བསྟན་དར།
ཀྱེ་མ། བོད་ཀྱི་ལས་དབང་།
རླུང་རྟ་མེད་པའི་དར་ཅོག
དྲི་བཟང་མེད་པའི་བདུག་སྤོས།
པད་མ་མེད་པའི་ཆུ་མཚོ།
སྐུ་པར་འགོག་པའི་གདུལ་ཞིང།
སྐུ་བརྙན་བཅོམ་པའི་ལྷ་ཁང་།
དགེ་འདུན་འབྱིན་པའི་དགོན་པ།
མ་བུ་འབྲལ་བའི་ཡུལ་གྲོང་།
རང་དབང་འཕྲོག་པའི་རང་སྐྱོང་།
བདེ་སྐྱིད་འཇོམས་པའི་རྩེད་རྭ།
སྐད་ཡིག་འགོག་པའི་སྤྱི་ཚོགས།
ངོ་གདོང་འགེབས་པའི་འགྲེམ་སྟོན།
གནས་བདག་དཀོན་པའི་གནས་ཆེན།
རི་དྭགས་མེད་པའི་ནགས་ཚལ།
མཛོ་གཡག་བྲལ་བའི་འབྲོག་ས།
འཁྱགས་རོམས་ཟད་པའི་གངས་ལྗོངས།
ཡ་ང་བོད་ཀྱི་ལས་དབང་།
༧གངས་ཅན་མགོན་པོས་མཁྱེན་ནོ།
བྱང་ཕྱོགས་ཁ་བའི་ལྗོངས་འདི།
ཀླ་ཀློའི་དཔུང་ལས་སྐྱོབས་རོགས།
གདོང་དམར་བོད་མིའི་ལས་སྐལ།
མགོན་ཁྱེད་ཐུགས་བརྩེས་མ་གཡེལ།
སྐུ་ཚེ་ཡུན་རིང་བརྟན་ནས།
སྙིང་ལ་བྱིན་རླབས་བསྩལ་རོགས།
བོད་མིའི་རླུང་རྟ་དར་ཤོག
དུས་བཟང་ཉི་མ་འཆར་ཤོག
གཞིས་བྱེས་མཉམ་འཛོམ་མྱུར་ཤོག
སངས་རྒྱས་བསྟན་པ་དར་ཤོག