—ས་འཛིན་དཀར་པོ།
གངས་རིར་བླ་མེད་འོད་འབྱིན་འཛུམ་པའི་ཚེ།།
ཞོགས་ཀ་དྲི་བསང་སྤོས་ཀྱིས་ལོ་གསར་བསུ།།
སྦྲ་ནག་སྨུག་པོར་དུ་སྤྲིན་གཡང་གིས་བསྐོར།།
གངས་ཅན་བོད་ཀྱི་ལོ་གསར་ཉིན་མོར་བསུ།།
སྦྲང་དཀར་རྩམ་པའི་ཕྱེ་མས་བཀྲ་ཤིས་སྨོན།།
འཆི་མེད་བདུད་རྩིའི་ཆང་གིས་ཚེ་རིང་ཤིས།།
ཟས་མཆོག་གྲོ་མས་བག་དྲོའི་ཕྱྭ་གཡང་སྩོལ།།
མཐོ་སྒང་བོད་ཀྱི་གནམ་ལོ་གསར་པར་བསུ།།
ལྷ་དར་དཀར་པོས་བདེ་སྐྱིད་ཁ་གཡང་སྩོལ།།
གླུ་དབྱངས་གར་གྱིས་སྙན་མོ་དགྱེས་པ་ཤིས།།
མ་འོངས་བདེ་སྐྱིད་འཚོ་བའི་རྟེན་འབྲེལ་ཞིག།
དེ་རིང་བོད་པའི་གནམ་ལོ་གསར་པར་བསུ།།
ཕ་མེས་གཤིས་བཟང་རྒྱན་པའི་སྨོན་ཚིག་དེ།།
རུས་གཅིག་མིང་སྲིང་ཀུན་ལ་ལོ་ལེགས་སྨོན།།
ཀ་མད་སུམ་ཅུའི་སྲོག་དབང་མ་ཉམས་པར།།
གངས་ཅན་བཙན་པོ་བོད་ཀྱི་ལོ་གསར་བསུ།།
མེ་ཏོག་ཚོམ་བུ་བཤམས་པའི་དྲི་ཞིམ་ཡིས།།
ཕོ་མོའི་ཚེ་སྲོག་བརྟན་པའི་ཤིས་ཚིག་རྗོད།།
སྤྲེལ་གྱིས་ལོ་ཁམས་འཛིན་པའི་ཉིན་མོ་ལ།།
ལོ་གསར་ཕྱྭ་གཡང་རྒྱས་པའི་སྨོན་ལམ་ཞུ།།
མཐོ་སྒང་བཙན་པོ་བོད་ཀྱི་ལོ་གསར་ཉིན།།
ཆོལ་གསུམ་བོད་ཀྱི་སྤུན་ཟླ་ཆིག་སྒྲིལ་ཤིས།།
བཀྲ་ཤིས་ལོ་ལེགས་ཕྱིན་པའི་ཉ་གང་ལྟར།།
འབྱུང་འགྱུར་ཁ་དྲོ་བཀྲ་ཤིས་ཡོང་བར་ཤོག།
གངས་རི་ཏི་སི་ལྷུན་པོའི་བརྗིད་ནོན་བཞིན།།
ཡབ་མེས་བཙན་པོའི་མཁར་གྱི་ལོ་རྒྱུས་ཤིག།
ཡར་ཀླུང་གཙང་པོ་དྲི་མེད་བཞུར་རྒྱུན་ལྟར།།
རུས་གཅིག་སྤུན་ཟླ་རྣམས་ལ་ལོ་གསར་བསུ།།
བོད་ལུགས་གནམ་ལོ་གསར་ཚེས་ལ་འབྲེལ་ཡོད་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྐུ་ཉིད་ཀྱི་བཀྲ་ཤིས་སྨོན་ཚིག་ལ་རྗེས་སུ་ཡིད་རང་དང་ཆབ་ཅིག་ལོ་འདིར་འཛམ་གླིང་ཞི་བདེ་དང་ཆོལ་གསུམ་ཆིག་སྒྲིལ་བོད་འདི་ཉིད་མུན་པའི་ནང་ནས་མྱུར་དུ་ཐར་པའི་སྨོན་འདུན་ཞུ།།