིག་གི་མུར་འདུག
ང་ཚོས་ཆེས་ཐག་ཉེ་ནས་མཐོང་ཐུབ་པ་སྟེ། བོད་ཀྱི་ན་གཞོན་ཚོས་རྒྱ་སྐད་དང་རྒྱ་ཡིག དབྱིན་སྐད་དང་དབྱིན་ཡིག་སྦྱོང་བ་ལ་ཤ་ཐང་དུ་འབད་པ་ལས། བོད་རང་གི་སྐད་ཡིག་སྦྱོང་གཉེར་ཆེད་སྙིང་ལ་རུས་པ་འཇུག་མཁན་ཉུང་ངུ་ལས་མེད། དུས་རབས་ཕྱེད་ཀའི་རིང་འདིར། བོད་ཀྱི་སེམས་ཁམས་ཀྱིས་ཡོངས་སུ་བཏང་བའི་བོད་པ་དང༌། བོད་སྐད་ཤོད་པའི་ལྕེ་བརླག་པའི་བོད་པ། བོད་པའི་གོམས་སྤྱོད་ཡལ་ཚར་བའི་བོད་པ་སོགས་མཚན་ཉིད་མི་ཚང་བར་གྱུར་པའི་བོད་པ་ཕུང་གསུམ་པ་ལྟ་བུ་ཞིག་མཐོང་དུ་ཡོད་པར་གྱུར་པར་བསམས་ན། ང་ཚོས་ཉམས་རྒུད་ཀྱི་མུ་འདི་ནས་རང་ཚུགས་ཤིག་དང་རང་ངོ་ཞིག་ཤེས་རྟོགས་མ་ཐུབ་ཚེ། ཡང་ན། ཕུགས་རྒྱང་ཆོད་པའི་མིག་རྒྱ་བསྐྱེད་མ་ཐུབ་ཚེ། རེ་བ་ཆེན་པོ་རྒྱག་ཡུལ་ཅིག་བསྡད་མེད། དེ་བས་ན། འགལ་འདུ་འདི་དག་སེལ་ཐབས་ནི་རང་གི་རིག་གཞུང་སྦྱོང་གཉེར་དང་བེད་སྤྱོད་ཁོར་ཡུག་བརྩོན་ལེན་བྱེད་དགོས་པ་ལས། གཞན་གྱི་རེ་བ་རྒྱག་ཡུལ་ཅང་མེད། དོན་འདིས། སེམས་ལ་བརྣག་པའི་ཚིག་གཅིག་རང་གིས་མཇུག་བསྡུ་བར་འདོད་པ་སྟེ། སྙིང་ལ་རུས་པ་འཇུག་རན་ནས་འདུག་གོ། །།
་