ཀླུ་སྨྱོན།
ཐོག་མར་ཐེངས་འདིར་ས་ཡོམ་ལས་འདས་གྲོངས་སོང་བ་དང་། རྨས་སྐྱོན་ཕོག་པ། ནང་མི་གཉེན་གྲོགས་བརླགས་པ། སྡོད་ཁྱིམ་རྩ་བརླགས་སུ་གྱུར་པ་རྣམས་ལ་དམིགས་ནས་གསོལ་བ་སྨོན་ལམ་རེ་འདེབས་པ་ལགས།
དེ་ནས་འདི་ལོའི་ས་ཡོམ་དེ་བོད་གཞུང་སྨན་རྩིས་ཁང་གིས་བཏོན་པའི་ལོ་ཐོ་ལས་གསལ་བར་བསྟན་འདུག་པ་འདིར་བཀོད་ན།
དྲང་སྲོང་ཉི་བུ་ལོ་ཧྲིལ་ཁྱིམ་གཅིག་ཏུ། །གནས་པས་དགུང་འདིར་ལྷོ་ཡི་ཕྱོགས་དག་ཏུ། །རླུང་འཚུབ་ས་གཞི་གཡོ་བའི་ཉེན་ཁ་མངོན། །ལྷག་པར་ནག་ཟླའི་༣ཚེས་ཤར་ནས་བཟུང་སྟེ། །ས་ཟླའི་༤ཉེར་གཉིས་བར་དུ་ཕྱིར་ལྡོག་པས། །ཆར་སྤྲིན་འདུ་ཞིང་ས་གཡོའི་ཉེན་ཡང་ཆེ། །
ང་ཚོས་ལོ་རེར་ལོ་ཐོ་ལ་བལྟས་ནས་བོད་ཕྱི་ནང་གང་སར་ཉེན་བརྡ་གཏོང་དགོས་ཀྱི་རིགས་འཐུས་ཤོར་དུ་མི་འགྲོ་བ་ཞིག་བྱེད་རྒྱུ་ངེས་པར་དུ་གལ་ཆེ། དེ་ལྟར་བྱས་ཚེ་གྲངས་ཉུང་མི་རིགས་འདིའི་གྲངས་ཀ་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བ་འགོག་ཐབས་རེ་རྙེད་ཀྱང་སྲིད།
བོད་པའི་ལོ་རྒྱུས་ཁྲོད་དུ་སྐར་རྩིས་མཁན་པོ་དག་གིས་ལོ་རེ་རེའི་ཉི་འཛིན་ཟླ་འཛིན་ གྱིས་མཚོན་པའི་རྩིས་འབྲས་མདོར་བསྡུས་རེ་ལྷ་སའི་རྡོ་རིང་དང་རྩིགས་ལྡེབས་གང་ སར་སྦྱོར་སྲོལ་ཞིག་ཡོད་པ་དང་། ཁ་ཆེ་པཎ་ཆེན་གྱིས་ཉི་འཛིན་ཡོད་ལུགས་ཀྱི་རྩིས་ཐོ་བཏོན་པར་ས་པཎ་གྱི་ཁུ་བོ་ རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ནང་གི་རྣལ་འབྱོར་གྱི་སྟོབས་ཀྱིས་ཉི་འཛིན་ མེད་པར་བྱས་པས། པཎ་ཆེན་གྱིས་བདེན་ནི་ང་རང་བདེན་ཀྱང་། ཡ་གིའི་རི་ཁྲོད་དུ་རྣལ་འབྱོར་བ་རྒན་པོ་ཞིག་ང་རྒྱལ་གྱིས་སྦོས་བསྡད་ཡོད་དོ་ ཞེས་གསུངས་པ་དང་། ཡང་གོང་ས་བདུན་པའི་སྐབས་སུ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་རྩིས་ཐོ་བྲིས་ ཏེ་ཉི་འཛིན་ཡོད་ལུགས་བསྒྲགས་པས། ལྷ་སའི་མི་མང་གིས་དུས་ཚོད་དེའི་སྔ་ཕྱིར་མིག་གིས་ནམ་མཁར་བལྟས་ནས་བསྡད་ཀྱང་ ཉི་འཛིན་མ་བྱུང་བ་ལྟ་བུ་སྐབས་རེར་རྩིས་མཁན་གྱི་བཟང་ངན་དང་ནང་གི་ཉི་ཟླའི་ རྣལ་འབྱོར་ལ་དབང་ཐོབ་པའི་སྐྱེས་ཆེན་རེ་ཟུང་གི་མཛད་སྤྱོད་ཀྱིས་རྩིས་འབྲས་ཇི་ བཞིན་མི་སྨིན་པ་ཡོད་ཀྱང་། བརྒྱ་ཆའི་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་དཀར་རྩིས་འདི་ཧ་ལས་པའི་ཐིགས་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་བཞིན་དང་། བོད་པའི་སྤྱི་ཚོགས་སུ་ལོ་ཐོར་བལྟ་མཁན་མི་ཉུང་བ་ཞིག་ཡོད་ཀྱང་གཞི་རྒྱ་ཆེ་ས་ནས་བལྟས་ཏེ་རྒྱལ་ཁམས་སྤྱི་དང་ཁྱད་པར་དུ་བོད་པའི་སྣོད་བཅུད་ལ་དགེ་མཚན་དང་ཉེན་ཁ་ཅི་ཡོད་བརྟག་དཔྱད་ཞིབ་འཇུག་བྱེད་མཁན་ཧ་ཅང་ཉུང་བས། ཐེངས་འདིར་ཡང་བོད་ཁམས་ཡོངས་སུ་བརྡ་སྦྱོར་སྤེལ་ཏེ་བོད་ཟླ་གསུམ་པ་དང་བཞི་པའི་ནང་དུ་ས་ཡོམ་ལ་གཟབ་དགོས་པའི་ཉེན་བརྡ་བཏང་ཡོད་ཚེ་འདི་འདྲའི་ཆག་འཇིག་ཆེན་པོ་དེ་འདྲ་མྱོང་མི་དགོས་པའི་ཚད་དུ་མཐོང་ངོ་།།རྒྱ་ནག་ཟི་ཁྲོན་གྱི་ས་ཡོམ་ཆེན་པོ་དེ་ཡང་བོད་པའི་ལོ་ཐོ་ལས་སྔ་ས་ནས་བསྟན་ཡོད་ཀྱང་མི་སུ་ལ་ཡང་དོ་སྣང་བྱུང་མེད་པ་དེས་ང་ཚོར་བསླབ་བྱ་ཅི་ཡང་སྤྲོད་མ་ཐུབ་པ་ནི་ཇི་འདྲའི་སེམས་སྐྱོ་ཞིང་དབུགས་རིང་འཐེན་དགོས་པ་ཞིག་རེད་ཨང་། བོད་པའི་ལོ་ཐོ་ཡ་ལོ་ཐོ། ཇི་འདྲའི་འཕྱིས་དྲགས་པའི་མ་འོངས་ལུང་བསྟན་མཁན་ཞིག་རེད་ཨང་།
མུན་པ།
སྙན་ངག་འདི་ལོ་ཕྱེད་ཅིག་གི་སྔོན་དུ་འདིར་སྤེལ་ཟིན་ཀྱང་། ད་ལྟ་སྐྱར་འགོད་ཅིག་བྱེད་དགོས་པའི་དུས་སུ་བསླེབས་སོང་།
ཏག་ཏག་ཉིན་གུང་ཞིག་ལ།
རྒན་རྒོན་ཚོས་མ་ཎི་འདོན་པ་དང་།
བྱིས་པ་དག་རྩེད་མོར་རོལ་བ་སོགས།
སྐྱེ་འགྲོ་ཀུན་གྱིས་རང་འཁྲིའི་ལས་ཀ་སྒྲུབ་བཞིན་པའི་ཉིན་གུང་ཞིག་ལ།
གློ་བུར་དུ།
གནམ་མཐའ་ནས་མུན་པ་ནག་པོ་ཞིག་འཐིབས་ནས་བསླེབས་བྱུང་།
མུན་པ་དེའི་ཀློང་ན།
འཇིགས་སུ་རུང་བའི་འདྲེ་སྲིན་ཡོད་ཐག་ཆོད་རེད་ལ།
མུན་པ་དེའི་ཀློང་ན།
བཟློག་ཏུ་མེད་པའི་འཆི་བ་ཡང་ཡོད་ངེས་ཅན་རེད།
མུན་པ་དེས།
ཐག་རིང་གི་རྒྱ་མཚོ་དང་རི་ཚོགས།
ཐག་ཉེའི་གྲོང་སྡེ་དང་སྒོ་ཕྱུགས་ཡོད་ཚད་བསྒྲིབས་ཤིང་།
མུན་པ་དེས།
ཕྱི་རོལ་གྱི་ལྷིང་འཇགས་དང་།
ནང་རོལ་གྱི་བརྩེ་དུང་ཡོད་ཚད་ཀྱང་བསྒྲིབས་སོང་།
མུན་པ་དེས།
ཕོ་མོ་མེད་པར།
རྒན་གཞོན་མེད་པར།
སེམས་ཅན་ཡོད་དོ་ཅོག
སྐད་ཅིག་དེ་ཉིད་ལ།
བསམ་དབང་དྲན་དབང་མེད་པར།
མུན་ནག་གི་ཀློང་དུ་བཏུམས་སོང་།
འཇིག་རྟེན་འདིར་མཚོན།
འོད་སྣང་རྟ་རྔ་ཙམ་ཞིག་ལ་ཡང་།
གསེར་སྲང་སྟོང་གི་རིན་ཐང་ཡོད་ཅིང་།
ཚེ་སྲོག་སྐད་ཅིག་མ་ཞིག་ལ་ཡང་།
ཞེན་ཆགས་ཀྱི་གཏམ་རྒྱུད་སྤུངས་ན་ཡང་།
མུན་པ་དེའི་ཀློང་ན།
དེ་དག་ནི་ཇི་འདྲའི་ཉམ་ཆུང་བ་ཨང་།
དེ་དག་ནི་ཇི་འདྲའི་ཅོལ་ཆུང་བ་ཨང་།
གང་ལྟར།
མུན་པ་ནག་པོ་དེའི་ཀློང་ན།
སྲོག་ཆགས་དུང་ཕྱུར་དང་དུང་ཕྱུར་གྱི་འཆི་ཁའི་འོ་དོད་ཐོས་ཐུབ་ཅིང་།
མུན་པ་ནག་པོ་དེའི་རྐྱེན་གྱིས།
སྙན་ངག་ཁྲི་ཕྲག་དང་ཁྲི་ཕྲག་གི་བརྗོད་བྱ་གསར་དུ་རྙེད་སོང་།
ངས་ཀྱང་། ཐེངས་འདིར་ས་ཡོམ་གྱིས་འདས་གྲོངས་སོང་བ་དང་། རྨས་སྐྱོན་ཕོག་པ། ནང་མི་གཉེན་གྲོགས་བརླགས་པ། སྡོད་ཁྱིམ་རྩ་བརླགས་སུ་གྱུར་པ་རྣམས་ལ་དམིགས་ནས་གསོལ་བ་སྨོན་ལམ་དང་། སེམས་གསོ་ཡོད།
ཁ་སེང་བོད་ནས་འབྱོར་བའི་དཔར་རིས་དང་ཡ་ང་བའི་གནས་ཚུལ་རྣམས་མཐོང་ཐོས་བྱུང་། ཤིན་ཏུ་ནས་ཡིད་སྐྱོ་དགོས་པ་ཞིག་རེད་ཤག ས་ཡོམ་གྱི་གནོད་འཚེ་འཕོག་སའི་ས་གནས་ལ་ད་དུང་རྒྱ་ནག་གཞུང་གི་སྲོག་སྐྱོབ་ཀྱི་རོགས་སྐྱོར་ཚོགས་པ་འཕོན་ཆེ་འབྱོར་ཡོད་བཟོ་མི་འདུག རྒྱ་ནག་གཞུང་ནས་ཁུལ་དེར་འགྲོ་བསྐྱོད་ཀྱི་ལམ་ཁ་ཁག་པོ་ཡོད་པ་སོགས་ལ་ཁ་གཡར་ཏེ་མགྱོགས་མྱུར་སྲོག་སྐྱོབ་བྱེད་དགོས་པའི་རྩ་ཆེའི་དུས་ཚོད་ལ་དུས་འགྱངས་བྱེད་བཞིན་ཡོད་པ་རེད། དེ་ལྟ་བུའི་བྱ་ཐབས་ནི་བསམ་བཞིན་དུ་བྱས་པ་ཞིག་གསལ་པོ་རེད། གང་ཡིན་ཟེར་ན། རྒྱ་གཞུང་ནས་ཐེངས་འདིའི་རང་བྱུང་གི་གནོད་འཚེ་བེད་སྤྱད་ནས་སྐྱེ་རྒུ་མདོ་ཁུལ་གྱི་བོད་མི་རྣམས་དམར་གསོད་གཏོང་བ་དང་ཁྱད་པར་ཅི་ཡོད། མ་འོངས་པར་ས་གནས་འདིར་རྒྱ་མི་རིགས་འཕོན་ཆེ་གནས་སྤོ་བྱེད་རྒྱུར་མཐུན་རྐྱེན་བསྐྲུན་པ་ཞིག་མིན་ནམ།
སྤྱིར་བོད་མིའི་མི་འབོར་ཉུང་བའི་ཐོག་ལྷག་དོན་སྐབས་འདིའི་གནོད་འཚེའི་ནང་དུ་ལོ་ན་ཆུང་བའི་ན་གཞོན་བྱིས་པ་མང་པོ་ཞིག་འཛུགས་སྐྲུན་གྱི་སྤུས་ཚད་ཆེས་ཞན་པའི་སློབ་གྲྭའི་ཁང་བརྩེགས་དེ་ཚོའི་འོག་ཏུ་འདས་གྲོངས་སུ་ཕྱིན་པ་ནི་རང་རིགས་གངས་ཅན་པ་རྣམས་ཀྱི་གྱོག་གུད་ཆེ་ཤོས་ཤིག་ཡིན་པ་སྨོས་ཅི་དགོས། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ནས་ཆོས་ཕྱོགས་ཀྱི་ཆོ་ག་བརྒྱུད་ས་ཡོམ་འདིའི་ནང་འདས་གྲོངས་དང་། སྨན་སྐྱོན་བྱུང་བའི་སྤུན་ཟླ་ཚོར་སྨོན་ལམ་བརྒྱབ་དང་རྒྱག་བཞིན་ཡོད་པར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཀྱང་། དེ་དག་ནི་ང་ཚོའི་ལས་འགན་གཙོ་བོ་འདི་མིན། ང་ཚོ་བཙན་བྱོལ་དུ་བཞུགས་པའི་བླ་སྤྲུལ་དང་སེར་སྐྱ་ཡོངས་ནས་ཚ་ཚ་འུར་འུར་གྱི་སྒོ་ནས་རོགས་སྐྱོར་གྱི་ལས་འགུལ་ཞིག་སྤེལ་དགོས་རྒྱུ་གལ་ཆེ་སྙམ། དེང་སྐབས་གནོད་འཚེ་བྱུང་ཡུལ་གྱི་སྤུན་ཟླ་རྣམས་ནས་གང་མགྱོགས་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཁུལ་འདིར་ཆིབས་བསྒྱུར་གནང་ཐུབ་པའི་རེ་བ་བཅངས་བཞིན་ཡོད་པ་དང་། ༧གོང་ས་མཆོག་སྐུ་ངོ་མས་ཀྱང་དེ་ལྟར་ཞབས་སོར་འཁོད་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་པ་གོ་ཐོས་བྱུང་། ང་ཚོས་དགོངས་ཚུལ་འདི་རྣམས་ལ་རྒྱ་ནག་གཞུང་ནས་ཁས་ལེན་བྱེད་ཀྱི་ཡོད་མེད་ལ་མ་བལྟོས་པར་ང་ཚོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཡོངས་ལ་གསལ་བསྒྲགས་དང་འབོད་སྐུལ་བྱེད་དགོས་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྤྱི་ནས་ཐུགས་གསོའི་འཚམ་འདྲི་ཚོགས་ཆུང་ཞིག་གང་མགྱོགས་གོ་སྒྲིག་བྱེད་དགོས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་གནད་དོན་དེའི་སྐོར་ལ་རྒྱ་གཞུང་ལ་གནོན་ཤུགས་ཡོང་ཐབས་བྱས་ཏེ་གནོད་འཚེ་འཕོག་ཡུལ་གྱི་བོད་མི་ཚོར་སྨན་བཅོས་དང་། སྡོད་གནས། ཟས་རིགས་ལ་སོགས་པའི་མི་སྤྱོད་རིང་ལུགས་ཀྱི་སྲོག་སྐྱོབ་རྒྱབ་སྐྱོར་གང་མགྱོགས་འབྱོར་ཐུབ་པའི་ཛ་དྲག་གི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་ན་སྙམ།
རིན་པོ་ཆེ།
འདི་ལྟར་འགོད་རོགས་མཛོད་།
http://www.google.com/hostednews/ap/article/ALeqM5gdspdDB0WaMv_An4A-NvHB_DwmCwD9F4CDU80
ཉམས་ཞིབ་པ་ལགས།
དབྱིན་ཡིག་ནང་ཡོད་པའི་གསར་འགྱུར་འདིའི་སྙིང་བོ་རྣམས་བོད་བསྒྱུར་བྱས་ན་མི་ཆོག་གམ།
ཀླུ་སྨྱོན་ཚང་མུན་འཚམས་མ་གྲོལ་གོང་འགྲོ་དོན་དུ་བྱོན་པ་ལེགས།
གསར་འགོད་པ་འདིས་བཤད་ཚུལ་ལ།
རྒྱ་གཞུང་གིས་དམག་མི་དང་།ཡོ་ཆས་སོགས་སྣ་ཚོགས་བཏང་ཡོད་མེད་ལ་མ་ལྟོས་བར་།བོད་ཀྱི་དགེ་འདུན་རྣམས་ས་དེའི་བོད་མི་ཚོ་ལ་ཕྱི་གཉིས་སྐྱོབ་པའི་མགོན་ལྟ་བུ་གྱུར་ཡོད་པ་དང།གསར་འགོད་པ་འདིས་རྒྱ་གཞུང་གིས་མྱུར་སྐྱོབ་ལྟེ་གནས་ཁང་ལ་འབྲེལ་བ་བྱས་དུས།གཞུང་གི་ལས་བྱེད་པས་ད་དུང་་སྐྱེ་དགུ་དགོན་ནང་དུ་མི་རོ་ཡོད་པ་རྟོགས་མེད་པ་དང་།དེའི་རྗེས་ཆུ་ཚོད་འགའ་ཤས་ཀྱི་ནང་གློ་བུར་ཏུ་།མི་འདས་བའི་གྲངས་ཀ་ཇེ་མང་དུ་བཏང་འདུག་ཅེས་དང་།ཡང་གྲྭ་བ་མིང་རྒན་ཆོས་ཟེར་བ་ཤིག་གིས་རྒྱ་གཞུང་གི་དང་བླང་བ་རྣམས་ལ་ལྟོས་ནས་བཤད་རྒྱུར།ཁོ་ཚོར་བློ་འཕེལ་བག་ཡངས་ཀྱི་རྣམ་འགྱུར་འདུག་པ་དང་།གལ་སྲིད་མི་ཤིག་གིས་པར་རྒྱག་པའི་སྟ་གོན་བྱེད།ས་བརྐོ་རྡོ་སློག་རེ་བྱེད་སྲིད་ཅེས་གསུང་འདུག།འདོར་ན་གསར་འགྱུར་འདི་ནི་ཐོག་དང་རྒྱལ་སྤྱིའི་གསར་ལམ་ཐོག་ནས་གནས་ཚུལ་དངོས་བཀོད་པའི་གཏམ་རྒྱུད་ཅིག་ཡིན་སྙམ་།
ང་ཚོས་འདི་ནས་ཀྱང་བྱེད་ཡ་ནི་གང་ཡང་མི་འདུག་ལབ་ནས་སྨོན་ལབ་བཏོན་ནས་བསྡད་བསྡད་ན་འགྲིགས་གི་མ་རེད། བྱེད་ཡ་ལོས་ཡོད། རབ་ན་གཤིན་པོའི་རོ་འདོན་རོགས་དང་རྨས་མ་ཚོ་སྨན་ཁང་དུ་ཁྱེར་རོགས་བྱ་དགོས། ཐ་ན་ཤུལ་ལུས་ནང་མི་ཚོའི་མདུན་དུ་བུད་ནས་སེམས་གསོ་ཞིག་གཏོང་བ་ཡང་མཁོ་གལ་ཆེན་པོ་རེད། ད་ཐེངས་བོད་གཞུང་དང་བོད་ཅིག་ཅིག་མིག་མིག་ཟེར་ནས་མིང་ཆེན་པོ་ཁུར་འདུག་མཁན་ཚོས་རྒྱང་ནས་ལྟད་མོ་བལྟས་ནས་འདུག་པའི་དུས་ཚོད་མ་རེད། དངོས་གནས་བོད་མི་མང་གི་སྐྱིད་སྡུག་ལ་འགན་འཁུར་མཁན་གྱི་ཚོགས་པ་རེ་ཡོད་ན་གནོད་སྐྱོན་ཐེབས་པའི་ས་ཁུལ་དེའི་མི་མང་གི་མཐོང་སར་འབུད་དགོས་པ་རེད། ད་ལྟ་བར་དུ་ཆེ་ས་ནས་ཆབ་སྲིད་དང་འབྲེལ་བའི་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ནས་ཆུང་ས་ནས་མི་སྒེར་རེ་རེ་ནས་བོད་མི་ག་ཚོད་མང་པོ་ཞིག་རྒྱ་ནག་ནང་དུ་འགྲོ་ཆོག་གི་ཡོད་ས་ནས་ད་ཐེངས་རོགས་སྐྱོར་ཁོ་ནའི་ཆེད་དུ་འགྲོ་མཁན་ཞིག་རྒྱ་ནག་གིས་འགོག་དོན་ཡོད་པ་མ་རེད། དེ་ང་ཚོ་ཚང་མས་དེ་ཤེས་ཀྱིན་ཡོད་རེད། མ་མཐའ་ཡང་འབད་བརྩོན་བྱེད་དགོས་པ་རེད། གལ་སྲིད་དངོས་གནས་རྒྱ་ནག་གཞུང་གིས་མ་བཏང་ན་དེ་ལུགས་ཁྱབ་བསྒྲགས་བྱེད་ཆོག་གི་རེད། རྗེས་མར་རང་གཞན་སུའི་ངོས་ནས་ཡི་ཆད་འགྱོད་པ་མེད་པ་རེད།
གོང་གི་༼ལྷོ་ཡི་ཕྱོགས་དག་ཏུ།༽ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས་པ་རེད་དམ།
ས་བོན་བྱུང་ཚར་བས་དེ་མཚོ་སྔོན་པོའི་ལྷོ་ཕྱོགས་ཡིན་པ་མིན་འགྲོ།
ཨེ་རེད་དམ།
ས་ཡོམ་ལ་བཅོས།
ཁ་སང་ནས་མི་རྐང་གླིང་བུས་འདིའི་སྐོར་བཤད་སོང་།
གཞི་བྱེས་བོད་མིའི་སྐྱབས་གནས་༧་གོང་ས་སྐྱབས་མགོན་ཆེན་པོ་ད་ལྟའི་གནས་བབ་འདི་འདྲ་ཞིག་ལ་སྐྱེ་རྒུ་མདོར་འདས་པོའི་ལམ་སྟོན་གསོན་པོའི་སེམས་གསོའི་ཆེད་དུ་ཞབས་སོར་བཀོད་ཐུབ་ན་ནི། གཞིའི་བྱེས་བོད་མིའི་རིང་ནས་གནག་པའི་རེ་བ་ཡིད་བཞིན་དུ་འགྲུབ་པ་ཡིན་པས་། འདས་པོའི་གླ་བདེ་གསོན་པོ་རྣམས་ཀྱི་ཡིད་སྐྱོའི་མུན་པ་བསལ་བར་སྨོས་མེད་རེད་དེ། དངོས་སུ་ད་ལྟའི་ཆར་ཡོང་རྒྱུ་ཡོད་པའི་སྐད་ཆ་ཞིག་བཤད་ན་ཤི་གསོན་གཉིས་ལ་ཕན་ཐོག་དང་། ས་ཡོམ་རྒྱེབ་སའི་གནས་བབས། རྒྱལ་ཁབ་ཀྱི་ངོས་ནས་རེ་བ་སྒྲུབ་སྲིད་པ། གཙན་བྱོལ་ངོས་ནས་ཚབ་ཆོག་པ། ས་སྐྱ་གོང་མ་རིན་པོ་ཆེ་ཕྱག་ཕེབས་གཅིག་ཐུབ་ན། ཤི་ཕོའི་གླ་བདེ། གསོན་པོའི་སྐྱོ་གདུང་སེལ་ཐུབ་པ། གོང་ས་མཆོག་ཕེབས་པ་དང་ཁྱད་པར་གང་ཡང་མེད་པ་ཞིག་ཆགས་ཐུབ་པ་གཏན་གཏན་རེད། དེས་ན་ཆབ་སྲིད་གྱི་གནས་འགག་དང་མི་འདྲེས་པའི་ཕྱི་གསལ་ནང་གསལ་བྱེད་ནས་། སྐྱབས་མགོན་གོང་མ་རིན་པོ་ཆེ་གདན་འདྲེན་་ཆིབ་བསྒྱུར་ཞིག་སྐྱོངས་བའི་ཐབས་ཤེས་ཤིག་ཕན་ཚུན་གཉིས་ཆར་གྱིས་འབད་ཐུབ་ན། ངས་རྒྱ་ངོས་ནས་ཡིན་ནའང་རེད། གཙན་བྱོལ་གྱི་ངོས་ནས་ཡིན་ནའང་རེད། ཁ་ཟེར་དོན་ལ་འདུག་ཟེར་ཞུ་རྒྱུ་ཡིན།