བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནག་པོ་སྐལ་བཟང་ལགས་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག རྩོམ་པ་པོ་དང་། ལོ་ཙ་བ། མཁས་པ་བཅས་ཡིན་པའི་སྐུ་ཞབས་ནག་པོ་སྐལ་བཟང་ལགས་ནི་མདོ་སྨད་རེབ་གོང་ནས་ཕྱི་ལོ་ ༡༩༥༥ ལོར་འཁྲུངས་པ་དང་། སྐུ་ན་ཆུང་དུས་ནས་བོད་དང་རྒྱའི་སློབ་གྲྭར་འགྲིམས། ཕྱི་ལོ་ ༡༩༨༢ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ཕྱག་ལས་གནང་ཡོད།
ཁོང་གིས་བོད་ཡིག་ཏུ་བརྩམས་པའི་《བྲེད་ཤ་ལངས་པའི་མཚར་གཏམ་》སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང་《ཀླུ་འབུམ་མི་རྒོད་》དང་། 《དམྱལ་ཟངས་ནང་ན་ཀུ་རེ་མེད་》ཅེས་པ་སྐད་གྲགས་ཆེ་ཞིང་ཁྱོན་ཡོངས་ནས་དགའ་བསུ་ཐོབ་པའི་སྒྲུང་རིང་ཡང་བྲིས་ཡོད་པ་དང་། རྒྱ་ཡིག་ཏུ་བརྩམས་པའི་《བོད་མིའི་བྱུང་བ་བརྗོད་པ་》དང་། 《བོད་ཀྱི་མི་གྲངས་》《གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་》སོགས་དཔྱད་རྩོམ་བཅུ་ལྷག་ཡོད། ཁོང་གི་བརྩམས་ཆོས་ཁག་ལས་《གླིང་རྗེ་གེ་སར་རྒྱལ་བོ་དང་གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་》ལ་རྒྱལ་ཡོངས་ཕུལ་བྱུང་བྱ་དགའ་ཐོབ་མྱོང་། རྒྱ་ཡིག་དང་བོད་ཡིག་སྦྲགས་མ་བྱས་ཏེ་བརྩམས་པའི་《བོད་བརྒྱུད་ནང་བསྟན་ལྷ་རིས་སྒྱུ་རྩལ་》ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། 《བོད་ཀྱི་ལྷ་རིས་ཐིག་རྩལ་》ལ་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༤ ཉིན་རྩོམ་པ་པོ་སྐུ་ཞབས་ནག་པོ་སྐལ་བཟང་དམ་པ་དེ་ཉིད་སྐུ་གཤེགས་པའི་གནས་ཚུལ་ཐོན་འཕྲལ་སྤྱི་ཚོགས་རྒྱུད་ལམ་སྐད་འཕྲིན་དང་། ངོ་དེབ། པོད་འཕྲིན་སོགས་སུ་གདུང་སེམས་དང་མྱ་ངན་བྱེད་མཁན་ཆར་རྗེས་ཀྱི་ཤ་མོ་བཞིན་རྡོལ་བ་དང་། བོད་ཀྱི་རྩོམ་རིག་དྲ་བ་གྲགས་ཅན་དང་ཆེ་ཤོས་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་རུ་ཁོང་སྐུ་གཤེགས་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་མ་ཟད། བཙན་པོ་དྲ་བ་རུའང་གྲགས་ཅན་རྩོམ་པ་པོ་ཁོང་སྐུ་གཤེགས་པའི་གནས་ཚུལ་དང་ཁོང་དང་འབྲེལ་བའི་ཡིག་ཚགས་རེ་གཉིས་བཀོད་གནང་འདུག། དེ་བཞིན། སྙན་ངག་པ་གྲགས་ཅན་རོང་པོ་དགེ་འདུན་ལྷུན་གྲུབ་ལགས་དང་། ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་མཁས་དབང་པདྨ་འབུམ་ལགས། དགེ་རྒན་ཆེན་མོ་གུར་མགོན་སྐྱབས་ལགས། སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས། དགེ་རྒན་ཆེན་མོ་དཔའ་རྩེ་ལགས། སྙན་ངག་པ་གྲགས་ཅན་འབྲོང་ལགས། སྒྱུ་རྩལ་པ་དང་སྙན་ངག་པ་ཞི་བདེ་ཉི་མ་ལགས། བརྩམས་སྒྲུང་རྩོམ་པ་པོ་རིག་ལྡན་རྒྱ་མཚོ་ལགས། སྙན་ངག་པ་གྲགས་ཅན་རེ་རྐང་གླིང་ལགས་དང་ས་དཀྱིལ་ཚེ་བཀྲ་ལགས། གཞན་ཡང་ཐོ་རངས་ལགས་སོགས་མི་ཧ་ཅང་མང་པོས་སྤྱི་ཚོགས་བརྒྱུད་ལམ་དུ་དམ་པ་ཁོང་གི་བརྩམས་ཆོས་དང་མཛད་རྗེས་ལ་བགྲོ་གླེང་དང་། དགུང་ལོ་དྲུག་ཅུ་ཡོལ་ཙམ་ནས་སྐུ་ཚེ་མ་ཟིན་པར་ཕངས་སེམས་དང་གདུང་སེམས། མྱ་ངན་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག
ཨོ་མ་ཎི་པདྨེ་ཧཱུཾ།
རྩོམ་པ་པོ་ནག་པོ་སྐལ་བཟང་གི་གྲོངས་གཏམ་འབྲི་མཁན་འདི་སུ་ཡིན་ནམ།
འཇིག་རྟེན་ནི་འདི་མི་རྟག་རྒྱུ་མའི་གནས།
འགྲོ་མཁན་འགྲོ་མཁན་ཡོང་མཁན་ཡོང་མཁན་རེད།
རྗེས་སུ་ཡོང་མཁན་ཐམས་ཅད་འགྲོ་མཁན་རེད།
ནམ་ཡང་མ་བརྗེད་མི་རྟག་ཡང་ཡང་སྒོམས།
རྗེ་བཙུན་མི་ལས།
ང་ད་ལྟ་ཡོད་ཀྱང་ད་ལྟ་མེད།
ང་དེ་རིང་ཡོད་ཀྱང་སང་ཉིན་མེད་་་ཅེས་མི་རྟག་པའི་སྐོར་གསུངས་པ་ཤིན་ཏུ་རྩ་ཆེ།