ཆང་སྐྱེས།
སྤྱིར་གདོང་དམར་བོད་ཀྱི་ལོ་གསར་ལ།།
རྩིས་ཚེས་གྲངས་མི་གཅིག་ཁ་ཤས་ཤིག།
བོད་བཙན་པོ་སྤུ་དེ་གུང་རྒྱལ་སྐབས།།
མ་རྒན་མོ་བལ་མའི་ཟླ་རྩིས་ཞེས།།
དགུང་ཟླ་བའི་འཕེལ་འགྲིབ་དང་བསྟུན་ནས།།
ཡུལ་ལྷོ་ཁ་ཡར་ལྷ་ཤམ་པོ་ཡི།།
ཁམ་སིལ་སྡོང་མེ་ཏོག་བཞད་པ་ན།།
དཔྱིད་དུས་སྟོན་ཆེན་མོ་གཏོང་སྲོལ་བྱུང་།།
སྲོལ་འདི་ཉིད་བོད་ཀྱི་ལོ་གསར་བའི།།
དུས་ཐོག་མ་ཡིན་ཞེས་མཁས་པས་བཞད།།
རྗེ་སྲོང་བཙན་སྒམ་པོའི་སྐུ་རིང་ལ།།
རྒྱའི་ཀོང་ཇོ་ཆུ་ནང་པད་མ་ཡིས།།
བསྟན་རྒྱ་རྩིས་རྙིང་མའི་ལུགས་ལྟར་ཏུ།།
བོད་ཟླ་བ་བཅུ་གཅིག་ཚེས་གཅིག་ལ།།
ལོ་གསར་བའི་ལོ་འགོ་འཛིན་པར་བཟུང་།།
དེ་རྗེས་ཀྱི་དུས་རབས་བརྒྱད་པའི་ནང་།།
བོད་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་སྐབས།།
བོད་ཟླ་བ་བཅུ་གཉིས་ཚེས་གཅིག་ལ།།
ལོ་གསར་བ་བསུ་བའི་དགའ་སྟོན་བྱས།།
རྒྱ་ནག་པོའི་སོ་ནམ་ལོ་གསར་ལ།།
དུས་གཅིག་ཏུ་ཁེལ་ཞེས་མཁས་པས་བརྗོད།།
ཧོར་རྒྱལ་པོས་མི་ཉག་བཟུང་དང་ལྷན།།
བཀྲ་ཤིས་པའི་དགའ་སྟོན་བྱས་པ་ན།།
སྨད་རྒྱ་ནག་པ་ཡི་ཧོང་ལི་དང་།།
བོད་ཟླ་བ་དང་པོ་གཉིས་མཐུན་པས།།
ཧོར་རྒྱལ་པོའི་བཀའ་ལྟར་བོད་ཟླ་ལ།།
མིང་ཧོར་ཟླ་ཞེས་པའི་ཐ་སྙད་སྦྱར།།
སྐབས་དེ་དུས་ས་སྐྱའི་ལོ་ཐོ་ལྟར།།
ཧོར་ཟླ་བ་དང་པོའི་ཚེས་གཅིག་ལ།།
བོད་རྒྱལ་བོ་ལོ་གསར་ཞེས་པའི་སྲོལ།།
བོད་ཁྲི་སྐོར་བཅུ་གསུམ་ཡོངས་ལ་དར།།
གཞན་བོད་ཀྱི་ཡུལ་གྲུ་རེ་ཟུང་ནང་།།
ས་དྲོད་གྲང་གནམ་གཤིས་མི་འདྲ་བས།།
ལོ་གསར་བ་ཚེས་སྟངས་ཁ་ཤས་བྱུང་།།
སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་ནས།།
བོད་ལུགས་རྩིས་ཟླ་བ་བཅུ་གཅིག་ལ།།
ལོ་གསར་བ་གཏོང་བའི་སྲོལ་ལུགས་དང་།།
སྟོད་དབུས་གཙང་གཉིས་ཀྱི་གཙང་ཁུལ་ནས།།
མང་ཆེ་བས་བོད་ཟླ་བཅུ་གཉིས་པའི།།
ཚེས་གཅིག་ལ་སོ་ནམ་ལོ་གསར་གཏོང་།།
ཡུལ་དབུས་ཀྱི་ས་ཆ་ཕལ་ཆེར་གྱིས།།
བོད་ཟླ་བ་དང་པོའི་ཚེས་གཅིག་ལ།།
བོད་རྒྱལ་པོའི་ལོ་གསར་གཏོང་བར་གྲགས།
ས་མདོ་སྨད་ཡུལ་གྱི་ས་ཕྱོགས་ན།།
ཧོར་ཟླ་བ་དང་པོའི་ཚེས་གཅིག་ལ།།
ལོ་གསར་བ་བསུ་བའི་སྲོལ་དེ་དར།།
དོན་ནོར་འཁྲུལ་མང་བ་བདག་གིས་ཤེས།།
ཚིག་དག་ཆ་མེད་པ་ཁྱོད་ཀྱིས་མཁྱེན།།
དེས་ཡིན་པས་འཛུབ་སྟོན་གནང་རོགས་མཛོད།།