རྩོམ་པ་པོ། གུར་མགོན་སྐྱབས། འོས་སྦྱོར་བ་འཇིགས་མེད།
ལོ་དུ་མའི་ཡར་སྔོན་ཞིག་ལ་ང་རང་ཆབ་ཆ་ནས་གྲོགས་པོ་ཞིག་ལ་ཐུག་མྱོང་། ཁོས་ང་ལ“ཨ་ལགས་དོར་ཞིའི་ཁ་པར་ཨང་གྲངས་ཨེ་ཤེས”ཟེར། ངས“ཨ་ལགས་ཚང་གི་ཁ་པར་གྱིས་ཅི་བྱེད”ཅེས་ཕྱིར་དྲིས་པ་ན། ཁོས“ངས་ཁོང་ལ་ཁ་པར་ཞིག་གཏོང་དགོས། ཁོང་གིས་ནང་དོན་རིག་པའི་གཞུང་མང་པོ་རྒྱ་ཡིག་ཏུ་བསྒྱུར་བཞིན་འདུག ཡིན་ནའང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པའི་དེབ་གཅིག་ཀྱང་མི་འདུག ངས་བསམ་ན་བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་རྒྱུ་དེ་རྒྱ་མི་དག་གི་ལས་ཀ་རེད། ཁོང་ལ་བབས་ཡོད་པ་ཞིག་མ་རེད་སྙམ། དེ་བས་ངས་ཁོང་ལ་ཁ་པར་ཞིག་གཏོང་དགོས”ཞེས་རང་རློམ་གྱི་ཉམས་འདྲེས་མའི་ངང་བཤད་བྱུང་། སྐབས་དེར་ང་ལ་དགོད་བྲོ་བ་ཞིག་བྱུང་། ཡིན་ནའང་། རྒྱུ་མཚན་ཅི་ཡིན་པ་མི་ཤེས་མོད་ཁོའི་སྐད་ཆ་དེ་ལན་རེ་ལན་རེར་ངའི་ཡིད་ལ་འཁོར་ཡོང་གི་འདུག རྗེས་སོར་མཉམ་བཞག་དུས་ནང་དོན་རིག་པ་ཁོ་ན་ཙམ་མ་ཡིན་པར་བོད་ཡིག་གི་དེབ་གྲགས་ཅན་ཕལ་ཆེ་བ་རྒྱ་བོད་གཉིས་ཀའི་ལོ་ཙཱ་བ་མཉམ་རུབ་ཀྱིས་རྒྱ་ཡིག་ཏུ་བསྒྱུར་ཟིན་འདུག ལྷག་པར་ཡང་ལོ་རྒྱུས་དང་འབྲེལ་བའི་སྐོར་ནི་དེ་ལྟར་རེད། དེ་ནས་བཟུང་ལོ་ཙཱའམ་ཡིག་བསྒྱུར་ཞེས་པའི་མིང་དེ་གོ་དུས་ང་ལ་སེར་སྣ་དང་ཕངས་སེམས་འདྲེས་མའི་ཚོར་བ་ཞིག་རྒྱུན་མར་འབྱུང་།
ད་ལོ་ངེད་སློབ་གྲྭར་གདན་ཞུའི་དགེ་རྒན་མཁས་དང་མི་མཁས་མང་དག་ཅིག་ཕེབས་བྱུང་། དེ་དག་གི་ཁྲོད་ནས་ཁྲིན་ཆིན་དབྱིན་ཟེར་བའི་བོད་རིག་པའི་མཁས་པར་གྲགས་པ་དེའི་འཆད་ཁྲིད་ཀྱི་དབང་འོག་ལ་ཐེངས་གཅིག་སྒུར་བ་ཡིན། ཁོས་བོད་རིག་པའི་བྱུང་འཕེལ་བཤད་དུས་བོད་ཡིག་གི་ལོ་རྒྱུས་བསྟན་བཅོས་དག་རྒྱ་ཡིག་ལ་བསྒྱུར་བ་ནི་འཆར་གཞི་ཡོད་པ་དང་རྩ་འཛུགས་ཡོད་པའི་ངང་ནས་བསྒྲུབས་པ་ཞིག་ཡིན་ཚུལ་དང་། དམིགས་པ་གཙོ་བོ་དེ་བོད་ཡིག་མི་ཤེས་པའི་བོད་རིག་པ་ཞིབ་འཇུག་མཁན་དག་ལ་དཔྱད་གཞིར་བསྐྲུན་པ་ཡིན་ཟེར། ཁོས་དེ་ལྟར་དྲང་མོར་བཤད་པར་ང་རང་ཅུང་ཟད་ཧ་ལས་དགོས་པ་བྱུང་།
བོད་སྔ་རབས་པའི་ནང་ནས་ལོ་ཙཱ་བ་གྲངས་མེད་ཅིག་བྱོན་པ་རྣམས་ཀྱིས་རྒྱ་གར་རིག་གནས་གང་དེ་བོད་རང་གི་རིག་གནས་སུ་བསྒྱུར་པའི་དུས་ཡུན་རིང་མོའི་ནང་ལ་ཁོང་ཅག་གིས་དཀའ་ལས་སྐུ་ཚེགས་ལུས་སྲོག་ལོངས་སྤྱོད་གང་ཡང་ཐད་དུ་བོར་ནས་འབད་འབུངས་བགྱིས་པའི་འབྲས་བུར་རང་རེ་རྐུབ་སྟེགས་གཅིག་གི་སྒང་ལ་བསྡད་དེ་འཇལ་ཆོག་པའི་སྤྱི་ནོམ་འདི་བཞག་ཡོད་པ་རེད། (འདི་མ་གཏོགས་ང་ཚོར་གང་ཡང་མེད)འོན་ཀྱང་ཤེས་དགོས་པ་ཞིག་ནི་བོད་ཡིག་གི་བཀའ་བསྟན་རྣམས་རྒྱ་གར་གྱི་པཎྜི་ཏ་དག་གིས་རིན་མེད་དུ་བསྒྱུར་ནས་བོད་ལ་སྦྱིན་པ་ཞིག་ག་ནས་ཡིན་ཏེ། དོན་ལ་པཎྜི་ཏས་བསྒྱུར་པ་ནི་ཧ་ཅང་ཉུང་ངོ་།།
ཁ་སང་ངའི་དགེ་གྲོགས་ཤིག་གི་སྐད་འཕྲིན་སྔོག་དུས་རང་ཉིད་ཀྱི་ལོ་ཙཱའི་རྩ་དོན་ཟེར་བ་ཞིག་བྲིས་འདུག ནང་དོན་ནི་མདོར་ན“བོད་ཡིག་གི་བསྟན་བཅོས་རྒྱ་ཡིག་ལ་ནམ་ཡང་མི་བསྒྱུར། རྒྱ་ཡིག་གི་དཔེ་ཆ་བོད་ཡིག་ལ་བསྒྱུར་བར་འབད་རྒྱུ”ཟེར་བ་རེད། ཁོ་རང་ན་གཞོན་མཁས་པ་སྙན་གྲགས་ཡོད་པ་ཞིག་ཀྱང་ཡིན། རང་ཉིད་ལ་འདི་འདྲའི་རྩ་དོན་ཞིག་བཟོས་འདུག
དེ་བས། འདི་ནས་ཆགས་སྡང་གི་སྐད་ཆ་ཞིག་བཤད་འདོད་པ་ནི་བོད་ཀྱི་རིག་གནས་མི་རིགས་གཞན་གྱི་སྐད་ཡིག་ལ་བསྒྱུར་ཏེ་དེ་ལས་རང་སྒེར་གྱི་ཁེ་བཟང་ཟ་ལོབས་སུ་སོང་བ་ནི་ཕྱི་ཡིག་གི་ཕུ་ཐག་མི་ཆོད་པའི་བླ་སྤྲུལ་དང་དགེ་རྒན་ཆེན་མོའམ་ཡོན་ཏན་པ་རྒན་ཤོས་དག་ཡིན་ལ། ཕྱི་ཡིག་ལེགས་པར་སྦྱངས་པའི་ན་གཞོན་མཁས་པ་དག་གིས་ལས་ཀ་དེ་ཕལ་ཆེར་བྱེད་ཀྱི་མེད་པ་འདྲ།
བླ་སྤྲུལ་དང་རྒན་རབས་པ་ཕྱི་ཡིག་ཅུང་ཟད་ཙམ་ཤེས་མཁན་དག་ནི་རང་སྣང་གང་ཤར་ལ་གོམས་པ་དང་སྐྲག་མི་དགོས་སར་སྙིང་སྟོབས་ཆེ་བའི་རྐྱེན་གྱིས་ཁོང་ཚོར་ཁ་ཏ་སློབ་གསོ་གཏོང་མཁན་མེད་ཅིང་བཏང་ཡང་མཚོ་སྔོན་པོའི་ནང་ལ་རྡེའུ་འཕངས་པ་དང་གཉིས་སུ་མེད་དོ།།
དེའི་རྐྱེན་གྱིས་ན་གཞོན་དག་གིས་མནོ་བསམ་གཏོང་དགོས་པ་ཞིག་ནི་བོད་ཀྱི་རིག་གནས་གཞན་ལ་རིན་མེད་དུ་སྦྱིན་མཁན་དག་ནི(བོད་ཀྱི་རིག་གནས་མི་རིགས་གཞན་ལ་ངོ་སྤྲོད་བྱེད་པར་བརྩོན་པ་ཟེར་བ་སོགས་ནི་རང་མགོ་གཞན་མགོ་གཉིས་ཀ་གཡོགས་པའི་སྐད་ཆ་འབའ་ཞིག་གོ།)་ནམ་ཞིག་བོད་པའི་བླ་འཚོང་གི་ཉེས་མིང་འཁུར་མཁན་དུ་འགྱུར་ཡང་སྲིད་པས། རང་ཉིད་དེའི་ཟླ་ལ་ཞུགས་སམ་མི་ཞུགས་བརྟག་པར་འཚལ། དེ་ལ་རྒྱུ་མཚན་མང་ཡང་བྲིར་མི་ལང་། དོན་ལ་ཀུན་གྱིས་ཤེས་ཀྱང་ཤེས། འདིར་གསལ་འདེབས་ཙམ་ཞུས་པ་ཡིན།
༢༠༡༥ལོའི་ཟླ༡ཚེས༡༠ཉིན་ལ།
རྩོམ་ཁུངས། བཙན་པོ་ཚང་།
རྩོམ་འདིའི་སྦྲེལ་ཐག http://www.tsanpo.com/forum/7742.html
དེ་དེ་བཞིན་ནོ། འོན་ཀྱང་། དགྱ་དངུལ་དང་དབྱིན་དངུལ་གྱིས། བོད་བླ་ཆུང་ཆུང་ཚོ་དང་། མཁས་བར་རང་རློམ་ཚོ་ནི། རྟ་ཁ་གང་ལ་སྐོར་སྐོར་རེད།
ད་སྐད་ཆ་འདི་ཚོ་ནི་བཙན་བྱོལ་ནང་གི་ཕྱི་བླ་ཚོ་དང་བོད་ནང་གི་རྒྱ་བླ་ཚོར་དམིགས་ཡོད་པ་ནི་གསལ་པོ་རེད། ད་ཕྱི་རྒྱ་གཉིས་སུ་སྐད་གྲགས་ཡོད་པའི་བླ་མ་ནི་གོང་ས་མཆོག་ཡིན་པས། ཁོང་གིས་ཐིག་ཤིང་བཏབ་པ་ལྟ་བུའི་གསུང་ཞིག་བྱོན་རན་མེད་དམ།
ཡག་པོ་གསུངས་འདུག དེ་ག་རང་རེད། རིག་གནས་ནང་འདྲེན་བྱེད་མ་ཐུབ་ན་བོད་མི་རིགས་ཡར་རྒྱས་མི་འགྲོ་ལ་བོད་ཀྱི་སྐད་ཡིག་ག་ལུས་ཤི་འགྲོ་གི་རེད། དགོན་སྡེ་ལྷ་ཁང་ནང་དུ་རྒད་འགྲོ་གི་རེད།
ཁོང་གིས་ནང་དོན་རིག་པའི་གཞུང་མང་པོ་རྒྱ་ཡིག་ཏུ་བསྒྱུར་བཞིན་འདུག ཡིན་ནའང་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་པའི་དེབ་གཅིག་ཀྱང་མི་འདུག
འདི་ལ་རྒྱུ་མཚན་བཤད་དགོས་པ་ཞིག་གལ་ཆེ། ༢༠༠༦ ལོར་བདག་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སློབ་དཔོན་རྣམས་དང་། སློབ་གཉེར་པ་རྣམས་མཇལ་བའི་གོ་སྐབས་བཟང་པོ་བྱུང་། ལ་དྭགས་གཤམ་ཕྱོགས་སུ་བོད་མིང་ཚིག་དག་གི་འབོད་ཚུལ་ཞུས་པར་ཨ་བླ་དོར་ཞི་མཆོག་གིས་བོད་ཤར་ཕྱོགས་ལུང་པ་འགར་སྐྲ་ལ་སཀརའ་ཟེར་གསུངས་། སྐྲ་་ལ་བོད་ནུབ་ཕྱོགས་པ་ལ་དྭགས་པ་སོགས་ཀྱིས། སརའ་དང་། དབུས་གཙང་སོགས་ཤར་ཕྱོགས་པས། ཀརའ་སྟེ། ཊ་ཟེར།
ཨ་བླ་མཆོག་གིས་བོད་དཔེ་མང་པོ་རྒྱ་ནག་སྐད་དུ་སྒྱུར་བ་ནི། བོད་ཀྱི་རིག་གཞུང་དང་བོད་སྐད་ལ་རྒྱ་ནག་པ་དོན་གཉེར་ཡོད་པ་མང་པོ་ཡོད་པས་དེ་འདྲ་བྱུང་། རྒྱ་ནག་སྐད་དུ་ཡོད་པའི་དཔེ་ཆ་ཞིག་བོད་སྐད་དུ་བསྒྱུར་ན་ཡང་དོན་གཉེར་གྱིས་དཔེ་ཆ་ཀློག་པ་པོ་དཀོན། དཔེ་ཆ་ཀློག་པ་པོ་མེད་ན། དཔེ་ཆ་བླུ་ཡོན་ཞུ་མཁན་མེད། ངས་རྒྱ་ནག་སྐད་ནས་ཆོས་མངོན་པ་སོགས་བོད་སྐད་དུ་བསྒྱུར་གྲོགས་ཞུས་པས། སློབ་དཔོན་རྣམས་དགྱེས་ཚོར་ཆེན་པོས་བདག་ལ་ཟས་ཀྱི་དགའ་སྟོན་མཛད་པའི་བཀའ་དྲིན་ཡང་མཛད་དོ།
རྒྱ་ནག་སྐད་ནས་བོད་སྐད་དུ་སྒྱུར་མཁན་ལ་རྒྱ་རིགས་བློ་ལྡན་འགའ་ཞིག་གིས་སྦྱིན་བདག་གི་མཐུན་རྐྱེན་མཛད་པའི་གནས་ཚུལ་ཐོས། རྒྱ་སྐད་དང་བོད་ཆོས་སྐད་མཁྱེན་པ་དག་གིས་དེ་ལྟར་མཛད་པ་ལ་འབོད་སྐུལ་ཞུའོ།
གོང་གསལ་རྩོམ་ཡིག་དང་། རྒན་ལ་དྭགས་པ་སོགས་ཀྱི་གསུང་བར་རྒྱུ་མཚན་འདུག མི་རིགས་གཞན་གྱི་རིག་གཞུང་གི་ཉིང་ཁུ་རང་གི་རིག་གཞུང་གི་རྒྱན་དུ་ལེན་ནུས་ན། རིག་གཞུང་དེ་ཕྱུག་པོར་འགྲོ། ཟུར་ལྟའི་ཡི་རིགས་གཞན་མ་ཤེས་ཀྱང་ཆོག་པས་སྐད་ཡིག་ཀྱང་མི་ཉམ་པར་ཕན། དེ་རང་རང་སོ་སོའི་འབྲེལ་ཡོད་ཀྱི་རིག་གནས་ནས་མགོ་རྩོམ་དགོས་པར་སྣང་། དཔེར་ན་སྨན་པ་ཡིན་ན་སྨན་གྱི་་སྐོར་ནས་དབུ་འཛུག་དགོས། རང་རེ་ལ་ད་བར་ཕྱི་རྒྱལ་གྱི་འཛིན་སྐྱོང་ལམ་ལུགས། ཚོང་ལས། དྲིལ་སྦྲགས་ཀྱི་གཞུང་སོགས་ཆ་ཚང་ཞིག་མེད་པ་འདི་ལ་ཐུགས་ཁུར་ཆེ་བཞེས་གནང་བར་ཞུ། །རྒྱ་ནག་གི་རིག་གཞུང་རྙིང་པ་གཙུག་ལག་པོད་བཞི་སོགས་མགོ་ལོག་པ་མགོན་པོ་རྣམ་རྒྱལ་གྱིས་བསྒྱུར་ཟིན། སྒྲུང་གཏམ་ཆེན་པོ་བཞི་ཡང་མཁས་པ་དུ་མས་བསྒྱུར་ཟིན་པས་བོད་ཡིག་ཏུ་སྒྱུར་བའི་དཔེ་མི་འདུག་ཟེར་བའང་ཐལ་དྲག་པའི་གཏམ་དུ་ཟད་དོ། །