བེ་རི་འཇིགས་མེད།།
སྔོན་གླེང༌།ལི་འཁྲིའི་ཐིག་ལེ་འཛུམ་པའི་དཀྱིལ་འཁོར་ལ།།
ཆོས་ཀུན་གཅིག་ཏུ་འཆིངས་བའི་འོད་ཞགས་གསལ།།
འགྲོ་བློའི་རྨོངས་པ་གཏུབས་པའི་མཚོན་རྣོན་གྱིས།།
མུན་པའི་གཡུལ་ས་འཇོམས་པའི་མགོན་དེས་སྐྱོངས།།
མཁས་པའི་བྱ་བ་ནམ་མཁའི་མཐའ་ལྟར་ཡངས།།
ཤེས་བྱའི་རྣམ་གྲངས་སྐར་མའི་གྲངས་ལས་མང༌།།
དེ་ཀོ་གཅིག་ཏུ་གསལ་བའི་མེ་ལོང་ནི།།
རྩོམ་རིག་ཟླ་བའི་དཀྱིལ་འཁོར་འདི་ཁོ་ན།།
ཞེས་གང་ཞིག་སྔོན་དུ་གླེང་བའི་གཏམ་གྱིས་མཚམས་སྦྱར་ནས་འདི་བོད་ཀྱི་རྩོམ་རིག་ གི་འཕེལ་རིམ་རགས་ཙམ་གླེང་པ་ལ། དེ་ཡང༌། མཁས་པའི་བྱ་བ་ལ་མུ་མཐའ་མེད་ཅིང༌། ཤེས་བྱའི་རྣམ་གྲངས་རྫོགས་མཐའ་མེད། ནམ་མཁའི་སྐར་ཚོགས་དང་ཆཱུ་ཁའི་བྱེ་མ་ལྟ་བུའི་ཤེས་བྱའི་བྱེ་བྲག་ཤིན་ཏུ་མང་ པོའི་ནང་ནས། རྩོམ་རིག་ནི། འཕགས་ཡུལ་གྱི་སྙན་ངག་པ་ཙན་དྲ་གོ་མས། གང་ཕྱིར་མཁས་པའི་ལས་གསུམ་ལས།།
འཆད་རྩོད་ངག་ལ་མ་ངེས་པ།།
སྲིད་ཕྱིར་མི་འཁྲུལ་རྩོམ་པ་སྟེ།།
ཞེས་དང༌། རྗེ་ཙོང་ཁ་པ་ཆེན་པས།
རིག་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང༌།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང༌།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང༌།།
ཞེས་དང༌། རྒྱ་ནག་གི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས། སྙན་ངག་མེད་ན་གཏམ་དུ་བྱ་བ་མེད།།
ཞེས་དང༌། ཚན་རིག་པ་ཞིག་གིས།
གལ་ཏེ་ངར་མི་ཚེ་ལྷག་མ་ཅུང་ཟད་ཡོད་ན་སྙན་ངག་གི་ཚིག་སྦྱོར་ལ་སྦྱོང་ངེས་ཡིན། ཞེས་སོགས། ཤེས་བྱའི་གནས་ལུགས་འཚོལ་མཁན་ནང་དོན་རིག་པའི་མཁས་པ་དང༌། དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་ལ་སྡེ་ཚན་ཆ་བགོས་ཀྱི་ཞིབ་འཇུག་བྱེད་མཁན་ གྱི་ཚན་རིག་པས་མཚོན། འཇིག་རྟེན་འདིར་མཁས་པའི་མཚན་སྙན་དང༌། མཛད་པའི་ལག་རྗེས་ལྡན་པའི་གྲགས་ཅན་མི་སྣ་མང་པོས་རྩོམ་རིག་གི་འཇིག་རྟེན་ཉུལ་ བ་ནི་མཁས་པའི་བྱ་བ་ཀུན་གྱི་ནང་ནས་རབ་དང་ཕུལ་དུ་བྱུང་བར་ངོས་འཛིན་གནང་འདུག ངོས་འཛིན་དེ་ལྟར་གནང་བའི་རྒྱུ་མཚན་རྒྱབ་ལྗོངས་དང་བཅས་པ་ཤེས་ནས། རྩོམ་རིག་གི་ངོ་དང་ནུས་པ། གྲུབ་ཆ་དང་རྒྱུ་རྐྱེན། ཕན་ནུས་དང་དབྱེ་སྒོ། བྱུང་རིམ་དང་འཕེལ་རིམ་བཅས། རིག་པའི་གཞུང་ལུགས་ཀྱི་སྒྲོམ་གཞི་ལྡན་པའི་ཐོག་ནས་ཤེས་དགོས་པ་ནི་མཁས་པའི་བྱ་ བའི་ནང་མེད་ཏུ་མི་རུང་པའི་ཆོས་ཉིད་ཅིག་རེད་སྙམ།
༡ རྩོམ་རིག་གི་ངོ་བོ་དང་ནུས་པ།
རྩོམ་རིག་ཅེས་པ་ནི། རྩོམ་པ་པོའི་བསམ་བློའི་ཀུན་རྟོག་ལ་དགའ་སྐྱོ་ཁྲོ་ཆགས་གང་ཞིག་གིས་གཡོ་འགུལ་ ཐེབས་པལས་བྱུང་བའི་ནང་བསམ་བློའི་འཆར་སྒོ་དེ་ཉིད། ཕ་རོལ་པས་གོ་བ་ཇི་ལྟར་བ་བཞིན་ལེན་ཐུབ་པའི་སྒྱུ་རྩལ་གྱི་བརྡ་ཐབས་ཤིག་ཡིན། སྤྱིར་བཏང་རྩོམ་ཞེས་པ་ནི་བྱ་བ་གང་ཞིག་བྱེད་པའི་དོན་ལ་ཐད་ཀར་བཏགས་པའི་མིང་ སྤྱིར་བཏང་པ་ཞིག་ཡིན་ལ། ཞེ་ཚིག་སྦྱར་ན་མཛད་དང་གནང་ཞེས་པ་དང་དོན་འདྲ་སྟེ། སྐྱེས་བུ་དམ་པའི་མཛད་པ་རེད་ཅེས་པ་ལྟ་བུས་ཤེས་ཐུབ་པས་སོ།། ཞེ་ཚྀག་མ་སྦྱར་ན་བཟོ་བ་དང༌། ཡང་དོན་བས་དེས་ན། རྩོམ་ཞེས་པ་ནི་ཤོག་ཐོག་སྨྱུག་རྩེ་བཙུགས་པའི་ཆ་ཤས་ཁོ་ན་ལ་གོ་མི་དགོས་པ་སེམས་ སོ།། འོན་ཀྱང་དུས་ཕྱིས་སམ་དེང་སང་ནི་རྩོམ་རིག་གི་ཐ་སྙད་གཙོ་བོ་འཇུག་ས་ནི། སྙན་ཚིང་དང་སྡེབ་སྦྱོར་གྱི་གཞིའ་རྐང་བརྟན་པོ་ལྡན་པའི་ཤོག་ཐོག་གི་ནག་རིས་ལ་ གོ་བའི་སྲོལ་རྒྱུན་འབྱམས་སུ་ཀླས་ཟིན་པས། དེ་ཉིད་དབང་བཙན་པོའི་ལུགས་སུ་བྱས་ན་འཐད་དོ་སྙམ་དུ་སེམས་སོ།།
ཡང་འགའ་ཞིག་གིས། རྩོམ་རིག་ཅེས་པའི་དོན་ནི། སྙན་རྩོམ། སྒྲུང་རྩོམ། ལྷུག་རྩོམ། ཟློས་གར་བཅས་པའི་ངག་གི་སྒྱུ་རྩལ་གྱི་རིག་པའི་གནས་ཏེ། བཅད་ལྷུག་སྤེལ་མ་གསུམ་གྱི་བདག་ཉིད་ཅན་གྱི་སྒྲ་ཡང་འཇུག་གི་སྙན་ངག་གི་དོན་ དངོས་སོ།། ཞེས་བྲིས་འདུག རྒྱ་སྐད་ཐོག་ཝུན་ཞུའོཞེས་ཝུན་ནི་རྩོམ་དང༌། ཞུའོ་ནི་རིག་པ་སྟེ། བོད་སྐད་ཐོག་རྩོམ་རིག་ཞེས་པ་འདི་ཐོབ་པ་ཡིན། དུས་རབས་བོད་ཀྱི་སྨྱུག་ཐོག་པ་འགའ་ཞིག་གིས་རྒྱ་ཡི་ཝུན་ཞུའོ་དང་བོད་ཀྱི་སྙན་ ངག་རིག་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་པ་ནི། རྩོམ་པ་པོའི་དགོངས་ཚུལ་ཙམ་ལས་གནས་ལུགས་དངོས་ལ་རེག་པའི་བཤད་པ་ཡིན་མིན་མི་ ཤེས།
ནུབ་ཕྱོགས་པ་འགའ་ཞིག་གིས་རྩོམ་རིག་ལ་ཁྱབ་ཆེ་ཆུང་གཉིས་སུ་ཕྱེས་ཏེ། ཁྱབ་ཆེ་བའི་དབང་དུ་བྱས་ན་ཤོག་ཐོག་ཡི་གེ་ཕབ་ཚད་ལ་རྩོམ་རིག་ཟེར་བ་དང༌། ཁྱབ་ཆུང་བའི་དབང་དུ་བྱས་ན་དུས་བྱེ་བྲག་པ་དང་ཡུལ་བྱེ་བྲག་པ། སྐད་ཡིག་བྱེ་བྲག་དང་བརྗོད་གཞི་བྱེ་བྲག་པ་གགང་ཞིག་གི་ཐོགནས་བྲིས་པའི་ཡི་གེ་ ལ་གོ་དགོས་ཚུལ་བཤད་འདུག རྒྱ་གར་གྱི་གནའ་བོའི་མཁས་པ་ཚད་ལྡན་ཁ་ཅིག་ནི། སྒྲ་དོན་མཉམ་བསྲེས་ཀྱི་རིག་པ་ལ་རྩོམ་རིག་ཏུ་འདོད། མདོར་བསྡུས་ན་རྩོམ་རིག་ནི་ངག་གིས་བསྡུས་པའི་སྒྱུ་རྩལ་གྱི་རིག་པ་ཞིག་ལ་ཟེར་ ཞིང༌། རིག་པ་དེ་ཉིད་ཀྱི་ཚབ་མཚཽན་ནུས་པའི་ཡི་གེ་ལ་རྩོམ་ཡིག་ཟེར་བ་ཡིན། དེའི་གོ་དོན་དང་དབྱེ་བ། རྩོམ་ལུགས་སོགས་ཀྱི་རྣམ་གཞག་བསྟན་པའི་ངག་རིག་ལ་རྩོམ་རིག་གི་གཞུང་ཟེར།
རྩོམ་རིག་གི་ནུས་པ་ནི། ལུས་ལ་སྲོག་གིས་ཁྱུད་པ་དང༌། སྲོག་ལ་ངབུགས་ཀྱིས་ཁྱུད་པ་ལྟར། རྩོམ་པ་པོས་དམིགས་ཡུལ་གང་ཞིག་བཟུང་ནས་བྲིས་པའི་རྩོམ་ཡིག་དེ་སུ་ཞིག་གིས་ ཀློག་པ་ན། རྩོམ་པ་པོའི་བསམ་བློའི་ནང་གི་དགའ་སྡང་ཁྲོ་ཆགས་ཀྱི་རྣམ་པ་གང་ཞིག་འཕྱོ་ཡོད་པ་ དེའི་ཤུལ་ནས་ཀློག་པ་པོའི་བསམ་བློ་ཡང་ཤུགས་མ་ཐུབ་ཀྱིས་ཁ་ཤོར་ནས་འགྲོ་བ་མ་ཟད་ ཀློག་པ་པོའི་སེམས་ཁོང་དུ་རྩོམ་པ་པོའི་ཚོར་བ་གསོན་པོ་ཞུགས་ནས། རྩོམ་པ་པོའི་བསམ་བློའི་ཚབ་མཚོན་བྱས་ཏེ་དགའ་སྡང་ཁྲོ་ཆགས་ཀྱི་ཚོར་བ་བརྗེན་པས་ རང་བློ་ཡོངས་སུ་བསྒྱུར་འགྲོ་བ་དེ། རྒྱ་ནག་གི་རྩོམ་པ་པོ་ཁ་ཅིག་གིས་སྙན་ངག་གི་སྲོག་ཏུ་འདོད་ཅིང༌། རང་རེའི་རྩོམ་རིག་མཁས་པ་ཚོས་དེ་འདྲ་འདོད་མཁན་ཡོད་མེད་ད་ཕན་མ་མཐོང་མོད། འདི་ལ་རྩོམ་རིག་གི་ནུས་པ་ཞེས་འགྲེལ་བཤད་བྱས་ན་འོས་ཤིང་འཚམ་པར་སེམས། དཔེར་ན། སྟོན་པ་ཐུགས་རྗེ་ཅན་གྱི་ལུང་སྡེ་བཞི་ཉན་པ་དང་ཀློག་པ་ལས། ཉན་མཁན་དང་ཀློག་མཁན་ཚོ་འཁོར་བ་ལ་ཞེན་པ་ལོག་ནས་ཐར་པ་ལ་ཡིད་སྨོན་ཤོར་བ་དང༌། སྲོང་བཙན་སྒམ་པོའི་ལོ་རྒྱུས་ཀློག་པས་མི་རིགས་ཀྱི་སྤོབས་པ་སླེབས་པ་དང༌། ཞྭ་སྒབ་པའི་རྒྱལ་རབས་ཀློག་ནས་རྒྱ་བོད་ཀྱི་དབྱེ་མཚམས་ལ་དོ་སྣང་སླེབས་པ། དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ལ་བརྟེན་ནས་འདོད་སྲེད་ཀྱི་མེ་ ལྕེ་འཕྱུར་བ་ལྟ་བུས་མཚོན་ནུས་པ་ཞིག་རེད་སྙམ། དོན་བསྡུས་ན། རྩོམ་ཡིག་དེ་དང་དེའི་ནུས་པ་ལ་བརྟེན་ནས་ཀློག་པ་པོའི་སེམས་ཁམས་ལ་རྩོམ་པ་པོའི་ མངོན་འདོད་ཀྱི་བརྗོད་གཞིའི་སྲོག་རྩ་ཞུགས་པ་ཡིན་ཞེས་བརྗོད་ན་མི་འཚམ་པ་མེད་ སྙམ།
༢ རྩོམ་རིག་གི་གྲུབ་ཆ་དང་རྒྱུ་རྐྱེན།
རྩོམ་རིག་གི་གྲུབ་ཆ་ལ་ཕྱི་ནང་གཉིས་སུ་ཕྱེས་པའི་ནང་གི་གྲུབ་ཆ་ནི། བརྗོད་གཞི་ཡིན་ལ་བརྗོད་གཞི་དེ་ཉིད་སྲོག་རྩ་ཡང་ཡིན། སྲོག་རྩ་འདི་ཉིད་མེད་ན་ཚིག་སྦྱོར་རྐྱང་པོའི་རྩོམ་ཡིག་ཚད་ལྡན་ཞིག་གྲུབ་ཐབས་ མེད། བརྗོད་གཞིའི་ཐད་ཤེས་བྱ་དང་ཡིན་ཆ་མཉམ་ཡིན་པས་ཞིབ་མོ་རྣམ་འཐགས་ཀྱིས་བཤད་ན་ རྫོགས་མཐའ་མེད་རི་མོ་མཛུབ་མོ་བསྟན་ཙམ་ཞུས་ན། བསླབ་པ་གསུམ་དང་རིག་བྱེད་བཞིས་བསྡུས་པའི་དམ་པའི་ཆོས་དང་འཇིག་རྟེན་སྲིད་ ལུགས་ཀྱི་རིག་གཞག་ཡོངས་རྫོགས་རྩོམ་རིག་གི་གྲུབ་ཆ་ཡིན། ཕྱིའི་རྩོམ་རིག་གི་གྲུབ་ཆ་ནི། མིང་ཚིག་ཡི་གེ་གསུམ་གྱིས་བསྡུས་པའི་སྐད་ཆ་དང་སྡེབ་སྦྱོར་མངོན་བརྗོད་བཅས་ ཡིན། རྩོམ་རིག་གི་རྒྱུ་རྐྱེན་ནི། རྩོམ་པ་པོས་རྩོམ་ཡིག་མ་བྲིས་པའི་སྔོན་དུ་དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་སྣང་གང་ ཞིག་མངོན་དུ་ཕྱོགས་པ་དེ་རྩོམ་རིག་གི་དངོས་ཀྱི་རྒྱུ་རྐྱེན་ཡིན་ལ། དེའི་འབྱུང་རྐྱེན་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྡུག་གི་ཚོར་བའི་ཟ་འཁྲུག་ སློང་བྱེད་ཀྱི་འཕོ་འགྱུར་རིགས། ལོ་ལེགས་ལྗང་འཁྲུངས་དང༌། མུ་གེ་དམག་འཁྲུགས། དགྲ་འདུལ་གཉེན་སྐྱོང་གིས་བསྡུས་སོགས་ཀྱིས་བསྡུས་པའི་འགྱུར་འགྲོའི་རིགས་དེ་ ཚཽ་ཤུགས་ཀྱི་རྒྱུ་རྐྱེན་ཡིན། དེར་བརྟེན་རྒྱུ་རྐྱེན་དེ་དག་ལ་ཚོར་བས་འགྲོགས་འགྲོས་ཇི་ཙམ་བྱས་པ་དེ་ཙམ་གྱིས་ རྩོམ་རིག་གི་རྒྱུ་རྐྱེན་མང་དུ་འགྲོ་བ་ཆོས་ཉིད་ཡིན།
༣ རྩོམ་རིག་གི་ཕན་ནུས་དང་དབྱེ་སྒོ།
རྩོམ་རིག་གི་ཕན་ནུས་ནི། རྩོམ་པ་པོས་བླང་དོར་ལེགས་ཉེས་གང་ཞིག་རྩོམ་གྱི་སྒྲོམ་གཞི་གང་ཞིག་གི་ནང་དུ་ བསྡུས་ནས་བརྩམས་པ་དེས་ཀློག་པ་པོའི་བསམ་བློའི་ནང་གི་ལྟ་གྲུབ་དང་ལྷན་སྐྱེས་ ཀྱི་སྐྱོན་ཆ་ལ་སྨན་དང་ནད་བཞིན་ཕྱི་རོལ་ལ་མི་མངོན་པའི་ནུས་ཤུགས་ལ་བརྟེན་ནས་ ཐེར་འདོན་བྱེད་པ་རྒྱུད་དེ་བསམ་བློའི་གོམ་ཁ་གཞན་དུ་བསྒྱུར་ནུས་པ་དེ་བཞིན་དུ། དམག་གི་ནུས་ཤུགས་དང༌། དཔོན་པོའི་དབང་ཚད། མཛེས་མའི་བསླུ་བྲིད་སོགས་སུས་ཀྱང་མི་ནུས་པའི་ཚད་ཀྱིས་ནུས་པ་ལྡན་པའི་ལོ་ རྒྱུས་དང་རྒྱུ་མཚན་མང་བ་དེ་རིགས་གཞན་དུ་བཤད་པ་བྱ།
རྩོམ་རིག་གི་དབྱེ་སྒོ་ནི། གོང་དུ་བཤད་པའི་རྩོམ་རིག་གི་གོ་དོན་གྱི་སྒྲོམ་གཞི་དེ་ལས་མི་འགོང་པའི་ཐོག་ ནས་ནང་གསེས་རྟོག་ཞིབ་ནན་པོའི་ལུགས་སུ་བྱས་ན། རྩོམ་རིག་ལ་རིག་གནས་ཆེ་ཆུང་བཅུས་བསྡུས་པའི་རྩོམ་རིག་གི་དབྱེ་སྒོ་ཤིན་ཏུ་ མང༌། སྡོམ་ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། གཞུང་ལུགས་རྩོམ་རིག་དང་སྒྱུ་རྩལ་རྩོམ་རིག་གཉིས་སུ་ཕྱེ་ནས་འཆད་ན་བདེ་བར་སྙམ།
དང་པོ་གཞུང་ལུགས་རྩོམ་རིག་ནི། སྒྲ་ཚད་གསོ་བཟོ་ནང་རིག་གིས་བསྡུས་པའི་ཤེས་བྱའི་རྣམ་བཞག་གང་ཞིག་གི་རྒྱུ་དང༌། ངོ་བོ། དབྱེ་བ། བྱེད་ལས། ནུས་པ་སོགས་ཀྱི་སྒྲོམ་གཞི་བརྟན་པོ་བསླངས་ནས་རྩོམ་པའི་གཞུང་ལ་ཟེར། དཔེར་ན། གཞུང་བཀའ་པོད་ལྔའི་རྩ་བ་དང༌། སྨན་གཞུང༌། རྩིས་གཞུང༌། སྙན་ངག་རྩ་བ་ལྟ་བུ།
སྒྱུ་རྩལ་རྩོམ་རིག་ནི། རྩོམ་པ་པོས་བརྩམ་གཞིའི་ས་བོན་གང་ཞིག་བརྗོད་གཞིར་བཟུང་བ་དེ་ཉིད་ལ་བསམ་བློའི་ བཀོད་སྒྲིག་སྔོན་དུ་བཏང་ནས་དོན་གྱི་གོ་རིམ་དང་ཚིག་གི་ཉམས་འགྱུར་འདྲ་མིན་ སྤྱོད་དེ་ཀློག་པ་པོའི་བསམ་བློའི་ངོར་གསོན་ཉམས་ལྡན་པའི་དགའ་སྐྱོ་ཁྲོ་ཆགས་ ཀྱི་ཚོར་སྣང་འདྲེན་ཐུབ་པའི་རིག་ལ་ཟེར། དེ་ལ་དབྱེ་ཞིབ་རག་ཙམ་བྱས་ན། སྙན་རྩོམ། སྒྲུང་རྩོམ། ལྷུག་རྩོམ། འབོམ་རྩོམ། དཔྱོད་རྩོམ་སོགས་ཡན་ལག་དང་ཉིང་ལག་གི་དབྱེ་སྒོ་ཤིན་ཏུ་མང༌།
༤ རྩོམ་རིག་གི་བྱུང་རིམ་དང་འཕེལ་རིམ་དངོས།
རྩོམ་རིག་ནི་འགྲོ་བ་མིའི་ནང་གི་བསམ་བློའི་འཆར་སྒོ་ལ་དང༌། ཕྱི་རོལ་འཇིག་རྟེན་གྱི་ཁོར་ཡུག དེ་ལ་བརྟེན་པའི་སྲོག་ཆགས་སོགས་སྣོད་བཅུད་ཀྱི་བཀོད་པ་དང༌། རང་བྱུང་འབྱུང་བའི་གནས་བབ་ལ་བལྟས་པའི་དགའ་ནས་རྒོད་ཤོར་པ་དང༌། སྡུག་ནས་ངུ་དགོས་པ། འཇིགས་ནས་འདར་དགོས་པ། ཆགས་ནས་ཁྱུད་ཤོར་པ། བཙོག་ནས་སྐྱུགས་བྲོ་བ། ཡ་མཚན་ནས་ཧ་ལས་པ་སོགས། ཕྱི་རོལ་ཡུལ་གྱི་འཕོ་འགྱུར་ལ་བརྟེན་ནས་ནང་སེམས་པའི་ངེས་སུ་ཚོར་བའི་རླབས་ རིས་དགའ་སྐྱོ་ངེས་མེད་ཅི་རིགས་སྣ་ཚོགས་པ་དེ་ཉིད་ལུས་ངག་གི་རྣམ་འགྱུར་ཐོག་ ནས་འགྲོ་བ་མིའི་རིགས་གཞན་དང་གཞན་གྱི་གོ་བར་བྱེད་ནུས་པའི་བརྡ་ཐབས་དེ་ཡིན་ ཞིང༌། བརྡ་ཐབས་དེ་ཉིད་ལུས་ཀྱི་རྣམ་འགྱུར་གྱི་སྒོ་ནས་ཕྱི་རོལ་ལ་ཐོན་པ་ནི་ལུས་ཀྱི་ བརྡ་ཐབས་སམ་རྣམ་འགྱུར་དང་འགྲོགས་པའི་སྒྱུ་རྩལ་ཡིན་ལ། བརྡ་ཐབས་དེ་ཉིད་ངག་ཐོག་ནས་བརྗོད་པ་དེ་ཉིད་ངག་རྩོམ་ཡིན། དེ་ཉིད་ཤོག་ཐོག་ཏུ་རི་མོའི་ཟོལ་གྱིས་ཕབ་ན་རྩོམ་ཡིག་ཡིན་པས། རྩོམ་རིག་ཡིན་ན་རྩོམ་ཡིག་ཡིན་དགོས་པ་མི་སེམས་སོ།། དེར་བརྟེན་གོ་ལ་ཧྲིལ་པོ་འདིའི་སྒང་ལ་འགྲོ་བ་མིའི་འཕེལ་རིམ་མགོ་ཚུགས་པ་ནས་ རྩོམ་རིག་གི་བྱུང་རིམ་ཡང་མགོ་ཚུགས་པ་སེམས་སོ།། འོན་ཀྱང་དེ་དུས་རྩོམ་རིག་ལ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ལྡན་པའི་གོ་རིམ་ དང་སྒྲིག་བཀོད་ནི་ཕལ་ཆེར་ཡོད་མི་སྲིད་སྙམ།
རྒྱ་མཚོའི་འཇིམ་རྡུལ་ལས་མཆེད་ཅིང་འཕེལ་བའི་སྲོག་ཆགས་ཀྱི་ཁྲོད་ནས་སྤྲ་སྤྲེལ་ མི་རུ་འགྱུར་བའི་དུས་རབས་ནས་མགོ་བཙུགས་ཏེ། ཟས་སུ་ཤིང་འབྲས་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པའི་དུས་རབས་སྐབས་ནས་བཟུང༌། རུས་ཆེ་བཞི་རུ་གྱེས་པ་དང༌། དེ་ཡང་གང་སར་ཚོམ་བུ་ཚོམ་བུར་བྱས་ནས་འཚོ་སྡོད་བྱེད་པའི་ཡ་ཐོག་བསྐལ་བའི་ནང་ སྤྲ་སྤྲེལ་ལས་མཆེད་པའི་ཡང་མེས་ཚོ་དགའ་ནས་ཧ་ཧ་ཞེས་དགོད་པ་དང༌། སྡུག་ནས་ཧུ་ཧུ་ཞེས་ངུ་བ། འཕྱ་ནས་ཧོ་ཧོ་ཞེས་བརྗོད་པ། ཁྲོ་ནས་ཧི་ཧི་ཞེས་སྒྲོག་པ། ཚོགས་ཀྱི་ནང་དུ་སྤྲོ་བ་བཏེགས་པའི་གླུ་ཨ་ལ་ལ་དང་ཐ་ལ་ལ་མོ་ཞེས་གཏོང་བ། གཡུལ་འགྱེད་པའི་སར་ཁོང་ཁྲོ་འབར་བའི་ཉམས་ཨ་ཧི་ཧི་དང་ཀི་ཧི་ཧི་ཞེས་མཛེར་བ་ ཀུན་ཀྱང་ལུས་ཀྱི་སྤྱོད་ལམ་དང་འགྲོགས་པའི་དགའ་སྐྱོ་ཁྲོ་ཆགས་ཀྱི་རྣམ་པར་མངོན་ གསལ་དོད་པའི་རྩོམ་རིག་བྱུང་རིམ་གྱི་ཐོག་མའི་ས་བོན་སྨིན་ས་དེ་ཡིན་ངེས་སྙམ།
རྡོ་ཆས་རྙིང་པའི་དུས་རབས་དང་རྡོ་ཆས་གསར་པའི་དུས་རབས་སྐབས་སུ་རྡོ་དང་ཤིང་གི་ ངོས་སུ་ཉི་ཟླ་འཆར་ནུབ་དང་གྲངས་ཀ་མཚོན་པའི་རི་མོ་འབྲི་ཤེས་པ་བྱུང་བ་ནས། རིམ་བཞིན་རི་མོའི་ཐོག་ནས་སེམས་ཀྱི་ཚོར་སྣང་མཚོན་པའི་དབྱིབས་རིས་ཀྱང་དར་བ་ སེམས། མངའ་མཛད་བཅུ་གཉིས་ཀྱིས་བོད་ས་དབང་བསྒྱུར་བྱས་པའི་རིང་ལ་གདོད་མའི་བོན་གྱི་ ལམ་སྲོལ་དང་འབྲེལ་བའི་སྒྲུང་ལྡེའུ་བོན་གསུམ་གྱི་རིག་པའི་འཕེལ་རིམ་མགོ་ཚུགས་ པ་དང་མཉམ་དུ་འགྲོགས་ནས་ཡིག་ཐོག་མེད་པ་མ་གཏོགས་ངག་ཐོག་ནས་སྒྲུང་རྩོམ་དང་ གདོད་མའི་བོན་གྱི་གཏོ་བཅོས་དང་ལྷ་མཆོད་འདྲེ་རྡུང་གི་རྣམ་པ་ངག་སྒྲོས་ནས་དར་ བའི་རྩོམ་རིག་སྣ་ཚོགས་ཡོད་པ་སྨོས་མ་དགོས་པ་རེད་སྙམ། དེ་རྗེས་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུའི་སྐབས་རྣམས་སུ་ཐུན་མོང་དང་ ཐུན་མོང་མ་ཡིན་པའི་གཞུང་ལུགས་ཡོངས་ཀྱི་མ་ཕྱི་ཡི་གེའི་སྲོལ་ཡང་ཐོག་མར་གཤེན་ རབ་ཀྱིས་བཏད་པ་བཤད་དེ། མདོ་གཟེར་མིག་ལས་སྟོན་པ་གཤེན་རབ་མི་བོ་ཡིས།
དཔའ་བོ་འབྲུ་ལྔའི་ས་བོན་ལས།།
ཡིག་འབྲུ་སུམ་ཅུ་རྩ་བརྒྱད་སྤེལ།།
རིན་ཆེན་སྣ་ལྔའི་གླེགས་བམ་ལ།།
སྒོ་བཞི་མཛོད་ལྔའི་བོན་སྡེ་བྲིས།།ཞེས་དང༌།
ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་དབུབ།།
འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།
ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།
གུག་འགྲེང་ན་རོ་ཞབས་འཁྱུད་ཡ་ར་ལྟ།།
སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།།ཞེས་འབྱུང་བས་སོ།།
བོན་གྱི་སྟོན་པས་ཡི་གེ་ཙམ་དུ་མ་ཟད་བཟོ་རིག་འབུམ་སྡེ་གསུམ། སྒྲ་རིག་འབུམ་སྡེ་གསུམ། ཚད་མ་རིག་པའི་མཚན་ཉིད་སྡེ་བདུན། གསོ་རིག་འབུམ་སྡེ་གསུམ། ནང་རིག་འབུམ་སྡེ་གསུམ་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ རྒྱ་མཚོ་ལྟར་ཟབ་ཅིང་ཡངས་པ་དུ་མ་གཏན་ལ་ཕབ། བོན་གྱི་མཛད་པ་བཅུ་གཉིས་བསྟན། ཐེག་པ་རིམ་དགུ་གསུངས། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས། ཤི་བོ་རྣམས་ཀྱི་དུར་སྒོ་བཅད། སྐལ་བ་མཉམ་པའི་གདུལ་བྱ་རྣམས་གཡུང་དྲུང་བོན་གྱི་ལམ་ལ་བཀོད། མ་འོངས་བོན་བསྟན་བོད་དུ་དར་བའི་ཆེད་ཀོང་ཡུལ་དུ་ཕེབས་ཏེ་གཡུང་དྲུང་བོན། བོན་སྒོ་བཞི་མཛོད་ལྔ་སོགས་གསུངས། བོན་གྱི་རིང་ལུགས་འཛིན་པའི་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འདུལ་བར་མཛད་ པའི་ནང་ནས་གདུང་འཚོབ་མུ་ཚོ་ལྡེམ་དྲུག ཏ་ཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། འགུ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པོ་ལྷ་བདག་སྔགས་དྲོ། རྒྱ་ནག་གི་མཁས་པ་ལགས་ཏང་རྨངས་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། བོད་ཀྱི་མཁས་པ་ལྡེམ་བོན་གྱིམ་ཚ་རྨ་ཆུང༌། མི་ཉག་གི་མཁས་པ་ལྕེ་ཚ་ཁར་གུ། སུམ་བའི་མཁས་པ་མུ་སྤུངས་གསལ་ཏང༌། ཞང་ཞུང་གི་མཁས་པ་ཤ་རི་དབུ་ཆེན་སོགས་ཀྱིས་རིམ་པར་བཞིན་གཡུང་དྲུང་བོན་གྱི་ རིང་ལུགས་འདི་ཉིད་དར་བར་བཤད།
དེ་དག་གི་ནང་ནས་བོད་ཀྱི་མཁས་པ་ལྡོམ་བོན་གྱིམ་ཚ་རྨ་ཆུང་སོགས་ཀྱིས་བོན་གྱི་ ཆོས་རིག་དང་འབྲེལ་བའི་རྩོམ་རིག་གི་རྣམ་གཞག་དུ་མ་སྤེལ་ཡོད་སྲིད་ཀྱང༌། ཁོ་བོས་ད་ཕན་འདི་དང་འདི་ཞེས་ངོས་འཛིན་ཞུ་ཤེས་ཀྱི་མེད། སྐབས་དེར་གཤེན་ཀྱི་ཐུགས་སྲས་ཤ་རི་དབུ་ཆེན་གྱིས་སྒྲ་གཞུང་མཛད་པ་དེའི་སྒྲ་ འགྲེལ་དང་རྒྱུད་པ་ད་ལྟའི་བར་དུ་ཡོད་འདུག་པ་འདིའི་ཐོག་ནས། སྐབས་དེ་དུས་ནས་རྩོམ་རིག་ཡིག་ཐོག་ཏུ་ཕབ་རྒྱུའི་ལམ་སྲོལ་ཙམ་མ་ཟད་རིག་པའི་ གཞུང་ལུགས་ཀྱི་སྒྲོམ་གཞི་ཡོད་པའི་རྩོམ་རིག་གི་རྨང་གཞི་ཡང་དེ་དུས་ནས་མགོ་ འཛུགས་ཟིན་པའི་ར་སྤྲོད་བྱེད་ཐུབ་སྙམ།
༡ གདོད་མའི་རྩོམ་རིག་གི་འཕེལ་རིམ།
སྤྱི་རྩོམ་རིག་ལ་དབྱེ་སྒོ་དུ་མ་ཡོད་པའི་ནང་ནས་འདིར་སྒྱུ་རྩལ་རྩོམ་རིག་འབུར་ དུ་བཏོན་ཅིང་རྩོམ་རིག་གཞཉ་རྣམས་མགོ་སྨྲས་པ་ཙམ་རེ་བྱས་ནས་འཆད་པར་འདོད་དེ། དེ་ཡང་གདོད་མའདི་རྩོམ་རིག་ཞེས་པ་ནི། བོད་རང་གི་བསྐལ་པ་ཡེ་ཐོག་གི་སསཀབས་ནས་རང་ཆོས་སུ་ཡོད་པའི་རྩོམ་རིག་དེ་ལ་ཟེར། གོང་དུ་བཤད་པའི་བོན་གྱི་སྒོ་བཞི་མཛོད་ལྔ་བསྟན་པའི་གཞུང་ཀུན་གདོད་མའི་རྩོམ་ རིག་ཡིན་པ་བཤད་མ་དགོས། སྒྱུ་རྩལ་གྱི་དབང་དུ་བྱས་ན་ཏུང་ཧོང་ཡིག་ཆ་ལས། དེབ་ཐེར་དཀར་པོ་ ༧༠ལས།
ཆབ་ཆབ་ནི་ཕ་རོལ་ན།།
ཡར་ཆབ་ཀྱི་ཚུར་རོལ་ན།།
མྱྀ་བུ་ནི་མྱྀའི་བུ་སྟེ།།
ལྷ་ཡི་ནི་སྲས་པོ་བཞུགས།།
རྗེ་བདེན་གྱི་བཀོལ་དུ་དགའ།།
སྐ་བདེན་གྱི་ནི་བསྟད་དུ་དགའ།།
ཞེས་དབའ་དབྱི་ཚབ་དང་ཉུང་ཀུང་ཙེ་གཉིས་འཕེར་རྒྱལ་ལ་ངོ་ལོག་ནས་གནམ་རུ་སྲོང་ བཙན་ལ་མགོ་འདོགས་ཞུ་རྩིས་སྐབས་ཀྱི་ཚིག་སྦྱོར་དེ་དག་སྔར་ནས་ངག་རྩོམ་ཐོག་ གྲུབ་ཟིན་པ་ཞིག་ཐོན་མིའི་ཡི་གེ་དར་རྗེས་སུ་གཞི་ནས་ཡིག་ཐོག་ཏུ་བཀོད་པ་ཡིན་ ཚུལ་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་པོར་བཤད་པ་ལྟར་ཡིན། འདིས་མཚོན་ཏུང་ཧོང་ཡིག་རྙིང་སྔ་ཕྱི་ཁག་དུ་ནས་ཐོན་པའི་གནའ་བོའི་སྒྱུ་རྩལ་ རྩོམ་རིག་ཤིན་ཏུའང་མང་དེ་རིགས་བོད་ཀྱི་གདོད་མའི་རྩོམ་རིག་ཡིན་ཞིང༌། རྩོམ་རིག་གི་སྒྲོམ་གཞི་འདི་ཉིད་ཐོན་མིའི་བོད་ཡིག་དར་བའི་རྗེས་སུ་གྲ་གང་ རྒྱས་དང་གཏིང་ཇེ་ཟབ་རུ་སོང་བ་མ་ཟད། བཙན་པོ་རིམ་བྱོན་གྱི་ཆབ་སྲིད་ཀྱི་ཚོགས་ཆེན་དང་གསང་པའི་ལས་འགུལ། ཐུགས་སྤྲོ་རྒྱས་སྤྲོས་སོགས་གང་སར་བེད་སྤྱོད་གཏང་རྒྱུ་མེད་ཐབས་མེད་པ་ཞིག་ཏུ་ གྱུར། དཔེར་ན། སྲོང་བཙན་གྱི་སྐབས། སེངྒེ་མྱི་ཆེན་གྱིས་མདུང་མི་ཐེབས་གཅིག་གིས་འབྲོག་མོ་ཐང་གང་འཐོར། ཞེས་དང༌། སེ་མ་ཀས་བཙན་པོ་ལ་གཡུ་ཆུང་སོ་བདུན་དང་མཉམ་དུ། མགུལ་གླུའི་ཆ་འཕྲིན་ཕུལ་བ་དེ་ཉིད། ཆབ་སྲིད་ཀྱི་ཡོ་བྱད་ལ་མེད་ཐབས་མེད་པའི་གདོད་མའི་རྩོམ་རིག་གི་ནང་ནས་སྒྲུང་ ལྡེའུ་བོན་གསུམ་གྱི་ནང་གི་ལྡེའུ་ཞེས་པ་དེ་ཡིན། དེས་ན་ལྡེའུ་ཡང་གདོད་མའི་རྩོམ་རིག་གི་གདན་གྲལ་ངེས་ཅན་གཟུང་མཁན་གྱི་ཤེས་རིག་ གལ་ཆེ་ཞིག་ཡིན་པ་དེ་ཡང་ཚོད་དཔག་བྱེད་ཐུབ་སྙམ།
དེ་དག་དུས་ཕྱིས་ཡིག་ཐོག་ཏུ་ཕབ་པ་ལས་དང་པོ་ཉིད་ནས་ཡིག་ཐོག་མེད་པར་ངག་ཐོག་ནས་ ཕན་ཚུན་ཤགས་འགྱེད་པ་ཡིན་པས་ངག་རྩོམ་ཡིན་ཞེས་བརྗོད་ན་མི་རུང་བ་མེད་སྙམ། ཐོན་མིས་བོད་ཡིག་བརྩམས་རྗེས་སུ་རྒྱལ་པོ་ལ་ཕུལ་བའི་ཡིག་ཕུད་དང་བློན་པོ་ རྣམསཀྱིས་ང་རྒྱལ་འཇོམས་པའི་གསུང་མགུར་དེ་རིགས་དོན་དངོས་ཐོག་བྱུང་མྱངས་པ་ ཞིག་ཡིན་མིན་ཁ་ཚོན་གཅོད་མི་ཐུབ་མོད། གལ་ཏེ་བྱུང་མྱོང་བ་ཞིག་ཡིན་ན་དེ་དག་ལས་གསུང་མགུར་དེ་རིགས་གདོད་མའི་སྙན་ངག་ ཐོན་མིས་ཡིག་ཐོག་ཏུ་ཕབ་པ་ཐེངས་དང་པོ་དེ་ཡིན་རྒྱུ་རེད་སྙམ། སྲོང་བཙན་ནས་རིམ་པར་བརྒྱུད་བཙན་པོའི་རྒྱལ་རབས་སིལ་བུར་མ་འཐོར་གྱི་བར་དུ་ བཙན་པོ་དང་གྲོས་ལ་དབང་བའི་མདུན་ན་འདོན་ཚོས་ཕན་ཚུན་གཏམ་དང༌། གཤགས་འགྱེད་པ། ཟུར་ཟ་བྱེད་པ་སོགས་ཀྱི་སྐབས་སུ་བོད་རང་གི་གདོད་མའི་སྙན་ཚིག་གི་ཐོག་ནས་ལན་ འདེབས་གནང་ཚུལ་ཏུང་ཧོང་ཡིག་རྙིང་ལ་བརྟེན་ནས་ཤེས་ཐུབ་པ་ཞིག་ཡིན། བཙན་པོའི་རྒྱལ་རབས་སིལ་འཐོར་སོང་པའི་རྗེས་ནས་མི་ལའི་མགུར་འབུམ་དང༌། རྗེ་དགེ་འདུན་གྲུབ་པའི་གསུང་འགུར། ཤར་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་སོགས་སྤྱི་ཚོགས་ཁོག་ཡུག་ཁྲོད་མཁས་པའི་མཚན་ སྙན་ངེས་ཅན་ཡོད་པའི་སྐྱེས་ཆེན་དུ་མའི་གསུང་རྒྱུན་ཡིག་ཐོག་ཏུ་འཁོད་པ་དང༌། དེ་བཞིན་ལ་སྟོད་དང་མདོ་སྟོད་སྨད་ཁུལ་གྱི་ཕལ་བའི་སྤྱི་ཚོགས་ཁྲོད་དུ། གཞས་དང་མགུར་མོ་ཞེས་ད་ལྟའི་བར་དུ་རྒྱུན་མ་ཆད་པ་ཡོད་པ་མ་ཟད། རྒན་པོ་རྒན་མོ་ཁ་བདེ་བ་འགའ་རེས། ལ་ཡས་ཀྱིས་ཁ་ཤགས་འགྱེད་དེ་རྒཡལ་ཕམ་དབྱེ་ཐག་མི་ཆོད་བར་ཉིན་མཚན་མེལ་ནས་གཤག་ འགྱེད་པའི་ལོ་རྒྱུས་ཀྱང་ཡོད།
གདོད་མའི་རྩོམ་རིག་སྒྱུ་རྩལ་གྱི་བྱུང་རིམ་དང་འཕེལ་རིམ་ཐོག་རྒྱ་གར་བའི་རིག་ གཞུང་གིས་གདན་ཐོབ་གསར་པ་བཟུང་བ་ནས་མགོ་བཙུགས་ཏེ། རྩོམ་རིག་འདི་ཉིད་མཁས་པའི་གདན་གྲལ་ལ་ས་མིག་དེ་ཙམ་མ་རག་ནས། དམངས་ཁྲོད་དུ་འཕྲིན་ལས་དམིགས་བསལ་བ་རྒྱས་རྒྱུའི་མགོ་འཛུགས་བྱས་ནས་ད་ལྟའི་ བར་དུ་མཇུག་མ་བསྡུས་པར་ཡོད་པ་འདི་བཞིན་ཡིན་ནོ། །
༢སྲོལ་རྒྱུན་རྩོམ་རིག་གི་འཕེལ་རིམ།
རྩོམ་རྒྱུན་རྩོམ་རིག་གི་གཞི་འཛིན་ས་གཙོ་བོ་༼མེ་ལོང་མ་༽ནི། སྤྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་༦༥༠ཡན་མན་ལ་བྱུང་བའི་དབྱུག་པ་ཅན་ཞེས་ འཕགས་ཡུལ་གྱི་སྙན་ངག་མཁན་ཞིག་གིས་སྔོན་གྱི་མཁས་པ་ཚོའི་སྙན་གཞུང་རྣམས་ཀྱི་ ལེགས་ཆ་གཅིག་ཏུ་བསྡུས་ནས་བསྒྲིགས་པའི་གཞུང་ཞིག་ཡིན། དེ་ཉིད་སྤྱི་ལོ་དུས་རབས་བཅུ་གསུམ་པའི་ནང་ཆོས་རྗེ་ས་པཎ་དང་འགྲོ་མགོན་འཕགས་ པའི་བཀའ་དྲིན་ལ་བརྟེན་ནས་སྲོལ་རྒྱུན་གྱི་རྩོམ་རིག་འདི་ཉིད་བོད་དུ་དར་སྲོལ་ ཆེ་བའི་མགོ་ཚུགས། དེའི་གོང་དུ་སྲོལ་རྒྱུན་རྩོམ་རིག་བོད་ལ་མ་དར་བ་མིན་ཏེ། ས་པཎ་གྱི་མཁས་འཇུག་ཏུ། མེ་ལོང་མའི་ཚིག་མང་པོ་བགྲངས་པར་མཐོང་ཞིང༌། ད་དུང་ཁ་གསལ་དུ་བཏང་ནས་བཤད་ན། ཐོན་མིའི་ཡིག་ཕུད་དང༌། སྲོང་བཙན་གྱི་མ་ཎི་བཀའ་འབུམ། ཀ་ཆེམས་ཀ་ཁོལ་མ་སོགས་ནས་རིམ་པར་བརྒྱུད། བཀའ་ཐང་སྡེ་ལྔ་སོགས་རྒྱ་གར་མཁས་པའི་རིག་གཞུང་བོད་དུ་དར་བའི་སྲོལ་ཐོག་མར་ བྱུང་བ་ནས། བོད་ཀྱི་གདོད་མའི་རྩོམ་རིག་གི་ཟུར་དུ་རྒྱ་གར་བའི་རྩོམ་སྲོལ་གྱི་ཁྲིའུ་ཆུང་ ཆུང་ཞིག་གསར་དུ་སྒྲིག་དགོས་བྱུང་འདུག་པ་ལོ་རྒྱུས་ཐོག་ནས་གསལ་པོ་ཤེས་ཐུབ། དེ་དག་གི་སྐབས་སུ་མེ་ལོང་མ་རྩོམ་གྲུབ་མིན་ཇི་ལྟར་ཡང༌། མེ་ལོང་མའི་ཁུངས་གཏུགས་ས་རྒྱ་གར་བའི་རྩོམ་རིག་གི་གཞུང་ར་མེ་ཤོ་དང་གྲོང་མཁར་ བའི་གཞུང་རྣམས་ཡོད་པ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་རྒྱས་བསྡུས་ཙམ་ལས་ཁོག་ མཐུན་པས། བོད་ཀྱི་སྔ་རྩོམ་དེ་དག་མེ་ལོང་མའི་རྩོམ་གཞུང་དང་ཁོག་མཐུན་པ་ཞེས་བརྗོད་ན་མི་ རུང་བ་མེད་དོ་སྙམ།
དེར་བརྟེན་གསུང་རབ་བོད་བསྒྱུར་གྱི་མགོ་ཚུགས་པ་ནས་སྲོལ་རྒྱུན་རྩོམ་རིག་བོད་ དུ་དར་མགོ་ཚུགས་པ་ཡིན༌། ཤོངས་ལོས་མེ་ལོང་མ་བོད་བསྒྱུར་ཞུས་ཤིང་དཔང་ལོས་ཊཱིཀྐ་བརྩམས་ནས་འཆད་ཉན་གྱིས་ གཏན་ལ་ཕབ་པ་ནས་རྩོམ་གཞུང་གི་རྨང་གཞི་བརྟན་པོར་ལྡན་པའི་རྩོམ་སྲོལ་འདི་བཞིན་ ཧ་ཅང་གི་དར་རྒྱས་ཆེར་སོང་བར་མ་ཟད། ཤོངས་ལོས་དཔག་བསམ་འཁྲི་ཤིང་བོད་བསྒྱུར་མཛད་པའི་རྗེས་ནས་རྩོམ་གཞུང་འདིའི་ ཐོག་ནས་སངས་རྒྱས་དང་བྱང་སེམས། བླ་མ་དང་སྐྱེས་བུ་དམ་པ་སོགས་ཀྱི་རྣམ་ཐར་རྟོགས་བརྗོད་ཀྱང་ཇེ་མང་དུ་སོང་བ་ སྣང༌།
མདོར་ན་སྲོལ་རྒྱུན་སྙན་རྩོམ་ནི། གོང་དུ་བཤད་པ་ལྟར་རྒྱ་གར་བའི་རྩོམ་རིག་གི་གཞུང་མེ་ལོང་མའི་རྩོམ་སྒྲོས་དང་ མཐུན་པའི་སྙན་ཚིག་ལ་ཟེར་ཞིང༌། འདི་ཉིད་ཐེ་མིའི་ཡིག་ཕུད་རྩོམ་པ་ནས་ས་པཎ་བར་རིམ་པར་བྱུང་ཞིང༌། དེ་ཡང་བོད་སིལ་བུའི་དུས་རབས་སྐབས་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྤྲིངས་ཡིག་དང༌། ལོ་ཆེན་རིན་ཆེན་བཟང་པོའི་རིག་བྱེད་མཐའ་དག་རྗེས་སུ་བསྟན་པའི་འགྱུར་བྱང་སྨོན་ ཚིག བཀའ་བདམས་ཕ་ཆོས་བུ་ཆོས། ས་ཆེན་གོང་མ་རྣམ་ལྔའི་བཀའ་འབུམ་སོགས་ལས་བྱུང་པའི་ཚིགས་བཅད་རྩོམ་ཡིག་བཅས་ལ་ གཟིགས་ན། སྐབས་དེ་དག་ཏུ་སྲོལ་རྒྱུན་སྙན་ངག་གི་འཕེལ་ཤུགས་ཇི་ཙམ་ཞིག་ཏུ་སླེབས་ཡོད་པ་ ཤེས་ཐུབ་ངེས་ཡིན་སྙམ།
བོད་བླ་མའི་དུས་རབས་ནས་མགོ་བཙུགས་ཏེ། འགྲོ་མགོན་འཕགས་པ་ནས་བཟུང་སྙན་རྩོམ་གྱི་སྲོལ་རྒྱུན་འདི་ཉིད་སྤང་ལ་ཤ་མོ་ བརྡོལ་བ་བཞིན་གློར་བུར་དུ་འཕེལ་ཤུགས་ཤིན་ཏུ་མགྱོགས་པ་བྱུང་འདུག་སྟེ། ཤོངས་དཔང་མཁས་པས་སྙན་གཞུང་འདི་ཉིད་བསྒྱུར་ཞིང་འཆད་ཉན་གྱི་གཏན་ལ་ཕབ་པ་དང༌། དེ་ནས་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང༌། ཞང་ཞུང་ཆོས་དབང་གྲགས་པ། སྡེ་སྲིད་རིན་སྤུངས་པ་ངག་དབང་འཇིགས་གྲགས། ཀརྨ་པ་མི་བསྐྱེད་རྡོ་རྗེ། འཇམ་ཁ་བ། སྨོན་གྲོལ་ཡབ་སྲས། གོང་ས་ལྔ་པ་ཆེན་པོ། བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ། ཀུན་མཁྱེན་འཇིགས་མེད་དབང་པོ། ལོ་ཆེན་དྷརྨ་ཤྲིའ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྫ་དཔལ་སྤྲུལ་རིན་པོ་ཆེ། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱལ་མཚན། བྲག་དཀར་པཎ་ཌི་ཏ་བློ་བཟང་དཔལ་ལྡན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ། དུང་དཀར་བློ་བཟང་འཕྲིན་ལས། བཙན་བྱོལ་དུ་བ་གཞིས་ཕུན་ཚོགས་དབང་རྒྱལ། འགོས་ལོ་བཞི་པ་ཝཱར་དགེ་པདྨ་རྒྱལ་མཚན། དེང་གི་གཞོན་སྐྱེས་ཁྲོད་ནས་འཇུ་སྐལ་བཟང༌། ཧོར་གཙང་འཇིགས་མེད། དབྲ་ཁྱུང་སྐལ་བཟང་ནོར་བུ་སོགས་རིམ་པར་བྱུང་པ་དག་གིས་མཚོན། སྲོལ་རྒྱུན་སྙན་ངག་གི་འཕེལ་རིམ་རླུང་རླབས་ཀྱིས་གཡོ་བའི་རྒྱ་མཚོ་བཞིན་འཕྱོ་ བས། དེང་སང་གི་བར་བོད་འདི་སྙན་ངག་གི་ཞིང་ཁམས་རེད། ཅེས་ཕྱི་རྒྱལ་མི་རིགས་ཚོས་བསྔགས་བརྗོད་བྱས་དང་བྱེད་བཞིན་པའང་དོན་ལ་གནས་པའི་ བསྔགས་བརྗོད་ཅིག་རེད་སྙམ།
རང་རེ་བོད་ཀྱི་སྙན་འགྲེལ་མི་ཉུང་བ་ཞིག་གི་ནང༌། སྙན་ངག་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་དུ་བོད་ལ་སྙན་ངག་མེད་པ་བཤད་པ་ ནི། དེའི་གོང་དུ་བོད་ལ་སྙན་ངག་གི་གཞུང་མེད་པ་ལ་དགོངས་པ་ཡིན་གྱི། སྙན་ངག་མེད་པ་མིན་ཏེ། སྙན་ངག་ནི་མིའི་སྤྱི་ཚོགས་འཚོ་བའི་ནང་དགའ་སྐྱོ་ཁྲོ་ཆགས་ཀྱི་འགྱུར་འགྲོས་གང་ ཞིག་ལ་བརྟེན་ནས་བསམ་བློའི་འཕོ་འགྱུར་དེ་ཉིད་ངག་ཐོག་ནས་ཐོན་པའི་སྒྱུ་རྩལ་ ཞིག་ཡིན་པས། དེ་ནི་འགྲོ་བ་མིའི་འཕེལ་རིམ་དང་དཔུང་པ་མཉམ་གཤིབ་ཀྱིས་བྱུང་བ་ལས་གློ་བུར་ ཐོལ་བྱུང་གིས་ཡོང་ཐབས་ག་ལ་ཡོད། དེས་ན་གོང་དུ་བགྲང་པ་ལྟར་མེ་ལོང་མ་བོད་བསྒྱུར་མ་བྱས་པའི་སྔོན་ནས་བོད་ལ་བོད་ རང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྡུག་ཁྲོ་ཆགས་ཀྱི་བསམ་བློ་དང་རྣམ་པ་ མཚོན་པའི་གདོད་མའི་སྙན་ཚིག་ཇི་ཙམ་ཞིག་དར་ཁྱབ་ཟིན་པ་གོང་དུ་བཤད་པས་ཤེས་ནུས་ སྙམ།
༣རང་མོས་སྙན་ངག་གམ་རྩོམ་རིག་གསར་པའི་འཕེལ་རིམ།
རང་མོས་སྙན་ངག་ནི། སྤྱི་ལོ༡༨༨༥ལོར་ཨ་རིའི་སྙན་ངག་པ་ཝི་ལིམ་ཝོར་ཌསཝོར་ཐWilliam Wordsworthཡིས་༼རྩྭ་ལོའི་ཚོམ་བུ༽ཞེས་པའི་སྙན་ཚིག་ཕྱོགས་སྒྲིག་གི་དེབ་གསར་ དུ་བརྩམས་ཏེ། སྙན་ངག་གསར་པའམ་རང་མོས་སྙན་ངག་གི་རྩོམ་སྲོལ་གསར་དུ་བཏོད། རྩོམ་པ་པོ་ཁོང་གིས་སྙན་རྩོམ་འདི་ཉིད་འགྲེམས་སྤེལ་བྱས་ཀྱང་ཉོ་མཁན་ལྟ་ཅི་ སྐབས་དེར་སྤྲོད་ནའང་ལེན་མཁན་མེད་པའི་ཚོད་དུ་གྱུར། ད་དུང་མི་མང་པོ་ཞིག་གིས་ཁོ་པ་ཨ་རིའི་རྩོམ་རིག་ལ་རྨ་འབྱིན་མཁན་དང་འཐུས་ཤོར་ གཏོང་མཁན་ཞིག་ཏུ་ངོས་འཛིན་གྱིས། རྩོམ་པ་པོ་ཁོང་རྒྱུན་ལྡན་རྩོམ་སྒྲིག་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་མཁན་ཡིན་ཡང་ དེ་ནས་དགོངས་པ་ཞུ་དགོས་བྱུང་སྟེ། མི་ཚེ་མཐའ་མཇུག་རང་ཉིད་ཀྱི་སྐྱེས་ཡུལ་གྲོང་གསེབ་ཆུང་ཆུང་ཞིག་ཏུ་བསྐྱལ་ནས་ འཇིག་རྟེན་འདིར་གྱེས་མཇལ་ཞུས། ཁོང་འཇིག་རྟེན་གཞན་དུ་གཤེགས་ནས་མི་རིང་བར་ཨ་རིའི་གཞོན་སྐྱེས་བསམ་བློ་བ་དང་ རྩོམ་པ་པོ་ཁག་གཅིག་གིས། རྩྭ་ལོའི་ཚོམ་བུར་ཉམས་ཞིབ་བྱས་ཏེ། དེ་སྔོན་དེབ་དེར་རྒོལ་རྡུང་ཐེབས་པའི་རྒྱུ་རྐྱེན་ནི་སྐབས་དེའི་ཨ་རིའི་མང་ ཚོགས་ཀྱི་བསམ་བློའི་གནས་ཚོད་ཀྱིས་རྩྭ་ལོའི་ཚོམ་བུའི་སྒྱུ་རྩལ་གྱི་གནས་ཚོད་ ལ་རྗེས་མ་བསྙེགས་པས་ཡིན་པ་ལས། ༼རྩྭ་ལོའི་ཚོམ་བུ༽འི་སྐྱོན་ཆ་མ་ཡིན་པར་ངོས་འཛིན་བྱས་པར་མ་ཟད། དེ་ཉིད་འཐད་ཕྱོགས་སྒྲུབ་པའི་རྩོམ་ཡིག་མང་པོ་འགྲེམས་སྤེལ་བྱས། དེ་ལ་བརྟེན་ནས་རྩོམ་སྲོལ་འདི་ཉིད་ལ་བསམ་བློ་བ་མང་པོ་ཞིག་གིས་ལྟ་ཚུལ་ཡང་དག་ པའི་རྒྱབ་སྐྱོར་ཐོབ། འཛམ་གླིང་ཤར་ནུབ་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་ཀྱང་དོ་སྣང་ཆེན་པོ་བྱས་པར་མ་ ཟད། རང་རང་གི་སྐད་ཡིག་ཐོག་ཏུ་བསྒྱུར་ཏེ། སྔ་ཕྱིར་སྐད་ཡིག་ཉི་ཤུ་ལྷག་ཏུ་བསྒྱུར། དུས་རབས་ཉི་ཤུ་པའི་ནང་སྙན་རྩོམ་འདི་ཉིད་རྒྱ་སྐད་ཐོག་ཏུ་བསྒྱུར་པར་མ་ཟད་ རྒྱའི་རྩོམ་པ་པོ་ལུའུ་ཞུན་སོགས་ཀྱིས་རྩོམ་སྲོལ་འདི་ཉིད་གཞིར་བཞག་སྟེ་དུས་ དེབ་དང་ཚགས་ཤོག་འདྲ་མིན་ཐོག་རྩོམ་ཡིག་མང་པོ་སྤེལ་བར་རྒྱ་ནག་གི་རྩོམ་པ་པོ་ མང་པོ་ལས་དགའ་བསུ་ཐོབ། རྒྱ་ནག་ཆབ་སྲིད་ཀྱི་དུས་འགྱུར་སྐབས་རྩོམ་སྲོལ་འདིའི་ཐོག་རབ་རིབ་སྙན་ངག་ཅེས་ པ་དང་བསྲེས་ནས་རྩོམ་ཡིག་འདྲ་མིན་བྲིས་པ་ལས་རྩོམ་པ་པོའི་བརྗོད་དོན་ངོ་མ་དེ་ སྐབས་སྟོབས་ཀྱིས་གོ་བ་ལེན་དགོས་པ་དེས་མ་གཏོགས་གཞན་དང་གཞན་གྱིས་གོ་བ་ལེན་མི་ ཐུབ་པ་དང༌། སྲིད་དོན་ཕྱོགས་ཁ་གཞན་དང་གཞན་གྱི་ལག་འོག་ཏུ་ཤོར་ན་འགྲེལ་བཤད་གཞན་དང་གཞན་དུ་ ཁ་བསྒྱུར་ཆོག་པའི་ཐབས་ལ་བརྟེན་ནས་མང་ཚོགས་ནང་ངན་སྲོལ་ཐེར་འདོན་དང༌། སྐྱོན་ཡོན་ཡོ་སྲོང་གིས་སྐབས་དེའི་དབང་འཛིན་པ་ཚོར་ཟུར་ཟ་དང་སྐྱོན་བརྗོད་ བྱེད་ཐབས་ཀྱི་མཚོན་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱས་པས། མང་ཚོགས་ནང་ཕན་རླབས་ངེས་ཅན་རེ་བྱུང༌།
ལོ་རབས་བརྒྱད་ཅུ་པའི་ནང༌། དོན་གྲུབ་རྒྱལ་གྱིས་གོང་གསལ་རྩོམ་རིག་གསར་པ་དེ་དག་ལ་དཔེ་བལྟས་ནས་༼ལང་ཚོའི་ རྦ་ཆུ༽ཞེས་པ་གསར་རྩོམ་བྱས། དེ་ནས་རིམ་པར་བཞིན་བོད་ཀྱི་གཞོན་སྐྱེས་ཚོའི་ཁྲོད་ནས་རྩོམ་རིག་གསར་པ་འདི་ ཉིད་སྤང་ལ་ཤ་མོ་བརྡོལ་བ་ལྟར་དར་ཁྱབ་ཏུ་ཕྱིན་ནས་བོད་ས་སྟོད་སྨད་གང་སར་རྩོམ་ རིག་འདི་ཤིན་ཏུ་དར་བ་བྱུང༌། སྙན་ངག་པ་ལྗང་བུ་སོགས་ཀྱི་རང་མོས་སྙན་ངག་ཐོག་རྒྱ་ནག་གི་རབ་རིབ་སྙན་ངག་ བསྲེས་ནས་འབྲི་བའི་རྩོམ་སྲོལ་དམ་འཛིན་གྱིས་སྙན་རྩོམ་གང་མང་བྲིས་པ་ནས། རབ་རིབ་ཀྱི་རང་མོས་སྙན་རྩོམ་ཡང་བོད་དུ་དར་སྲོལ་ངེས་ཅན་ཞིག་བྱུང་སྣང༌། སྙན་ངག་འདི་རིགས་ཀྱི་བརྗོད་དོན་རྩོམ་པ་པོ་རང་ཉིད་ལའང་དུས་རབས་འཆར་ཡན་གྱི་ རི་མོ་དང༌། འཆར་ཡན་གྱི་བསམ་བློ་ལྟར་འདི་དང་འདི་ཞེས་ངོས་འཛིན་གསལ་པོ་ཞིག་མེད་པ་འདྲ། དེར་བརྟེན་བོད་ཀྱི་རྩོམ་པ་པོ་རྒན་གྲས་ཁག་གཅིག་གིས་རྩོམ་སྲོལ་འདི་ཁུངས་དང་ ལུང་གང་ཡང་མེད་པའི་འཆལ་རྩོམ་དང༌། སྡེབ་སྦྱོར་དང་ཚིག་རྒྱན་ཚད་ལྡན་ཕར་ཚོད། མཐའ་ན་གོ་རྒྱུ་གང་ཡང་མེད་པས་སྨྱོན་པའི་ཚིག་དང་འདྲ་ཚུལ་གྱི་ཀྱལ་ཀ་ཡང་མང་པོ་ གནང་ཡོད་ལ། གཞོན་སྐྱེས་ཁག་གཅིག་གིས་དེ་ལ་གདོང་ལེན་གྱིས་རྩོམ་རིག་རྙིང་པ་ལ་སྒྲོམ་གཞི་ རྗེས་ལུས་དང༌། བསམ་བློ་རྗེས་ལུས་སོགས་ཀྱི་སྐྱོན་འཛུགས་གང་ནུས་བྱས། བྱེས་འབྱོར་ཁྲོད་དུ་དབྱིན་ཡིག་མཁྱེན་མཁན་མང་བ་དང༌། ཨ་རིའི་སྙན་ངག་པ་ཝི་ལིམ་ཝོར་ཌསཝོར་ཐWilliam Wordsworthཡིས་བྲིས་པའི་༼རྩྭ་ལོའི་ཚོམ་བུ༽ཞེས་པའི་རྩོམ་ཡིག་དེ་ཉིད་དབྱིན་ ཡིག་རང་གི་ཐོག་ཏུ་རྒྱ་གར་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་ལག་མི་ཐོགས་པར་ཡོད་ ནའང་བོད་བསྒྱུར་གནང་རྒྱུའི་དོ་སྣང་མ་བྱུང་བ་འདྲ།
རྒྱ་གར་དུ་རྩོམ་སྲོལ་འདི་ཉིད་ཐོག་མར་ཁུར་མཁན་ནི་པདྨ་འབུམ་སོགས་བོད་ཀྱི་ གཞོན་སྐྱེས་གསར་འབྱོར་བ་ཁག་གཅིག་ཡིན། པ྄དྨ་འབུམ་རང་ཉིད་རང་མོས་སྙན་ངག་པ་ཞིག་ཡིན་མིན་མི་ཤེས་ཀྱང༌། བོད་ནས་ཉམས་ཞིབ་སློབ་ཐོན་པ་ཚད་ལྡན་ཞིག་ཡིན་པས། སྙན་ངག་གསར་པའི་ངོ་བོ་དང༌། ཁྱད་ཆོས་སོགས་ལ་དཔྱད་པ་ཞིབ་མོ་བྱས་ཏེ། ༼མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང༽ཞེས་པའི་རྩོམ་སྲོལ་གསར་པའི་ཐོག་ དཔྱད་རྩོམ་ཡང་བྲིས། རྩོམ་ཡིག་འདི་ལ་བྱེས་འབྱོར་མཁས་པ་རྒན་གྲས་འགའ་ཞིག་གིས་ཡ་མཚན་ནས་ལྟ་བ་དང༌། ཉུང་ཤས་ཤིག་གིས་ཁུངས་ལུང་མེད་པའི་རྩོམ་ཡིག་རང་དུ་ངོས་འཛིན་གྱིས་མང་ཚོགས་ གསེབ་ཁ་རྡུང་གཏོང་པ་སོགས་ཀྱང་བྱུང༌། གང་ལྟར་ཡང་རྩོམ་སྲོལ་དེ་ཉིད་ད་ལྟར་བྱེས་འབྱོར་ཁྲོད་དུའང་ཤུགས་ཆེར་དར་བཞིན་ པ་སྣང༌།
རྩོམ་རིག་གསར་པ་ནི་རང་མོས་སྙན་ཚིག་ཙམ་མིན་པར་ཚིག་སྙན་ལྷུག་སྙན་ཚིག་ཀྱང་མནའ་ རྩོམ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་དེ་ཡང་འདིར་ངེས་པར་དུ་ཤེས་དགོས་པ་ཞིག་ ཡིན། འདིར་ཚིག་ལྷུག་གསར་རྩོམ་གྱི་དཔེ་མཚན་ཙམ་ཞིག་རྩོམ་དེབ་གཞན་དེའི་ཐོག་ཏུ་འགོད་ པ་ལས་ཤེས་དགོས།
མདོར་ན་བོད་གཞིས་བྱེས་གཉིས་ཀར་ད་ལྟའི་འཛམ་གླིང་ཤར་ནུབ་མཁས་པ་དུ་མས་བསམ་ བློའི་སྤྲོ་འཁྱམས་བྱེད་ན་སྔ་ན་མེད་པའི་རྩོམ་རིག་ཤེས་བྱའི་མཛེས་ལྗོངས་འདི་ ཉིད་དཔྱིད་དུས་ཀྱིས་སྔུན་བསུས་ཏེ། དབྱར་དུས་ཀྱི་ལང་ཚོ་མངོན་པར་བརྟས་པ་ལྟར་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་འདི་ བཞིན་ཏེ། རྩོམ་རིག་གསར་རྙིང་འདི་གཉིས་ཀྱི་ཐོག རྙིང་ལུགས་མཁྲེགས་འཛིན་དང༌། དེང་ལུགས་ཨ་གསར་གྱི་མཐའ་གཉིས་ལ་ཞེན་པའི་འཆིངས་ཐག་ཡོངས་སུ་བཅད་དེ་རྩོམ་རིག་ གསར་རྙིང་གཉིས་ཀའི་ཐོག་ནས་སྙིགས་འདོར་བཅུད་ལེན་དང་དགོས་མཁོ་ལག་བསྟར་ཐུབ་པ་ ཞིག་གནང་ཐུབ་ན། ནོར་བུ་རང་ལག་ཏུ་ཡོད་པའི་སྐབས་ཡིན་པས་སུ་ལའང་འགྲམ་ཆུ་ལྡང་མི་དགོས་པ་འདུག་ སྙམ།
དྲ་དཔོན་ལགས། དྲ་ཚིགས་ནང་ཁ་བྱང་མ་གཏོགས། རྩོམ་ལུས་ཡིག་འབྲུ་གཅིག་ཀྱང་ཡོང་རོགས་བྱས་མ་སོང༌། ག་རེ་ཡིན་ནམ། ལམ་སྟོན་ཞིག་གནང་རོགས། དེ་རིང་གུང་སིང་ཡིན་པས་དུས་ཚོད་ཡག་པོ་ཞིག་འདུག་བསམ་ཡང་ཕན་མ་སོང༌།
ཨ་ཡཡ། ད་ང་ཐང་ཆད་སོང་། ཁྱེད་རང་གིས་རྩོམ་རིག་སྐོར་འབྲི་རྒྱུ་མཚམས་བཞག་ན་བཟང་། ཉ་ཉོག་མང་པོ་མཉམ་བསྲེ་བྱས་འདུག རྩོམ་དང་རྩོམ་རིག་བསྲེས་ནས་བྲིས་འདུག
རྩོམ་རིག་ལ་མཚན་ཉིད་ཅིག་བཞག་འདུག དེ་ནས་རྩོམ་རིག་ལ་དབྱེ་བ་་བྱས་ནས་རིག་གནས་ཆེ་ཆུང་ཚང་མ་དེའི་ནང་བསྡུས་འདུག དབྱེ་བ་ཕྱེ་བ་དེ་རེ་རེ་གོང་གི་མཚན་ཉིད་བཞག་པ་དེས་་འགྲེལ་བཤད་བྱེད་ཐུབ་མི་འདུག
དེ་ནས་རྩོམ་རིག་གི་ནུས་པ་དེའང་རྩོམ་ཕྱོགས་རེ་བ་རེའི་ནུས་པ་བརྗོད་འདུག དེ་ནས་རྩོམ་རིག་ལ་དབྱེ་བ་གསུམ་བྱས་འདུག དེའི་ནང་གེ་སར་གྱི་སྒྲུང་། མགུར་འབུམ་གྱི་རིགས། དམངས་གཞས་ཀྱི་རིགས་དེ་ཚོ་གང་གི་ཁོངས་ཡིན་མིན་གསལ་ཁ་ཙམ་ཡང་མི་འདུག
ད་འདིར་འདྲར་ལན་བྲིས་བསྡད་ན་དུས་ཚོད་འཕྲོ་བརླག་རེད། འབྲིང་རིམ་སློབ་མ་ཞིག་ལ་རྩོམ་རིག་སྐོར་ནང་ལས་འབྲི་བཅུག་ནའང་འདིའི་དགའ་ཟིག་འབྲི་གི་མེད་འགྲོ། རང་གིས་གང་བསམ་ཕྲིས་ལ་གང་བདེར་མཛོད།
འདི་ན་གཅིག་ཡོད། གསན་རོགས་ཞུ།
ཁ་སང་༧གོང་ས་མཆོག་ལ་གསུང་ཆོས་སྐབས་བཀའ་འདྲི་ཞུས་པ་དང་བཀའ་ལན།
བཀའ་འདྲི། ཁྱེད་རང་༧རྒྱལ་བ་རིན་པོ་ཆེ་ཡིན་པས་དཀའ་ངལ་དེ་འདུག་གམ།
བཀའ་ལན། ཁག་པོ་ཡོད་ཀྱང་། བྱེད་རྒྱུ་གང་ཡང་མེད་པ། སྤྱིར་བཏང་དེ་ལས་༧རྒྱལ་བ་རིན་པོ་ཡི་མིང་དེ་ཡི་ཐོག་ནས་མི་ལ་ཕན་ཐོག་བྱེད་རྒྱུའི་གོ་སྐབས་ག་རེ་ཡོད་ན་དེ་ཤུགས་བརྒྱབ་པ་ཡིན་ན། དེ་ནས་སྡུག་ས་ནས་བལྟས་པ་ཡིན་ན་རྒྱུ་མཚང་གང་ཡང་མི་འདུག གང་ལྟར་གནས་སྐབས་འདི་འདྲ་ཞིག་ཆགས་ཚར་བ་རེད། དེ་ནས་ཕན་ཐོག་ཏན་ཏན་ཡོད་པའི་བཟོ་འདྲ་བོ་ཞིག་རེད། ཕན་ཐོག་ཡོད་པ་ཞིག་ཡིན་དུས་རྩ་ནས་སྤྱིར་བཏང་གཞན་ཕན་ཞིག་ག་ཚོད་མང་བ་ཡོད་ན། དཔེར་ན་ང་ཚོ་འདི་འདྲ་རེད། རྐྱེན་ངན་བྱང་ཆུབ་ལམ་དུ་འགྱུར། ང་ཚོ་བོད་པའི་ཁ་དཔེ་ལ་ཡང་། ལྟས་ངན་གཡང་དུ་ལེན་པ་ཟེར་བ་ཞིག དེ་འདྲ་ཞིག་ཡིན་པས་རྩ་ནས་བསམ་བློ་ཞིག་བཏང་བ་ཡིན་ན། དཀའ་ངལ་ག་ཚོད་ཡོད་ཀྱང་རྒྱལ་ངེས་རེད། རེད་བ་ པན་ཆེན་ཤཀྱ་ཆོས་རྗེའི་བློ་སྤྱོང་ནང་ལ་ཡང་། སྐྱིད་ན་བདེ་བ་སོ་སོར་བསྔོ།། ཕན་བདེ་རྣམ་དག་གང་བོར་ཤོག། སྡུག་ན་ཀུན་གྱིས་སྡུག་བསྔལ་འཁུར།། སྡུག་བསྔལ་རྒྱ་མཚོ་བརྟེན་པར་ཤོག། ༧ཁོང་གིས་ལུང་འདི་དྲངས་རྗེས་ཕྱག་ཟུང་གཉིས་མདུན་དུ་བསྲིངས་དེ། ག་རེ་བྱས་ནས་བསྡད་ཀི་ཡོད་པ་རེད་ད། གང་བྱུང་བྱ་བ་གཅིག་ཀྱང་འདས། གསུང་ལན་བསྩལ།
http://www.voanews.com/tibetan/video.cfm འབྲེལ་ཐག་འདི་ནས་དྲངས་པ་ཡིན། ཚིག་ནོར་དང་གོ་ནོར་དེ་འདྲ་ཡོད་པར་དགོངས་ན་འདི་རུ་གཟིགས་རོགས་ཞུ།
བེ་རི་ནས་རང་གི་རྩོམ་ལ་འགན་འཁྱེར་ན་ཡག་པོ་འདུག དེ་མིན་རོ་ཤུན་བཞིན་བདག་མེད་དུ་གཡུག་བཞག་ན་ཆོ་མི་འདུག ཁོ་རང་འདིར་དངོས་སུ་ཡོང་ན་མྱི་ངོ་མ་ཅན་པོ་ངོ་ཐུག་ནས་དྲི་གཏུགས་བྱེད་གི་ཡིན། དཀར་ས་དཀར་དང་ནག་ས་ནག་ཡིན།
ང་འདྲ་བོ་རྩོམ་རིག་ལ་རྨོངས་པ་ཞིག་ནས་གླེན་འདྲི་དང་གླེན་བཤད་བྱས་བསྡད་ནའང་ཆོ་མི་འདུག རྩོམ་རིག་དཔྱད་བརྗོད་པ་དང་རྩོམ་རིག་ལ་དང་དོད་ཡོད་མཁན་མང་པོ་ཡོད་རྒྱུ་རེད། དེ་ཚོས་ཀྱང་སྐད་ཆ་ཚིག་ཁ་འགའ་ཤས་རེ་བཤད་ན་ཡག་པོ་མ་རེད་དམ།
རྡོ་རྗེ་གོ་མཐར་ལྷུངས་ན་བྱིས་པའི་རྩེད་སྤྱད་ཟེར་བ་ལྟར་རྩོམ་རིག་འདིའང་མི་ཤེས་པ་ཚོའི་རྩེད་མོ་རྩེད་བྱེད་ལྟ་བུར་མི་ཆགས་པའི་ངེས་པ་མི་འདུག
ང་ཁ་བཙུམས་ནས་བསྡད་པ་ ནི། མགོན་ཕྱག་གི་བཀའ་བཀྱོན་ལྟ་བུ་ལ་སྐྲག་ནི་ཡིན། འོན་ཀྱང་བརྗོད་གཞི་འདི་ལ་ངས་ཀྱང་སྡིག་ལས་ཆེ་ཙམ་བསགས་ཟིན་པས་ཞོར་དུ་ཚིག་ཁ་ ཤས་བཤད་རྒྱུ་ཡིན།
དང་པོ་དེ། ངས་ ༡༩༩༢ ནས་ལོ་ངོ་བཞིའི་རིང་རྩོམ་རིག་ལོ་རྒྱུས་ཞིབ་འཇུག་གི་ལས་ཀ་ཞིག་གཉེར་པ་རེད། ལས་ཀ་ཡིན་པའི་ཆ་ནས་ལོ་རྒྱུས་ཀྱི་རྒྱུ་ཆ་མང་པོ་བཀླགས་པ་ཡིན། རྩོམ་རིག་ལོ་རྒྱུས་ཀྱི་སྒྲོམ་གཞི་འགོད་ཕྱོགས་ཐད་དབྱིན་ཡིག་གི་རྩོམ་རིག་ལོ་ རྒྱུས་ཀྱི་དེབ་གཉིས་གསུམ་གྱི་དཀར་ཆག་རྣམས་བོད་བསྒྱུར་བྱས། དེབ་དེ་དག་གི་ཁོག་དབུབས་སྟངས་ལ་རིགས་པས་དཔྱད་ཁུལ་བྱས། རིགས་པའི་འགྲོས་དེ་ལ་བརྟེན་ནས་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་དང་པད་མ་འབུམ་ ལགས་སོགས་མཁས་པ་རྒན་གཞོན་ལྔ་བཅུ་ལྷག་གདན་འདྲེན་གྱིས་བགྲོ་གླེང་བྱས། དེ་དག་གི་དགོངས་ཚུལ་གཞི་ལ་བཞག དེ་ནས་མཁས་དབང་ཟམ་གདོང་རིན་པོ་ཆེས་བོད་ཀྱི་རྩོམ་རིག་གི་རྣམ་དབྱེའི་སྐོར་ལ་ གསུང་བཤད་གནང་བ་དེ་ཚོ་ཡང་ས་བཅད་ཀྱི་རྨང་གཞིར་བཀོད། དེ་འདྲའི་ཨུ་ཚུགས་ཤིག་གི་ཐོག་ནས་ བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་ཞེས་པ་ཞིག་བྲིས་པ་ཕྱིས་ སུ་ཝར་ཎ་མཐོ་སློབ་དང་ཀན་སུའུ་མི་རིགས་དཔེ་སྐྲུན་གཉིས་ཀའི་ཐོག་ནས་དཔར་ བསྐྲུན་བྱས་པ་རེད། ད་བསམ་དུས་བཅོས་དགོས་པ་དང་། དག་ཆར་བསྐྱར་ཞུ་བྱེད་དགོས་པ་སོགས་མང་དུ་འདུག་མོད། བཀའ་བསྟན་གྱི་སྐོར་དང་། དེ་བཞིན་དུས་མཚམས་དབྱེ་སྟངས། དེ་དག་གི་རྒྱུ་རྐྱེན་དང་མཇུག་འབྲས་བཅས་ཞིབ་ཚགས་པ་ཞིག་ཡོང་ཡོད་དྲན། འོན་ཀྱང་། དེ་ཚོ་ནི་འདིར་བཤད་དོན་མི་འདུག ཁ་ཤོར་འགྲོ་བའི་ངང་ཚུལ་རེད།
མདོ་དོན་ནི། བོད་ནང་ནས་རྩོམ་རིག་གི་ལོ་རྒྱུས་ལ་དེབ་བཞི་ཙམ་ཐོན་འདུག དེ་ཚོར་བེ་རི་བས་དཔྱད་བསྡུར་བྱས་ཡོད་དམ། དེ་ཚོའི་ནང་བཤད་ཟིན་པ་དག་འདིར་བསྐྱར་བཤད་བྱས་ན་ཆོད་དེ་ཙམ་ཨེ་ཡོད། ངས་རྩོམ་རིག་གི་གོ་དོན་ཞིག་དབྱིན་ཡིག་རྩོམ་རིག་ལོ་རྒྱུས་ནས་བསྒྱུར་ཏེ་བཀོད་ པ་ཧ་ལམ་ཚིག་དང་ཚིག་བཞིན་བེ་རིས་བཀོད་འདུག ཡིན་ན་ཡང་བེ་རིས་ཀྱང་དབྱིན་ཇི་ནས་བསྒྱུར་བ་ཡིན་འགྲོ དེ་ནི་གཤམ་གསལ་འདི་ཡིན། “ནུབ་ ཕྱོགས་པ་འགའ་ཞིག་གིས་ རྩོམ་རིག་ལ་ཁྱབ་ཆེ་ཆུང་གཉིས་སུ་ཕྱེས་ཏེ། ཁྱབ་ཆེ་བའི་དབང་དུ་བྱས་ན་ཤོག་ཐོག་ཡི་གེ་ཕབ་ཚད་ལ་རྩོམ་རིག་ཟེར་བ་དང༌། ཁྱབ་ཆུང་བའི་དབང་དུ་བྱས་ན་དུས་བྱེ་བྲག་པ་དང་ཡུལ་བྱེ་བྲག་པ། སྐད་ཡིག་བྱེ་བྲག་དང་བརྗོད་གཞི་བྱེ་བྲག་པ་གགང་ཞིག་གི་ཐོགནས་བྲིས་པའི་ཡི་གེ་ ལ་གོ་དགོས་ཚུལ་བཤད་འདུག” ངེད་ཀྱི་དེ་ནི་འདི་ལྟར། “དབྱིན་ ཇིའི་རྩོམ་རིག་གི་འགྲེལ་བཤད་ཅིག་ཏུ། རྩོམ་རིག་ཟེར་བ་འདི་ལ་རྒྱ་ཆེ་ཆུང་གི་གོ་བ་གཉིས་ལེན་ཆོག རྒྱ་ཆེ་བའི་དབང་དུ་བྱས་ན་རྩོམ་རིག་ནི་ཡི་གེར་བྲིས་ཚད་ལ་གོ་ཆོག རྒྱ་ཆུང་བའི་དབང་དུ་བྱས་ན། སྐད་ཡིག་བྱེ་བྲག་པ་དང་། དུས་བྱེ་བྲག་པ། དེ་བཞིན་བརྗོད་གཞི་བྱེ་བྲག་པ་བཅས་ཀྱི་རྩོམ་རིག་ཀྱང་ངོས་འཛིན་བྱས་ཆོག རྩོམ་རིག་འདི་ལ་རྩ་བའི་དབྱེ་བ་གཉིས་ཡོད་པ་ནི། བཅོས་མའི་རྩོམ་རིག་དང་དངོས་ཡོད་ཀྱི་རྩོམ་རིག་གཉིས་ཡིན་ལ།” སོགས་བཀོད་འདུག འདི་ནི་ རབ་གསལ་མེ་ལོང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༣ ལོར་པར་བཏབ་པ། ཤོག་ངོས་ ༥ ན་ཡོད་ལགས། གང་ལྟར་ངེད་ཀྱི་དྲི་བ་ནི། བེ་རིས་བོད་ནང་ནས་བསྐྲུན་པ་སོགས་ཀྱི་དཔེ་དེབ་དེ་ཚོར་གཟིགས་ཡོད་དམ། ཞེས་པ་འདི་ཡིན། གལ་སྲིད་གཟིགས་ཡོད་ཚེ། དེ་དག་གི་མཚན་བྱང་དང་ཤོག་ངོས་སོགས་ཀྱི་ཁུངས་མི་འགོད་དོན་ཅི་ཡིན་ནམ། དཔྱད་རྩོམ་ལ་དཔྱད་གཞིའི་ཤོག་ངོས་སོགས་མེད་པར་གནམ་ནས་ཆར་པ་འབབ་འབབ་བྱེད་རྒྱུ་ཡོད་མ་རེད་དྲན།
ད་ངས་ཡང་སྐྱར་སྐད་ཆ་ཁ་ཤས་ཤིག་བཤད་འདོད་སྐྱེས། དབྱིན་ཡིག་གི་ literature གྱི་འཇུག་ཡུལ་ཚང་མར་བོད་ཡིག་གི་རྩོམ་རིག་གིས་ཁྱབ་ཐུབ་བམ།
ངས་ཚིག་མཛོད་ཁ་ཤས་ཤིག་ཀློག་པ་ཡིན། ལེ་ཁྲི་རེ་ཆོར་ལ་འཇུག་ཡུལ་མང་པོ་ཞིག་འདུག དཔེ་བཞག་ན་རྩོམ་རིགས་འདྲ་མིན་སྣ་ཚོགས་ཕྱོགས་བསྒྲིགས་བྱས་པའི་དེབ་མིང་དང་། ཚོང་འབྲེལ་སོགས་ཀྱི་ཁྱབ་བསྒྲགས་དང་ལམ་སྟོན་དེབ་ཆུང་ལྟ་བུ།
ཨ་རིའི་མཐོ་སློབ་ཀྱི་ཚིག་མཛོད་ཟེར་བ་༡༩༤༧ ལོར་པར་ཐེངས་དང་པོ་བཏོན་པ་དེའི་ནང་འཇུག་ཡུལ་བདུན་འདུག འཇུག་ཡུལ་ཚང་མའི་ནང་གི་གཅིག་ནི་སྒྱུ་རྩལ་གྱི་རྣམ་པ་ལྡན་པ་སྟེ་ང་ཚོས་ད་ལྟ་གླེང་བཞིན་པའི་བརྩམས་སྒྲུང་། སྙན་ངག གཏམ་བརྗོད་ཟློས་གར། དམངས་ཁྲོད་རྩོམ་རིག་སོགས་རེད། འདི་ནི་ཡོངས་གྲགས་ཀྱི་མིང་དེ་རེད། ཚང་མས་བེད་སྤྱོད་གཏོང་བཞིན་པའི་མིང་དེ་རེད།
ང་ཚོའི་རྩོམ་རིག་ཅེས་པའི་ཐ་སྙད་གསར་བ་འདི་གསར་བཟོ་བྱེད་དགོས་དོན་ཡང་འདི་ལ་དམིགས་ནས་རེད། དེར་མ་ཟད་རྩོམ་རིག་ཟེར་བ་འདིར་མཚན་ཉིད་ཅིག་ཀྱང་འཇོག་རྒྱུ་ཡོད་པ་རེད། དེས་ན་དེའི་བར་ན་མགོ་འཁྲུལ་དགོས་པ་ཞིག་མི་འདུག སྤྱིར་བཏང་རྩོམ་ཟེར་ན་ཁྱབ་ཆེན་པོ་རེད།
སེའུ་བཅུ་བའི་ངག་བཞིན་བེ་རིས་བྲིས་པ་འདི་ཚོ་ངས་མགོ་ཚོས་གི་མི་འདུག མགོ་ནས་མཇུག་བར་འགའ་བ་རི་ལྟར་སྤུངས་འདུག དེ་རེ་རེ་བཞིན་བརྗོད་ཡོང་ན་ཐང་ཆད་པ་ལས་མི་འདུག ད་འདིར་གཅིག་རང་གཅིག་བཤད། ལྟོས་ར།དོན་ཚན་དང་པོ་རང་ན ་་རྩོམ་རིག་ཅེས་པ་ནི། རྩོམ་པ་པོའི་བསམ་བློའི་ཀུན་རྟོག་ལ་དགའ་སྐྱོ་ཁྲོ་ཆགས་གང་ཞིག་གིས་གཡོ་འགུལ་ ཐེབས་པལས་བྱུང་བའི་ནང་བསམ་བློའི་འཆར་སྒོ་དེ་ཉིད། ཕ་རོལ་པས་གོ་བ་ཇི་ལྟ་བ་བཞིན་ལེན་ཐུབ་པའི་སྒྱུ་རྩལ་གྱི་བརྡ་ཐབས་ཤིག་ཡིན།་་ ཞེས་བྲིས་འདུག་ག དེ་ནས་མར་ཕྱིན་ན་
རིག་གནས་ཆེ་ཆུང་ཚང་མ་འདིའི་ནང་བསྡུས་ནས་བཤད་འདུག་ག ད་བསམ་བློ་ཐོངས་ར། བརྡ་སྤྲོད། མངོན་བརྗོད། སྒྲ སྐར་རྩིས། ཚད་མ། བཟོ་གསོ་སོགས་ལ་མཚན་ཉིད་འདིས་ཇི་ལྟར་འགྲེལ་རྒྱག་དགོས་པ་རེད།
དེ་ནས་རྩོམ་རིག་གི་ནུས་པ་ཟེར་ནས་མང་པོ་ཞིག་བྲིས་པ་དེ་ཚོ་ཡང་གོང་གསལ་གྱི་རིག་གནས་རྣམ་གྲངས་འདི་དག་དང་འབྲེལ་མེད་རེད། ངས་བལྟས་ན་ཁོའི་འདི་ཚོར་གླེང་མོ་བྱེད་རིན་མི་འདུག རང་གཞན་ཚང་མའི་དུས་ཚོད་འཕྲོ་བརླག་རེད། འདི་ཚོ་བསམ་བཞིན་བོད་ཀྱི་རྩོམ་རིག་ལ་གཏོར་བརླག་གཏོང་གི་ཡོད་པ་འདྲ་བོ་འདུག་ག བོད་ཀྱི་གཞོན་སྐྱེས་ཚོ་བསམ་བཞིན་ལོག་ལམ་དུ་འཁྲིད་གི་ཡོད་པ་འདྲ་བོ་འདུག་ག
ཁོས་བཞག་པའི་རྩོམ་རིག་གི་མཚན་ཉིད་དང་ནུས་པ་ལ་བལྟས་ན། རིག་གནས་ཀྱི་རྣམ་གྲངས་ཚང་མར་མི་གོ་བར་ཁོ་རང་གིས་ཤོད་བཞིན་པའི་ ་་སྒྱུ་རྩལ་རྩོམ་རིག་་ ལ་གོ་དགོས་པ་འདྲ་བོ་འདུག ཡིན་ན་ཡང་། སྒྱུ་རྩལ་རྩོམ་རིག་ལ་མཚན་ཉིད་ལོགས་སུ་བཞག་ནས་ཟུར་དུ་བཤད་འདུག་ག
འོ་ཡ་འདིའི་ནང་ནས་རྩོམ་རིག་གི་སྐོར་ཞིག་གླེང་གི་འདུག ད་ཡིན་ན་བྲོས་འགྲོ་བ་མ་གཏོགས་ལས་ཀ་གཞན་མེད་པ་འདྲ་འདུག རྣམ་པ་ཚོ་བཞུགས་གདན་འཇགས།། །།
དབྱིན་ཡིག་གི་ Literature ཞེས་པའི་ཚིག་དོན་རྩོམ་རིག་ལ་ཁྱབ་མིན་སོགས་དཔྱད་གཞི་ཡིན་པ་རེད་ལ། དེ་དག་ནི་མུ་མཐུད་ནས་དཔྱད་གཞིར་ལྷག་རྒྱུ་ཡིན་པ་རེད། ངེད་ཀྱི་འདོད་ཕྱོགས་ནི། རལ་གྲི་གནམ་གཡུགས་མ་བྱས་པར། ད་བར་གྱི་མཁས་པ་ཚོས་ཅི་གསུངས་འདུག་པ་དེ་ལ་བལྟས། དེ་ནས་དེ་ལ་འཐད་མིན་གྱི་རྩོད་གླེང་བྱེད་དགོས་པ་རེད་དྲན། ངའི་ལག་སྣེ་རང་ན་དཔེ་ཆ་གསུམ་ཡོད། དང་པོ་དེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༩ ལོར་པར་བཏབ་པའི་ བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་ ཞེས་པ་དེ་རེད། འདི་རྩོམ་སྒྲིག་བྱེད་མཁན་ དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གཉིས་རེད། དེ་ནས་ལྷག་པ་ཆོས་འཕེལ་གྱིས་བརྩམས་པའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟོད་ཆ་དང་སྨད་ཆ་གཉིས་ཅན་ཞིག་འདུག དེ་ནི་མི་རིགས་དཔེ་སྐྲུན་ཁང་གིས་ ༢༠༠༦ ལོར་པར་བཏབ་འདུག ད་དུང་རྒྱ་ཡིག་ཐོག་ཀྱང་ བོད་ཀྱི་རྩོམ་རིག་ལོ་རྒྱུས་ཞེས་པ་ ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༨༥ ལོ་ནས་པར་བཏབ་ཡོད་རབས་འདུག བརྗོད་གཞི་འདི་དག་ལ་འབྲེལ་བའི་རྩོམ་ཐུང་ནི་མང་ཙམ་ཡོད་ཚོད་འདུག དེ་དག་ལ་གཟིགས་ཞིབ་ཀྱིས་དཔྱད་བསྡུར་གནང་གལ་ཆེ་བར་མཐོང་། མ་གཞི་ནས་བེ་རི་བས་གསུང་མ་འབྱོན་ན་བྱེད་རྒྱུ་ཅང་མི་འདུག་ག་
ངེད་ཀྱིས་ཀྱང་རྩོམ་འབྲི་མཁས་བ་ཚོའི་མཉམ་དུ་རྨོངས་འཆར་འགའ་གླེང་གི་ཡིན།
རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱི་རྩོམ་འདི་ཐེངས་འགར་བྐླགས་པ་ཡིན།
འདི་ཟེར་བ་ཞིག་ལེན་རྒྱུ་རག་མ་སོང་། ངེད་ཀྱི་སེམས་སུ་འདི་འདྲ་ཞིག་འཁོར།
བོད་རིགས་རྩོམ་འབྲི་བ་ཚོས་བརྗོད་གཞི་ཆེན་པོ་ཞིག་ལ་མ་གཏོགས་ལག་པ་འཆང་མི་ཤེས་དོན་ཅི་རེད།
ཆེན་པོ་དེ་ཡང་ཞིབ་ཚགས་ཤིག་མི་ཡོང་ནོ་ཅི་རེད། ཞིབ་ཚགས་པོའི་སྒོ་ནས་བཤད་སྟངས་དང་འབྲི་སྟངས་མི་ཤེས་དོན་ཅི་རེད།
གཞུང་ལ་ལག་པ་འཆང་ན་གཞུང་གི་རྒྱབ་རྩ་མེད་པར་མཐོང་ཐོས་རབ་རིབ་ཅིག་འཁྱེར་ཡོང་བ་འདི་ཅི་རེད།
དགེ་འདུན་རབ་གསལ་དང་མགོན་ཕྱག་གཉིས་ཀྱིས་མུ་མཐུད་དུ་བསམ་ཚུལ་ཤོད་དང་། ང་ལྟ་བུའི་ལོ་ཆུང་ཚོར་བློ་བསྐྱེད་ཡོང་གི་འདུག
དབྱིན་ཡིག་གི་ Literature ཞེས་པའི་ཚིག་དོན་རྩོམ་རིག་ལ་ཁྱབ་མིན་ནི་དཔྱད་གཞིར་འཇོག་དགོས་པ་དེ་འདྲ་མ་རེད། དེས་རྩོམ་རིག་ལ་ཁྱབ་ཀྱི་ཡོད་པ་རེད། དེའི་རྒྱུམཚན་ནི་ཚིག་འདིར་འཇུག་ཡུལ་མང་པོ་ཡོད་པའི་ནང་རྩོམ་རིག་དེ་དེའི་ནང་གི་འཇུག་ཡུལ་གཅིག་ཡིན་པས་རེད། དེ་ཡོངས་གྲགས་ཀྱི་འཇུལ་ཡུལ་དེའང་རེད། ད་ལྟ་བོད་ནང་རྩོམ་རིག་གི་ཐ་སྙད་བེད་སྤྱོད་གཏོང་བཞིན་པ་དེའང་རེད། ངས་འདིར་རྩོམ་རིག་ཟེར་བ་འདི་སྒྱུ་རྩལ་གྱི་རྣམ་པས་སྤྲས་པའི་བརྩམས་སྒྲུང་སོགས་ལ་གོ་གི་ཡོད།
དེ་མིན་རྩོམ་དང་རྩོམ་རིགས་ཟེར་བའི་་ཡང་འཇུག་ས་ཅན་དེ་རྩོམ་གྱི་རིགས་སུ་གྱུར་བ་མཐའ་དག་ལ་གོ་གི་འདུག
ཝེ་ཁི་ཕེ་ཌི་ཡ་ནང་ལ་ཕྱིན་དང་། ཡོངས་གྲགས་ཀྱི་རྩོམ་རིག་དེ་ག་འདྲ་ཞིག་ལ་འགྲེལ་གྱི་འདུག རྩོམ་རིག་གི་ཁོངས་སུ་ཚུད་པ་ཚང་མ་མར་ངོ་སྤྲོད་བྱས་ཡོང་འདུག་ག དེའི་ནང་གསོ་བ་རིག་པ་སོགས་འདུག་གེ
བོད་ནང་གི་རྩོམ་སྒྲིག་བྱས་པའི་རྩོམ་རིག་གི་དཔྱད་བརྗོད་དེ་ཚོའི་ནང་ངས་བཤད་པ་འདི་དང་མི་མཐུན་ས་ཡོད་ན་འདིར་འགོད་རོགས་གནང་། སྤྱིར་བཏང་སྐད་རིགས་རེ་རེའི་ནང་རྩོམ་རིག་གི་སྐད་དོད་མི་འདྲ་བ་རེ་ཡོད་རྒྱུ་རེད། ཚང་མར་གཅིག་མཚུངས་ཀྱི་གོ་དོན་ཞིག་ཡོད་པ་ནི་ད་ལྟའི་ཡོངས་གྲགས་ཀྱི་ངོས་འཛིན་བྱེད་བཞིན་པའི་རྩོམ་རིག་འདི་རེད། དེ་མིན་སྐད་རེ་རེའི་ནང་གི་ཐ་སྙད་ཁྱབ་ཤུགས་ལ་ཁྱད་པར་ལོས་ཡོད། རྒྱ་ཡིག་ནང་ཝུན་ཞེའེ་ཟེར་ན་ཝུན་གྱི་དོན་ག་རེ་ཡིན་པ། ཞེའེ་ཡི་དོན་ག་རེ་ཡིན་པ། དེ་གཉིས་མཉམ་གཅིག་ཏུ་བསྡུས་ན་གོ་དོན་ག་ཚོད་ཡོད་པ་སོགས་མི་འདྲ་ས་ཡོད་རྒྱུ་རེད།
བེ་རིའི་རྩོམ་རིག་གི་ཞན་ཆ་དང་འཕེལ་རིམ་གཉིས་ཀ་གོ་རིམ་དང་མགོ་མཇུག་ཡོད་པ་ཞིག་ཁྱོན་ནས་མ་རེད། ཞན་ཆའི་ནང་ཡང་། བརྡ་སྤྲོད་ཀྱི་ཞན་སོགས་ཞན་ཆ་ཡོད་པ་ཁ་ཤས་ཤིག་བྲིས་འདུག དེ་རེར་ཁུངས་སྐྱེལ་དང་དཔེ་འཇོག་གཅིག་གེ་མི་འདུག་ག རྩོམ་པ་པོ་འདི། རྩོམ་འདི། བརྡ་སྤྲོད་ཀྱི་ཞན་ཆ་འདི། བསམ་བློའི་གནས་ཚད་ཀྱིས་མ་འདང་བའི་ཞན་ཆ་འདི། ཟེར་ནས་རེ་རེ་བགྲང་ཞིང་ཐེར་འདོན་བྱས་ཡོད་ན་དངོས་གནས་འབྲི་སྟངས་ཤིག་རེད། དེ་མ་རེད་དཔས།
ད་དེ་ཡིན་ཅིག་ག་འགྲོ་གི་ཡོད། ས་ཆ་གཞན་དང་གཞན་དུ་ཀློག་ཀླད་ནང་འཛུལ་རྒྱུའི་གོ་སྐབས་རེ་རེག་ན་འདིའི་ནང་ཡོང་གི་ཡིན། གནས་སྐབས་བདེ་མོ།
ཨ་རོ། འབྲོག་རྒན་མགོན་ཕྱག། ཁྱོ་ཅིག་ལ་འགྲི་གི་ཡོད་ན། ཉིན་ཐོ་འབྲི་རྒྱུ་མ་བརྗེད།
ཁ་སྔོན་གྱི་མཚོ་སྐོར་དེ་འདྲ་ཞིག་བྲིས་ན་། ྐློག་མཁན་ཚོ་ཁྱོའི་མཉམ་དུ་མེད་རུང་། དེ་ྐློག་བསྡད་ན་སྐྱིད་པོ་ཞིག་རེད།
ཨོ། ང་ཡང་ཅིག་ལ་འགྲོ་གི་ཡོད། གནས་སྐབས་ལ་བདེ་མོ་བྱོས།
གྲོགས་པོ་རབ་གསལ་ལགས། དུས་ཚོད་རག་པ་དང་ལན་ཕུལ་ཆོག ཁྱོད་ལ་ལན་འབུལ་འདོད་ཡོད།
ལོ་མང་པོ་ཞིག་གི་སྔོན་ལ་བཤད་དགོས་པའི་སྐད་ཆའི་འཕྲོ་ཞིག་ལུས་འདུག་པ་དེ་རིང་མཐོང་བྱུང་། མི་རིགས་མཐུན་ལམ་ལ་རྨ་འབྱིན་སའི་དྲ་ཚིགས་འདིར་རྩོམ་སྤེལ་ནམ་ཡང་ཞུ་འདོད་མེད་ཀྱང་། གཏམ་ལན་ཁ་ཤོས་མ་བྲིས་ཐབས་མེད་རེད་དྲན་བྱུང་།་ལོ་སྔོ་མར་རབ་གསལ་ལགས་ཀྱིས། ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་རབ་གསལ་མེ་ལོང་ཞེས་པ་དེར་བལྟས་ཡོད་དམ། ཞེས་དྲིས་གནང་འདུག དེའི་ལན། དེབ་དེ་སྐུ་ཉིད་ཀྱིས་ཨ་རི་བའི་གྲོགས་པོ་ཁག་གཅིག་ནས་པར་སྐྲུན་ཞལ་འདེབས་བསླངས་པས་ཨ་སྒོར་ ༢༠༠༠ རག་པ་དེ་དང་མཉམ་དུ་ཀན་སུ་མི་རིགས་དཔེ་སྐྲུན་ཁང་གི་ལས་བྱེད་ངོ་ཤེས་པའི་བརྒྱུད་ནས་བོད་དུ་པར་སྐྲུན་གོ་སྐབས་ཐོབ་པ་ལྟར། བོད་ནས་གློག་འཇུག་མཐའ་མའི་ཞུ་དག་དེ་ཁྱོད་ཀྱི་སར་འབྱོར་འདུག་པ་དེ། ང་ཨ་རིར་ཡོད་དུས་ཁྱོད་ཀྱིས་ཞུ་དག་ཅིག་བཟོ་རོགས་གསུངས་པ་བཞིན་ཆ་ཚང་ཞིབ་ཚག་གི་ལུགས་སུ་བྱས་ནས་གཅིག་བཀླགས་པ་ཡིན། རྗེས་མར་དཔེ་སྐྲུན་བྱས་ཡོད་རྒྱུ་རེད། དེབ་སྐལ་འདྲ་བོ་ནི་ཤོག་ལྷེ་གཅིག་ཀྱང་རག་མ་བྱུང་། ཞུ་དག་དེའི་སྐབས་ཁྱོད་ཀྱིས་རྩོམ་རིག་གི་གོ་དོན་དང་ཁྱབ་ཆེན་ཆུང་གི་དབྱེ་བ་དེ་ཚོ་ད་དུང་ངའི་བློ་ལ་ངེས་ཀྱི་འདུག སྟོང་ཉིད་ལ་བག་ཆགས་དམན་པ་མ་གཏོགས། འཇིག་རྟེན་ཕལ་བའི་ཆོས་དེ་ཚོ་ངས་ཀློག་ཐེངས་གཅིག་ལ་ཕལ་ཆེར་བློར་ངེས་ཀྱི་ཡོད། ཡིན་ནའང་སྐབས་དེར་དཔེ་དེབ་ལག་ཏུ་མེད་པ་དང་། པར་སྐྲུན་ཟིན་ཡོད་མེད་ཀྱང་མ་ཤེས་པས། ལུང་འདྲེན་གྱི་དཔེ་ཆ་འདི་རེད་ཅེས་བཤད་ཐབས་མ་བྱུང་། སྐབས་དེར་ང་རྡ་སར་ཡོད་ཙང་ཝཱ་ཎའི་དཔེ་མཛོད་ལ་ཆ་རྒྱུས་མེད། རྩོམ་ཡིག་དེའི་ཐོག་ངས་ཁྱོད་ལ་དེ་སྔོན་བསམ་འཆར་ཞིག་བཏོན་མྱོང་བརྗོད་ཡོད་རྒྱུ་མ་རེད། ངའི་སེམས་ངོགས་སུ་ད་དུང་གསལ་གསལ་ཏིག་ཏིག་བྱས་ནས་ཡོད།
ཤི་རོ་མགོན་པོ་ཕྱག་གཉིས་ཡིན་ནམ་དེ། ཨ་མྱེས་རྨ་ཆེན་ཏག་ཏག་བཟོ་མཁན་དེའི་གྲས་ན་ལན་བྲིས་ན། ཤིག་ཐོག་སྟ་རེ་རེད། བཀའ་གདམས་སྐྱེས་ཆེན་ཚོས། སྡི་ཅན་ཚེ་ཐུང་པར་ཤོག་ཅེས་པའི་སྨོན་ལམ་དེ་འགྲུབ་སོང་བས། ད་ལྟར་བཤད་ས་ལུས་མེད།
Wordsworth ཝོར་ཙི་ཝོར་ཋི་ལ་རྩྭ་ལོའི་དུམ་བུ་ཞེས་པ་ཞིག་ཡོད་པ་མ་རེད། དེ་མིན་ཅང་བཤད་འདོད་མ་བྱུང་།