ཆབ་མདོ་ངག་ཕུན།
སྔོན་གླེང་ཐུང་ངུ་།
དེ་ཡང་གངས་རི་ར་བས་སྐོར་བའི་ཞིང་ཁམས། ཞེས་ཡོངས་སུ་གྲགས་པའི་གནས་མཆོག་འདི་ཉིད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ན། སྔོན་གྱི་ལོ་རྒྱུས་སྨྲ་པ་ཚོས་”བོད་ཀྱི་ཡུལ་འདི་ནི་རྒྱ་གར་དང་འདྲ་བར་ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིགས་པས་གནོད་པ་མེད་”ཅེས་སྡོམ་ཚིག་འདི་ལས་བོད་མི་རིགས་འདི་ག་དུས་བྱུང་བ་ཞིག་ཡིན་པ་རུབ་ཙམ་ཞིག་རྟོགས་ཐུབ་ཀྱི་འདུག་སྙམ། འགའ་ཤས་ཀྱིས་བོད་ཀྱི་ལོ་རྒྱུས་དངོས་ཡོད་དང་ཁྱོན་ནས་མི་མཐུན་པའི་ཁྱོག་བརྗོད་རྐྱང་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་ནས་རང་རེའི་ན་གཞོན་བློ་གསར་བ་རྣམས་ཀྱིས་གཞན་ཟེར་གྱི་རྗེས་སུ་མི་འབྲངས་ནས་བོད་ཀྱི་ཡིག་ཚང་ཁག་ལ་ཞིབ་གཟིགས་གནང་ནས་བལྟས་པ་ཡིན་ན། བོད་ཀྱི་ལོ་རྒྱུས་དངོས་ཡོད་གང་ཞིག་ཡིན་པ་གསལ་པོ་རྟོགས་ཐུབ་པ་དེ་རེད། ད་རེས་གུས་པའི་ལས་ཞོར་ལ་བོད་ཀྱི་ལོ་རྒྱུས་ཁག་ལ་གཞི་རྩར་བཟུང་ནས་“བོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཀུན་གསལ་མེ་ལོང་།”ཞེས་པའི་བྲིས་པ་ཞིག་ཡིན་ལ། གུས་པ་ལྟ་བུ་ཞིག་ལ་མཚོན་ན་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་དེ་འདྲ་ཞིག་གང་ཡང་མིན་ནའང་བོད་མི་རིགས་ཀྱི་གྲལ་མཐའ་སྐྱེས་ཤིང་འཚར་ལོངས་བྱུང་བ་ཡིན་པས་ཆ་ནས། བོད་ཀྱི་ལོ་རྒྱུས་འབྲི་བར་སྤྲོ་བ་བརྟས། དེ་བཞིན་རང་རེའི་ན་གཞོན་ན་གཞོན་ལས་དང་པོ་རྣམས་ལ་ཕན་ཐོགས་ཤིག་བྱུང་ན་བསམ་པ་ལས་གཞན་དམིགས་ཡུལ་གཉིས་པ་ཞིག་གང་ཡང་མེད། རང་རེའི་ན་གཞོན་རྣམས་ཀྱིས་སོ་སོའི་མི་རིགས་ཀྱི་འབྱུང་ཁུངས་གཞན་ལ་བཤད་རྒྱུ་ཡོད་པས་རྒྱལ་རབས་ལོ་རྒྱུས་ཁག་ལ་ཡང་ཡང་གཟིགས་གནང་རྒྱུ་དེ་ནི་ཧ་ཅང་གལ་ཆེའི་གནད་དོན་ཞིག་རེད་འདུག་སྙམ། ལྷག་དོན་བོད་ཀྱི་ལོ་རྒྱུས་ལ་ཁག་ལ་གཞི་རྩར་འཛིན་ནས་སྒྲིག་ཡོད་ན་དེ་དོན་ཀློག་པ་པོ་རྣམས་ཀྱིས་མཁྱེན་པར་མཛོད།
བོད་ཀྱི་ལོ་རྒྱུས་སྙིང་བསྡུས་ཀུན་གསལ་མེ་ལོང་།
དེ་ཡང་བོད་རྒྱལ་ཁབ་ཆེན་པོའི་སྣོད་བཅུད་ཆགས་ཚུལ་ནི། དཀོན་མཆོག་འབངས་ཀྱི་སྐྱེས་རབས་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད།། རི་མཐོན་པོ་གནམ་གྱི་ཀ་བ་ཡོད།། མཚོ་དམའ་པོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད།། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད།། དྲི་ཞིམ་པ་སྨན་གྱི་བདུག་སྤོས་ཡོད།། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད།། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད།། ཀྱེ་གངས་རི་མགོན་པོ་སྤྱན་རས་གཟིགས།། གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད།། ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད།། ཅེས་དང་། ཡང་བོད་ཀྱི་སྲིད་དོན་རྒྱལ་རབས་ལས།༡༨ སྟོད་མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་དང་འདྲ། སྨད་མདོ་ཁམས་སྒང་དྲུག་ཞིང་དང་འདྲ་ཞེས་ལོ་རྒྱུས་ཁག་ཏུ་གསལ་བ་ལྟར་བོད་ཀྱི་ས་ཆ་ནི་དང་ཐོག་མཚོ་ཡིན་པ་དང་། རིམ་གྱིས་མཚོ་རྣམས་བྲེ་ནས་རི་བོ་དང་རྩི་ཤིང་ནགས་ཚལ་བྱུང་། དེ་ཡང་བོད་ཀྱི་རྒྱལ་རབས་དོན་བསྡུས་ལས།༡ བོད་ཁམས་འདིར་འགྲོ་བ་མིའི་རིགས་མ་བྱུང་བའི་སྔོན་རིང་མོ་ཞིག་ཏུ། རི་ལུང་ཐམས་ཅད་ཆུས་གང་ནས་ཡོད་པར་བཤད། དེ་རྗེས་ཆུ་འཁྱིལ་སའི་ཡོལ་གོ་རྣམས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་གྱིས་རྩི་ཤིང་ནགས་ཚལ་རྒྱས། དེ་ནས་རིམ་གྱིས་སྲོག་ཆགས་དག་འཕེལ་ཞིང་འགྱུར་བ་ཡིན། ཞེས་དང་། ཡུལ་དེར་གནས་པའི་རི་དྭགས་འདྲ་མིན་སྣ་ཚོགས་འཕེལ་རྒྱས་དང་རི་དྭགས་དེ་དག་ལ་འཕོ་འགྱུར་སྣ་ཚོགས་བྱུང་ཞིང་། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་མང་དུ་འཕེལ་ནས་རིམ་གྱིས་མིའི་འགྲོ་བ་བྱུང་བར་གྲགས།
དེ་ཡང་རྒྱལ་པོ་ཐང་ཡིག་དང་། ཀ་ཁོལ་མ། མ་ཎི་བཀའ་འབུམ་སོགས་ལས་སྤྲེའུ་དང་བྲག་སྲིན་འདུས་པ་ལས་ལྗོངས་འདིར་བོད་མིའི་འགྲོ་བ་བྱུང་ཚུལ་ནི། ཆེས་གནའ་སྔ་མོར་ཡུལ་དབུས་གཙང་གི་ཕྱོགས་སུ་སྤྲ་དང་སྤྲེའུ་གང་བའི་དུས་ཤིག་ཏུ་ལྷོ་ཁ་སྣེ་གདོང་གི་ཕྱོགས་ཀྱི་བྲག་མགོན་པོ་རི་ལ་གནས་པའི་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་མང་དུ་འཕེལ་ཞིང་། དེ་དག་རིམ་གྱིས་མིར་གྱུར་པའི་རྒྱུད་ལས་བོད་མི་འཕེལ་བར་གྲགས། སྤྲེའུ་ཕྲུག་རྣམས་ནགས་ཚལ་དུ་གནས་ཏེ་ཤིང་ཏོག་གི་འཚོ་བ་བྱས་ནས་བསྡད་པས་མང་དུ་འཕེལ། བར་སྐབས་ཤིག་ནས་གཞུང་གི་ཆུ་རྣམས་བཞུར་བའི་ཤུལ་དུ་སྤང་གཞོང་ས་རྒྱ་ཆེན་པོ་བྱུང་། སྤང་གཞོངས་དེ་དག་ཏུ་ནས་དང་། གྲོ། སྲན་མ། བྲ་བོ། སོ་བ་རྣམས་རྒོད་སྐྱེས་ཀྱི་འབྲུ་རིགས་འཁྲུངས་པ་ལ་མ་རྨོས་པའི་ལོ་ཏོག་ཟེར། སྤྲེའུ་རྣམས་སྤང་གཞོངས་སུ་འོངས་ནས་རྒོད་སྐྱེས་ཀྱི་འབྲུ་རིགས་རྣམས་ལ་ལོངས་སྤྱད། རིམ་གྱིས་སྤུ་ཇེ་ཐུང་དང་རྔ་མ་ཡང་ཇེ་ཐུང་ལ་སོང་བ་དང་ཆབས་ཅིག་རིག་པའི་འཆར་སྒོ་ཡང་ཇེ་ཆེར་གྱུར།
སྐབས་ཤིག་ནས་རྔ་མ་མེད་ཅིང་ལུས་ཀྱི་སྤུ་ཡང་བྱི་ནས་མིའི་རིགས་སུ་གྱུར། ཡང་རྩེ་ཐང་མགོན་པོ་རི་ནི་སྤྲེའུ་དེ་དག་གནས་ཡུལ་གྱི་རི་ནགས་ཚལ་སྟུག་པོ་ཅན་ཡིན་པ་དང་། རྩེད་ཐང་ཞེས་པའི་ས་ཆ་དེ་ནི་སྤྲེའུ་ཕྲུག་རྣམས་ཐང་དུ་བབས་ནས་རྩེད་ས་ཡིན་པས་ན་རྩེད་ཐང་ཞེས་གྲགས་པ་དང་། ཐང་དེའི་ས་ཞིང་ནི་སྤྲེའུ་རྣམས་ཀྱིས་ས་བོན་བཏབ་སྟེ་འབྲུ་རིགས་སྐྱེས་ཡོད་སྐབས། ཕན་ཚུན་དབར་ཟོ་དང་ཞེས་མིའི་སྐད་སྨྲ་ཤེས་པར་གྱུར་པས་ཞིང་དེ་དག་ལ་ཟོ་དང་ཞིང་དུ་འབོད་པར་གྲགས། ཞིང་ལ་སྔ་བ་ཟོ་དང་ཞིང་དང་། ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས་གྲགས་པར་གྱུར་རོ། སྤྲེའུ་རྣམས་རིམ་གྱིས་བོད་ཀྱི་མི་རིགས་འཕེལ་རྒྱས་བྱུང་ཚུལ་དེ་དང་དེང་སྐབས་འཛམ་གླིང་གི་མཚན་རིག་པ་ཚོས་མི་རིགས་བྱུང་སྟངས་སྐོར་བཤད་ཚུལ་དང་མཐུན་གྱི་ཡོད་པ་རེད།
དེ་ཡང་ཀོང་པོ་ལོ་རྒྱུས་ལས། “ལོ་ས་ཡ་གཉིས་ཙམ་ནས་འཛམ་གླིང་དུ་སྤྲ་དང་སྤྲེའུའི་རིགས་ཚན་ནས་མིའི་རིགས་བྱུང་ལུགས་བཤད་པ་དེ་དང་བོད་མི་རང་ཉིད་ཀྱི་མེས་པོ་སྤྲེའུ་དང་བྲག་སྲིན་ཡིན་པའི་ཤོད་སྲོལ་གཉིས་གཅིག་མཚུངས་ལྟ་བུ་སྣང་”ཞེས་དང། བོད་མི་རིགས་ཀྱི་མེས་པོ་སྟེ། སེ་དང་། རྨུ། སྟོང་སྡོང། དབྲ། འབྲུ་བཅས་མིའུ་གདོང་དྲུག་བྱུང་བར་གྲགས། རྒྱལ་རབས་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལས།༡༡ བོད་ཡུལ་འདིའང་རྒྱ་གར་དང་འདྲ་བར། ཡུལ་དང་མི་ལ་སོགས་པ་གནས་པའི་བསྐལ་པ་ནས་བྱུང་བར་བྱས་ན་ཡང་། ལུང་དང་རིགས་པའི་གནོད་པ་མེད་ཅིང་ཞེས་སྤྱི་ཁྱབ་ཏུ་གསུངས་ནས་ཞེས་གསུང་པ་ལྟར་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཀྱང་ཡིན་པ་རེད།
དེ་ཡང་ང་ཚོའི་ཕ་ཡུལ་བོད་ཅེས་པ་ལས།༩༤ ཆབ་མདོ་རྫོང་གི་ལྷོ་ཤར་ཀི་ལོ་མི་ཊར་ ༡༢ ཙམ་གྱི་སར་ཡོད། རྒྱ་མཚོ་ངོས་མཐོ་ཚད་མི་ཊར་ ༣༡༠༠ ཕྱི་ལོ་ ༡༩༧༧ ལོར་ཐོག་མར་རྙེད་ཅིང་ད་བར་ལོ་ངོ་ ༥༥༥༠ ནས་ ༤༡༠༠ བར་གྱི་ལོ་རྒྱུས་ལྡན། སྤྱིའི་རྒྱ་ཁྱོན་ཀི་ལོ་མེ་ཊར་ ༡༠ ཙམ་ཡོད་ཅིང་། ས་གནས་དེར་ཁང་ཁུལ་ ༢༨ དང་། རྡོ་ཆས་ ༧༦༩༦ རུས་ཆས་ ༣༦༦ རྫས་ཆས་དུམ་བུ་ ༢༠༠༠ ལྷག །རྒྱན་ཆས་ ༥༠ སོགས་རྙེད་སོན་བྱུང་ཡོད་སྐད། གནའ་ཤུལ་དངོས་རྫས་འདི་དག་ལས། རྡོ་ཆས་རྙིང་མའི་དུས་སྐབས་ནས་ས་འདིར་བོད་མི་འཚོ་སྡོད་བྱས་ཡོད་ཚུལ་ཤེས་རྟོགས་ཐུབ་པ་ཡིན། ཞེས་སོགས་འཁོད་དོན་ལྟར་རེད།
རིམ་པའི་ཁོ་ཚོ་བློ་རིགས་སོགས་གང་ཅི་ཐད་ནས་འཕེལ་རྒྱས་ཕྱིན་ནས་ལུས་ལ་ཤིང་ལོ་གྱོན་པ་དང་། ཟས་སུ་ཤིང་འབྲས་ཟ་བ་སོགས་ཀྱི་འཚོ་སྡོད་བྱེད་ཀྱི་ཡོད། དེ་ནས་རིམ་གྱིས་མི་རིགས་འཕེལ་རྒྱས་གོང་འཕེལ་དུ་གྱུར་ནས་རྗེ་དང་འབངས་ཀྱི་ཐ་སྙད་བྱུང་བ་དང་། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་། གཉའ་ཁྲི་བཙན་པོ་བྱུང་སྟངས་ལ་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བཞེད་པ་མི་མཐུན་པ་འགའ་ཤས་མཆིས་ཤིང་། དེ་ཡང་བོན་ལུགས་ཀྱི་གནམ་རིམ་པ་བཅུ་གསུམ་ནས་ཐུགས་རྗེས་ས་སྟེང་དུ་གཤེགས་ནས་མི་རྗེ་མཛད་ཅེས་དང་། ཡང་འཇམ་དཔལ་རྩ་རྒྱུད་ལས་མང་བཀུར་གྱི་གདུང་རྒྱུད་ཤཱཀྱའི་རིགས་ལས་ཆད་ཚུལ་དང་། རྒྱ་ནག་པ་རྣམས་ཀྱིས་ཕན་ཡུལ་གྱི་མི་རྒྱུད་ཡིན་པ་བཤད་ཅིང་། བོད་པའི་ལོ་རྒྱུས་སྨྲ་བ་འགའ་རེས་སྤོ་བོའི་ཡུལ་ནས་ཕེབས་ཏེ། ཡར་ཀླུང་དུ་ཕེབས་ནས་ཚོ་བཅུ་གཉིས་ཀྱིས་རྗེ་བོར་བཀུར། གཉའ་བ་ཁྲི་བྱས་ཏེ་འཁུར་བ་ལ་རྗེ་ཡི་མཚན་ལ་གཉའ་ཁྲི་བཙན་པོ་ཐོག་པར་གྲགས།
དེ་ཡང་རྒྱལ་རབས་རྫོགས་ལྡན་གཞོན་ནུ་དགའ་སྟོན་ལས།༡༤ “ཁྱད་པར་འགྲོ་བ་ཡོངས་ལ་དབང་བསྒྱུར་བའི་རྒྱལ་པོ་མེད་ན། རྒྱལ་བའི་བསྟན་པ་འབྱུང་དཀའ་བ་དགོངས་ནས། མང་པོས་བསྒྱུར་བའི་རྒྱུད་ལས་བྱུང་བའི་རྒྱལ་པོ་དམག་བརྒྱ་པ་ཞེས་བྱ་བ་ལས་སྲས་འཕགས་པས་བྱིན་རླབས་ཀྱི་བྱེད་པས་མི་ལས་འདས་པ་ཞིག་བལྟས་ཆེ་མིག་ལས་འགྲིགས་སུ་ཡོད་པ། གཡུའི་སྨིན་པ་ཅན་སོ་དུང་སོ་འཁོར་བར་ཡོད་པ། ལག་པ་འཁོར་ལོའི་ལན་ལག་ཅན་ལྟ་བུ་ཡོད་པ་”ཞེས་དང་། ཡང་”ཡབ་ཀྱིས་ལྷ་སྲིན་སྤྲུལ་པར་དགོངས་ནས་སྤྲུགས་པས། པད་དཀར་འཛིན་པའི་ཡེ་ཤེས་མཆོག་གི་འོད་ཟེར་གྱི་སྣང་བ་བསྒྱུར་ནས། ལྷ་ནི་བྱང་ཐོའི་རྩ་ལ་བྱོན་ནས་གཟིགས་པས་བོན་པོ་ཡོན་ཏན་བཅུ་གཉིས་ཀྱི་ཕྱུགས་སྐྱོང་བས་མཐོང་སྟེ་གང་ནས་འོང་ཞེས་གཏམ་དྲིས། མཁའ་ལ་མཛུབ་མོ་ཀེར་བས་ལྷ་ལས་ཆད་པར་གོ་ནས་བོད་ཁམས་ཀྱི་རྗེར་འོས་སོ་”ཞེས་དང་། འདོད་ཚུལ་གཞན་པ་ནི་ཀོང་པོ་ལོ་རྒྱུས་ལས། “བོད་རྗེ་ཐོག་མཉའ་ཁྲི་བཙན་པོ་ནི་ཡབ་ལྷ་བདག་དྲུག་དང་ཡུམ་སྤུ་མོ་བྱ་མོ་བཙུན་གཉིས་ཀྱི་སྲས་སུ་ཀོང་པོ་ཡུལ་དུ་འཁྲུངས།
སྤྱི་ལོ་སྔོན་ལོ་ ༡༢༧ ལོར་ཡར་ཀླུང་ཕྱོགས་སུ་བྱོན་ནས་བོད་ཀྱི་རྒྱལ་པོ་ཐོག་མ་བྱེད་པ་རྗེས་ལ་སྔ་བ་གཉའ་ཁྲི་བཙན་པོར་གྲགས་བྱུང་། མཁར་ལ་སྔ་བ་ཡུམ་བུ་བླ་སྒང་བརྩེགས་”ཞེས་སོགས་བཞེད། གང་ལྟར་བོད་ཀྱི་རྒྱལ་པོ་ཐོག་གཉའ་ཁྲི་བཙན་པོ་དང་། མཁར་གྱི་ཐོག་མ་ཡུམ་བུ་བརླ་སྒང་ཡིན་པ་གཅིག་འགྱུར་ངོས་འཛིན་བྱེད་ཅིང་། གཉའ་ཁྲིས་ཉེ་ཁོར་གྱི་རྒྱལ་ཕྲན་འགའ་ཤས་དབང་དུ་བསྡུས་ནས་ཆབ་འབངས་སུ་བཅུགས། གཉའ་ཁྲི་ནས་ཁྲི་ཐོག་རྗེ་བཙན་གྱི་བར། གནམ་གྱི་ཁྲི་བདུན། སྟོད་ཀྱི་སྟེང་གཉིས། བར་གྱི་ལེགས་དྲུག་ས་ལ་ལྡེ་བརྒྱད། ཚིགས་ཀྱི་བཙན་ལྔ་བཙན་བཅས་གདུང་རབས་ཉེར་བརྒྱད་བྱུང་བར་གྲགས་ཤིང་། དེ་ཡང་བོད་རྒྱ་ཚིག་མཛོད་ཆེ་མོ་ལས། ༣༡༩༦ “བཙན་བཞི་པ་རྗེ་ཐོག་བར་རྒྱལ་རབས་ཉི་ཤུ་རྩ་བདུན་གྱིས་ཆབ་སྲིད་ལོ་སུམ་བརྒྱ་བརྒྱད་ཅུ་ཐམ་པ་དང་། ཡང་བཙན་ལྔ་པ་ཐོ་ཐོ་རི་གཉན་བཙན་ནས་དར་མ་འུ་དུམ་བཙན་བར་རྒྱལ་རབས་བཅུ་གཅིག་གིས་ཆབ་སྲིད་ལོ་ཉིས་བརྒྱ་དོན་བདུན་དང་། བོད་སིལ་བུར་གནས་པའི་དུས་ཡུན་ལོ་སུམ་བརྒྱ་ཞེ་བདུན། དེ་ནས་ས་སྐྱའི་དཔོན་རབས་ཉི་ཤུས་ཆབ་སྲིད་ལོ་དགུ་བཅུ་གོ་དྲུག་དང་། ཕག་གྲུ་ཁྲི་རབས་བཅུ་གཉིས་ཀྱིས་ལོ་བརྒྱད་ཅུ་གྱ་དྲུག་དང་། རིན་སྤུངས་པའི་མི་ཐོག་བཞིས་ཆབ་སྲིད་ལོ་བརྒྱ་དང་སུམ་ཅུ། སྡེ་པ་གཙང་པ་མི་ཐོག་གསུམ་གྱིས་ཆབ་སྲིད་ལོ་བདུན་ཅུ་དོན་དྲུག་དང་། དགའ་ལྡན་ཕོ་བྲང་པས་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ནས་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོའི་བར་སྲིད་བསྐྱངས།” གང་ལྟར་འཁྲུངས་འདས་སོགས་བཞེད་པ་མི་མཐུན་པ་དུ་མ་ཞིག་མཆིས་ན་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དཔྱད་པར་མཛོད། ཞེས་གསལ་འདུག་ཅིང་། བོད་ཀྱི་བཙན་པོ་རྣམས་ཀྱི་མཚན་ནི་རིམ་བཞིན་བཀོད་པར་བྱའོ། །
བོད་ཀྱི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སུ་གྲགས་པ་ནི།
༡༽ མཆིམས་ཡུལ་གྲུ་བུལ། མཆིམས་རྗེ་གུ་ཡོང་། བློན་སྣང་དང་དིང་།
༢༽ ཞང་ཞུང་ཡུལ། རྒྱལ་པོ་མིག་སྙ་བུ། བློན་པོ་སྨ་དང་སང་།
༣༽ མྱང་རོ་ཁྱོད་དཀར། གཙང་རྗེ་ཐོང་དཀར། བློན་པོ་གནང་།
༤༽ གནུབས་ཡུལ་གླིང་། སྣུབས་རྗེ་དམིགས་པ། བློན་པོ་རྨེའུ་དང་འབྲོ།
༥༽ ཐང་རོ་ཤམ་པོ། རྔམ་རྗེ་འབྲོམ། བློན་པོ་སུ་གཉིས།
༦༽ ཀྱི་རི་ལྗོན་སྔོན། ཀྱི་རི་རྨང་པོ། བློན་པོ་ངམ་དང་འབྲོ།
༧༽ ངམ་ཤོང་ཁྲ་སྣ། ཟིང་རྗེ་ཁྲི་འཕྲང་གསུམ། བློན་པོ་མགར་དང་གཉན།
༨༽ འོལ་ཐང་མཁར། ཟིང་རྗེ་ཐོན་ཕྲེང། བློན་པོ་རྔོག་དང་སྦས།
༩༽ ཀྲི་ཤས་རོལ་མོ་གོང་། བྲང་རྗེ་གོང་ནམ། བློན་པོ་སྤྲད་དང་ཞུགས།
༡༠༽ ཀོང་ཡུལ་བྲེ་སྣ། ཀོང་རྗེ་དཀར་པོ་ཏུག། བློན་པོ་མཁར་བ།
༡༡༽ ཉང་ཡུལ་རྣམ་གསུམ། ཉང་བཙུན་གླང་རྒྱལ། བློན་པོ་བུག་དང་ངོ་རྗེ།
༡༢༽ དྭགས་ཡུལ་གྲུ་བཞི། དྭགས་རྗེ་མང་པོ་རྒྱལ། བློན་པོ་རླངས་སྐམ་གཉིས།
བཙན་པོ་གོང་དུ་རྒྱལ་ཕྲན་སིམ་མ་བཅུ་གཉིས་དང་། དེ་རྗེས་རྒྱལ་ཕྲན་སིམ་མ་བཞི་བཅུར་གྱུར་ཞེས་པའི་དེབ་ཐེར་འགའ་ཤས་ནང་གསལ་ཡང་། རྒྱལ་ཕྲན་སིམ་མ་བཞི་བཅུ་མིང་ནི་མ་རྙེད་ཅེས་གསལ་ལོ།
པུར་རྒྱལ་བོད་ཀྱི་བཙན་པོ་རིམ་བྱོན་གྱི་མཚན་གཞུང་ཁག་ནི།
༡༽ གཉའ་ཁྲི་བཙན་པོ། འདིའི་སྲས།
༢༽ མུ་ཁྲི་བཙན་པོ། འདིའི་སྲས།
༣༽ དེང་ཁྲི་བཙན་པོ། འདིའི་སྲས།
༤༽ སོ་ཁྲི་བཙན་པོ། འདིའི་སྲས།
༥༽མེར་ཁྲི་བཙན་པོ། འདིའི་སྲས།
༦༽ གདགས་ཁྲི་བཙན་པོ། འདིའི་སྲས།
༧༽སྲིབ་ཁྲི་བཙན་པོ་སྟེ་གནམ་གྱི་ཁྲི་བདུན་ཟེར།
དེ་ཡང་རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་འདིའི་བར་གྱི་བཙན་པོ་རྣམས་ལ་གནམ་གྱི་ཁྲི་བདུན་ཞུ་བ་ཡིན། གྲི་གུམ་བཙན་པོ་ནི་རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་ཐ་མ་སྲིབ་ཁྲི་བཙན་པོའི་སྲས་སུ་འཁྲུངས། སྐུ་ནར་སོན་པ་ན་ཐུགས་ལ་གདོན་ཞུགས་ནས་བློན་པོ་ལོ་ངམ་དང་འཐབ་པ་ན་རྒྱལ་པོ་བཀྲོངས་ཏེ་བློན་པོས་རྒྱལ་ས་བཟུང་། ལྷ་གཅིག་རང་ཉིད་ཀྱི་ཆུང་མར་བསྒྱུར་པ་གྲགས། གྲི་གུམ་གྱི་སྲས་ཤ་ཁྲི་དང་། བྱ་ཁྲི། ཉ་ཁྲི་གསུམ་ཀོང་པོ་དང་སྤོ་བོ་ཡུལ་དུ་བྲོས། ཕྱིས་བློན་པོ་རུ་ལས་སྐྱེས་ཀྱིས་ངོ་ལོག་སྟེ་ལོ་ངམ་འཁོར་བཅས་བཏུལ་ནས་སྲས་བྱ་ཁྲི་སྤོ་བོ་ནས་གདན་དྲངས་ཏེ་རྒྱལ་ས་བཀོད། དེའི་མཚན་ལ་པུ་དེ་གུང་རྒྱལ་གྲགས། རྒྱལ་པོ་དེའི་དུས་ཤིང་མེར་བསྲེགས་ནས་སོལ་བ་བཟོས་ནས་རྡོ་བཞུས་ཏེ་གསེར་དངུལ་ཟང་ལྕགས་བྱུང་སོགས་བཏོན། མཐོང་གཤོལ་དང་གཉའ་ཤིང་བཟོས་ཏེ་སྤང་ཐང་རྨོས་པས་རྨོས་པའི་ལོ་ཏོག་དང་པོ་དེ་ནས་བྱུང་བར་གྲགས། ཆུ་ལ་ཟམ་པ་བཙུགས་པ་མཛད་པ་སོགས་བྱས་པས་འཕྲུལ་བློན་མཛངས་པའི་མི་བདུན་གྱི་དང་པོ་ཡིན་པར་གྲགས་སོ།
གྲི་གུམ་བཙན་པོ་དང་། པུ་དེ་གུང་རྒྱལ་ཏེ་སྟོད་ཀྱི་སྟེང་གཉིས་ཡིན།
ལེགས་དྲུག་ནི་སྟོད་ཀྱི་སྟེངས་གཉིས་ཀྱི་ཐ་མ་སྤུ་དེ་གུང་རྒྱལ་གྱི་སྲས་བཅས་ཡིན།
༡༽ ཨེ་སོ་ལེགས། འདིའི་སྲས།
༢༽ དེ་ཤོ་ལེགས། འདིའི་སྲས།
༣༽ ཐེ་ཤོ་ལེགས། འདིའི་སྲས།
༤༽ གོང་རུ་ལེགས། འདིའི་སྲས།
༥༽ འབྲོང་ཞེར་ལེགས། འདིའི་སྲས།
༦༽ ཨི་ཤོ་ལེགས་ཏེ་རྒྱལ་པོ་འདི་རྣམས་ཡིན།
རྒྱལ་པོ་དེ་དག་སོ་སོ་བཞུགས་ཡུལ་གྱི་སྐུ་འཁར་ཕོ་བྲང་རེ་ཡང་བཞེངས་པའི་ལོ་རྒྱུས་ཡོད་པར་གྲགས། ཨི་ཤོ་ལེགས་ཀྱི་བློན་པོ་མགོ་དཀར་གྱིས་ཞིང་ལ་དོར་ཁ་བརྩི་བ་དང་། འབྲོག་ལ་ཐུལ་རྩེས། ཕུ་ཆུ་ཡུར་བུར་དྲངས་ཏེ་མདའ་རུ་ཆུ་མ་རྨོ་བའི་སྲོལ་སོགས་བཏོད་པར་གྲགས།
བཙན་པོ་ལྡེ་བརྒྱད་ནི།
༡༽ ཟ་ནམ་ཟིན་ལྡེ། འདིའི་སྲས།
༢༽ ལྡེ་འཕྲུལ་ནམ་གཞུང་བཙན། འདིའི་སྲས།
༣༽ སེ་སྣོལ་ནམ་ལྡེ། འདིའི་སྲས།
༤༽ སེ་སྣོལ་པོ་ལྡེ། འདིའི་སྲས།
༥༽ ལྡེ་སྣོལ་ནམ། འདིའི་སྲས།
༦༽ ལྡེ་སྣོན་པོ། འདིའི་སྲས།
༧༽ ལྡེ་རྒྱལ་པོ། འདིའི་སྲས།
༨༽ ལྡེ་སྤྲིན་བཙན་བཅས་བཙན་པོ་འདི་རྣམས་ལ་ས་ལ་ལྡེ་བརྒྱད་དུ་གྲགས།
འདི་ཡན་གྱི་བཙུན་མོ་རྣམས་ཀླུའི་བུ་མོ་འབའ་ཞིག་ཡིན་པས་གྲོངས་པའི་ཚེ་པུར་མ་བྱུང་ཞེས་གཏམ་རྒྱུད་དུ་གྲགས།
༡༽ རྒྱལ་པོ་ཏོ་རེ་ལོང་བཙན། འདིའི་སྲས།
༢༽ ཁྲི་བཙན་ནམ། འདིའི་སྲས།
༣༽ ཁྲི་སྒྲ་སྦྱངས་བཙན། འདིའི་སྲས།
༤༽ ཁྲི་རྗེ་ཐོག་བཙན། འདིའི་སྲས།
༥༽ ལྷ་ཐོ་ཐོ་རི་གཉན་བཙན་བཅས་བྱུང་ཞིང་།
དེ་རིང་ལ་བོད་ཀྱི་ཆབ་སྲིད་ནི་སྒྲུང་དང་། ལྡེའུ། བོན་གསུམ་གྱི་བསྐྱངས་པར་གྲགས། ཕྱི་ལོ་ ༣༧༤ ལོར་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་འཁྲུངས་ཤིང་། ཁོང་དགུང་ལོ་དྲུག་ཅུ་སོན་པ་དང་། ཆུ་ལོ་བྱ་ཕྱི་ལོ་ ༤༣༣ ལོར་རྒྱལ་པོ་ཕོ་བྲང་ཡུམ་བུ་བརླ་སྒང་གི་ཡང་ཐོག་ཕེབས་ནས་བཞུགས་སྐབས་མདོ་སྡེ་སྤང་དཀོང་ཕྱག་པ། གསེར་གྱི་མཆོད་རྟེན། མདོ་སྡེ་ཟ་མ་ཏོག་གི་སྙིང་པོ་དྲུག་སོགས་ཕབ་ནས་མི་ཐོག་ལྔའི་རྗེས་དེའི་དོན་ཤེས་པ་འབྱུང་བའི་ལུང་བསྟན་སྒྲ་གནམ་མཁའ་བསྒྲགས་པས། དེའི་དོན་མ་ཤེས་ངོ་མཚར་དུ་བཟུང་ནས། ཕོ་བྲང་གི་སྐོར་ཁང་བཞུགས་ནས། མིང་ལ་གཉན་པོ་གསང་བ་བཏགས་ནས་མཆོད་པ་དང་གསོལ་བའི་མཐུས་ཁོང་དགུང་ལོ་བརྒྱད་ཅུ་ཕེབས་ཀྱང་སླར་ན་ཚོད་དར་ལ་བབ་པའི་ལང་ཚོར་ལྟར་ལ་མཚན་ལ་གྱུར་ཞེས་སོགས་བྱུང་བས་ཡ་མཚན་ལ་རྩིས་ནས་གཅེས་ཉར་མཛད། བཙན་པོ་འདིའི་དུས་སུ་གསོ་རིག་དར་རྒྱས་ཆེ་ཙམ་བྱུང་སྐད།
དེ་ཡང་རྒྱལ་རབས་གསལ་བའི་མེ་ལོང་ལས། “བཙན་པོ་འདིའི་དུས་ལ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་གསོ་རིག་དར་རྒྱས་ཆེ་བ་བྱུང་། དེ་ཡང་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་རྟགས་མཚན་གཙོ་བོ་ནི་བོད་ཆུ་སྤྲུལ་(སྤྱི་ལོ་ ༣༣༣ )ལོར་བཙན་པ་ཉིད་ཡུམ་བུ་བླ་སྒང་གི་རྩེ་ལ་བཞུགས་པ་ན། པཎྚི་བློ་སེམས་འཚོ་དང་ལོ་ཙཱ་བ་ལི་ཐི་སེ་རྣམ་པ་གཉིས་ཀྱིས་མདོ་སྡེ་ཟ་མ་ཏོག་དང་། སྙིང་པོ་ཡི་གེ་དྲུག་མ། སྤང་སྐོང་ཕྱག་བརྒྱ་བ། གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཙིདྡྷ་མ་ཎིའི་བརྐོས་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་གདན་དྲངས་པ་བཙན་པོས་དོན་གྱི་ཕུགས་མ་རྟོགས་ཀྱང་དེ་རྣམས་ངོ་མཚར་ཆེ་བར་དགོངས་ཏེ། མཚན་ལ་གཉན་པོ་གསང་བ་”ཞེས་གསོལ་ནས་ཕོ་བྲང་ཡུམ་བུ་བླ་སྒང་དུ་བཞུགས་སོ་གསོལ། ཞེས་དང་དུས་སྐབས་དེར་བོད་ལ་དམ་པའི་ཆོས་ཀྱི་དབུས་བརྙེས་པར་གྲགས།
བར་གྱི་སྟེངས་གསུམ་ནི།
༡༽ ཁྲི་གཉའ་གཟུང་བཙན་དང་། འདིའི་སྲས།
༢༽ འབྲོང་གཉན་ལྡེའུ། འདིའི་སྲས།
༣༽ སྟག་རི་གཉན་གཟིགས་བཅས་རིམ་པར་བྱོན་པའོ།
དེ་ཡང་སྟག་རི་གཉན་གཟིགས་ཐོག་མར་འཁྲུངས་ཡུལ་དུས་སྤྱན་གྱི་མཐོང་གི་མེད་པས། རྗེས་སུ་གཉན་པོ་གསང་བར་མཆོད་པ་བྱས་པའི་བྱིན་རླབས་དང་། དེ་བཞིན་དུ་སྨན་སྦྱོར་བྱས་པ་སོགས་ལ་བརྟེན་ནས་མིག་གི་མཐོང་བ་བྱུང་ནས་རྒྱལ་སྲིད་བཟུང་། བན་པ་རྗེ་དང་། འ་ཞ་རྗེ། དྲང་ག་རྗེ་སོགས་རྒྱལ་ཕྲན་འགའ་ཤས་དབང་དུ་བསྡུས། དེ་ཡང་རྒྱལ་རབས་ལོ་རྒྱུས་དོན་བསྡུས་ལས།༦ འབྲོང་གཉན་ལྡེ་རུ་དང་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་ངན་བུ་མཚོ་གཉིས་ཀྱི་སྲས་ནི་དབུས་ལོང་དཀོན་པ་བཀྲ་ཞེས་པ་ཡིན། དེས་འོལ་གོང་བཟའ་སྟོན་བཙུན་འགྲོ་དཀར་ཞེས་པ་ཁབ་ཏུ་བཞེས། དེ་ནས་ཡབ་ཀྱི་ཞལ་ཆེམས་བཞིན་འ་ཞའི་ཡུལ་གྱི་སྨན་པ་སྤྱན་དྲངས་ཏེ་སྨན་བཅོས་བྱས་པས་མིག་ཕྱེ་སྟེ་སྐྱིད་ཤོད་སྟག་མོ་རི་ལ་རི་དྭགས་གཉན་འགྲོ་བ་གཟིགས་ཐུབ་པ་བྱུང་བ་ན། མཚན་ཡང་སྟག་རི་གཉན་གཟིགས་སུ་ཐོགས་”ཞེས་གྲགས་པ་དང་། རྒྱལ་པོ་དེའི་སྐབས་ལུང་ཚན་ཕན་ཚུན་དགོས་མཁོ་ཉོ་སྒྲུབ་བྱེད་པ་དང་། བྲེ་སྲང་ཕུལ་བཅོས་འབྲི་མར་ཚད་ཀྱིས་བཅལ། དགའ་ཉེ་མཐུན་འཇུག་བྱེད་པ་སོགས་ལུགས་སྲོལ་གསར་དུ་བཏོད་པས་མཛངས་མི་བདུན་གྱི་ནང་ནས་གསུམ་པ་དེ་ཡིན།
དེ་ཡང་མཁས་པའི་དགའ་སྟོན་ལས། “ལག་རྗེས་རྒྱུན་འཁྱོངས་སྒོས་ཤིང་གིས་བཟོས་པའི་འབྲུ་རིགས་འཇལ་བྱེད་སྣོད་སྤྱད་གྲུ་བཞི་མ་བྲེ་དང་། གཉིས་ཀྱི་ཚད་གཞི་གཏན་ལ་ཕབ་པ་དང་ཆབས་ཅིག །མར་སོགས་ལྕི་ཚད་འཇལ་བྱེད་ཀྱི་སྲང་ཡང་གཏན་ལ་ཕབ་ནས། ཞིང་འབྲོག་བར་གྱི་དངོས་རྫས་བརྗེ་རེས་བྱེད་པ་གཙོས་པའི་ཚོང་གི་སྲོལ་བཙན་པོ་འདི་ནས་དར་བས། སྐབས་དེའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ནོ།།” ཞེས་དང་དེ་ནས་བཟུང་སྟེ་ཚོང་ལས་དར་མགོ་ཇེ་ཆེར་སོང་ཡོད་པ་འདྲ་སྙམ།
དེ་ཡང་ཏུན་ཧོང་ནས་ཐོན་པ་ཡིག་ཆ་རེའུ་མིག །
༡༽ སྲོང་བཙན་སྒམ་བོ། ཕྱི་ལོ་ ༦༥༠ ནས་ ? བར་སྲིད་བསྐྱངས།
༢༽ གུང་རི་གུང་བཙན། སྤྱི་ལོ་ ? ནས་ ?
༣༽ ཁྲི་མང་སྲོང་མང་བཙན། སྤྱི་ལོ་ ༦༥༠ ནས་ ༦༧༦ བར་སྲིད་དབང་བཟུང་།
༤༽ ཁྲི་འདུས་སྲོང་། སྤྱི་ལོ་ ༦༧༦ ནས་ ༧༠༤ བར་སྲིད་དབང་བཟུང་།
༥༽ ཁྲི་སྡེ་གཙུག་བརྩན།(ཁྲི་ལྡེ་གཙུག་བརྟན་) མེས་ཨག་ཚོམས།) སྤྱི་ལོ་ ༧༠༤ ནས་ ༧༥༤ བར་སྲིད་དབང་བཟུང་།
༦༽ ཁྲི་སྲོང་ལྡེ་བཙན། སྤྱི་ལོ་ ༧༥༥ ནས་ ༧༩༧ བར་སྲིད་དབང་བཟུང།
༧༽ མུ་ནེ་བཙན་པོ། སྤྱི་ལོ་ ༧༩༧ ནས་ ༧༩༨ བར་སྲིད་དབང་བཟུང་།
༨༽ ཁྲི་ལྡེ་སྲོང་བཙན། (ལྡེ་སྲོང་སད་ན་མཇིང་ཡོན།) སྤྱི་ལོ་ ༧༩༨ ནས་ ༨༡༥ བར་སྲིད་དབང་བཟུང་།
༩༽ ཁྲི་གཙུག་ལྡེ་བཙན། (ཁྲི་རལ་པ་ཅན།) སྤྱི་ལོ་ ༨༡༥ ནས་ ༨༣༦ བར་སྲིད་དབང་བཟུང་།
༡༠༽ གླང་དར་མ། (དར་མ་འུ་དུམ་བཙན།) སྤྱི་ལོ་ ༨༣༦ ནས་ ༨༤༣ བར་སྲིད་དབང་བཟུང་བ་བཅས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ནང་འཁོད་པར་གྲགས་། བོད་རྒྱ་ཚིག་མཛོད་ནང་སྲོང་བཙན་སྒམ་བུ་ནས་རྒྱལ་པོ་གླང་དར་བར་རྒྱལ་རབས་བཅུ་གཅིག་ཡོད་པའི་མཚན་འདུག་ཅིང་། ཏུང་ཧོང་ནས་ཐོན་པས་ཡིག་ཆ་ནང་བཅུ་ལས་མཚན་མི་འདུག་པས་དཔྱད་པར་མཛོད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་དུ་ལོ་ཚིགས་མ་མཐུན་པ་དང་འཁྲུངས་འདས་མ་མཐུན་པ་སོགས་མང་དུ་མཆིས་པས། མཁྱེན་ལྡན་པ་རྣམས་དཔྱད་པར་མཛད་དགོས་པ་མཐོང་ངོ།
དེ་ཡང་བུ་སྟོན་ཆོས་འབྱུང་དང་། རྒྱ་ཡིག་གི་ལོ་རྒྱུས། དེབ་ཐེར་དཀར་པོ་སོགས་སུ་ཕྱི་ལོ་ ༦༡༧ ལོར་སྲོང་བཙན་སྒམ་བུ་སྐུ་འཁྲུངས་པ་བཞེད། ཁོང་དགུང་ལོ་བཅུ་གསུམ་ཐོག་རྒྱལ་ཁྲིར་འཁོད་ཅིང་། བོད་ཁམས་ཡོངས་རྫོགས་རིམ་གྱིས་གཅིག་བསྒྱུར་མཛད་པ་དང་། མཐའི་རྒྱལ་ཕྲན་ཚོ་ཡང་བོད་ཀྱི་དམག་སྟོབས་ལ་འཇིགས་སྣང་སྐྱེས་དགོས་པའི་དམག་སྟོབས་སོགས་འཕེལ་རྒྱས་བྱུང་ཡོད་ཅིང་། རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་དང་རྒྱལ་ཁབ་བརྟན་ལྷིང་ཡོང་དགོས་དམིགས་གཟིགས་ནས་བལ་རྒྱལ་གཉིས་ཀྱི་བཙུན་མོ་རེ་མཁར་དུ་བཞེས་པ་དང་། བལ་རྒྱ་གཉིས་ཀྱི་དང་ཐོག་བཙུན་མོ་བསྟེར་རྒྱུའི་འདོད་པ་མེད་ནའང་བཙན་པོ་དམག་སྟོབས་སོགས་ལ་འཇིགས་ནས་སྲས་མོ་མི་སྟེར་དཀའ་མེད་གྱུར་ཡོད། ཕྱི་དབང་སྟག་རྩེ་ནས་རྒྱལ་ས་སྤོས་ནས་ཕོ་བྲང་དམར་པོ་རི་ལ་བཞེངས་པ་དང་། མཐའི་རྒྱལ་ཕྲན་ཚོས་འཚམས་སྦྱོར་ཡི་གེ་འབྱོར་ཡང་རྒྱལ་ཁབ་སོ་སོའི་ཡིག་ཐོག་ལ་ལན་འབུལ་དགོས་བྱུང་བས། རྒྱལ་པོའི་ཐུགས་ལ་རྒྱལ་ཁབ་གཅིག་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་དགོས་ན་རྒྱལ་ཁབ་དེ་ཉིད་ཀྱི་སྐད་རིགས་མཐུན་པའི་ཡི་གེ་མེད་ན་ཐབས་མི་འདུག་སྙམ་པའི་དགོངས་པ་རླབས་ཆེན་བཞེས་ནས་བློན་པོ་སམ་བྷ་ཊས་གཙོས་པའི་བོད་ཕྲུག་རིག་པ་ཅན་བཅུ་དྲུག་རྒྱ་གར་དུ་ཡི་གེ་སློབ་པ་བརྫངས་པར་གྲགས།
དེ་ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།༢༣ “ཐོན་མི་ཨ་ནུའི་བུ་སཾ་བྷ་ཊ་བྲན་དང་བཅས་པར་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཊ་སོགས་རིག་བྱེད་སྨྲ་བའི་སྟོན་པ་ཡིད་རང་དབང་དུ་བྱེད་པའི་དངོས་པོ་དང་བཅས་ནས་འཕགས་ཡུལ་དུ་ཡི་གེ་སློབ་པར་བཀས་གནང་སྟེ།” ཞེས་དང་། འགའ་ཤས་ས་ཆུ་མ་འཕྲོད་དེ་འདས་གྲོངས་སུ་གྱུར། འགའ་ཤས་དཀའ་སྡུག་ལ་གདོང་ལེན་མ་ཐུབ་ནས་ཕྱིར་བོད་དུ་ལོག་སྐད། ཐོན་མིའི་སམ་བྷོ་ཊའི་རྒྱལ་པོ་བཀའ་ལྟར་དཀའ་སྡུག་ཁག་ལ་གདོང་ལེན་གནང་ནས་རྒྱ་གར་གྱི་ཡི་གེ་མཐིལ་ཕྱིན་པ་སྦྱངས་པར་གྲགས། ཐོན་མིའི་བོད་དུ་ཕེབས་ནས་ད་ལྟ་ང་ཚོའི་ལོངས་སུ་སྤྱོད་བཞིན་པའི་ཡིག་རིགས་འདི་ཉིད་བརྩམས་པར་གྲགས་ཤིང་། དེ་ཡང་རྦ་བཞེད་ཞབས་རྟགས་ལས།༧༨ “བོད་ཕྲུག་བློ་རྣོ་བ་བཅུ་དྲུག་ལ་གསེར་བསྐུར་ནས་ལོ་ཙཱ་སློབ་ཏུ་བཏང་སྟེ། ལ་ལས་སྨྲ་མ་ཤེས། ལ་ལ་ཚ་བས་གུམ། ལ་ལས་ཐ་དྲེ་རྣམ་གསུམ་ལ་བཏུབ།” ཅེས་དང་།
ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། “རྒྱལ་བློན་གཉིས་ཕོ་བྲང་མ་ཧུར་ལོ་གསུམ་མཚམས་བཅད་དེ་ཡི་གེ་སྒྲ་རྣམས་སློབ་པའི་ཚུལ་མཛད། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཀྱི་ཆོས་ཚན་དུ་མ་ཞིག་བོད་སྐད་ལ་བསྒྱུར་བའི་ཐོག་མ་ཡིན་ཅིང་། དེ་ནས་བཟུང་སྟེ་ཡི་གེ་འབྲི་ཀློག་སྲོལ་ལེགས་པར་བཏོད། རྒྱལ་པོས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལུགས་གཏན་འབེབས་མཛད་པ་སོགས་ཀྱི་གངས་ལྗོངས་ཅན་གྱི་ལྗོངས་སུ་ཤེས་རིག་གི་སྒྲོན་མེ་སྤར་གནང་མཛད་པའི་དྲིན་གྱིས་དེང་སྐབས་འཛམ་གླིང་ནང་གི་བློ་གཟུར་བོ་གནས་པའི་མི་ཚོས་ནང་ཆོས་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། དེ་དག་ལོ་པཎ་རྣམས་ཀྱི་བཀའ་དྲིན་ཁོ་ན་ལས་མ་འདས། བཙུན་མོ་སོ་སོའི་རྟེན་སྐལ་བཞུགས་ཡུལ་གྱི་ལྷ་ཁང་རེ་བཞེངས། ཆབ་རིག་རིག་གསུམ་གྱི་འཕེལ་རྒྱས་ཀུན་ཏུ་ཁྱབ་པར་གྱུར། གོང་ཞུ་བཞིན་མཐའ་ཡི་རྒྱལ་ཁབ་ཐམས་ཅད་ཀྱང་གཟིས་ཀྱིས་བསྣན།
ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལུགས།
དཀོན་མཆོག་གསུམ་བླ་མར་བཟུང་ནས་གུས་པས་མཆོད་པ་དང་གཅིག །ཚེ་འདི་དང་སྐྱེ་བ་གཞན་དུ་ཕན་པའི་དམ་པའི་ཆོས་སྒྲུབ་པ་དང་གཉིས། ཕ་མར་དྲིན་གཙོ་བའི་བསྙེན་བཀུར་ཆེ་བ་དང་གསུམ། ཡོན་ཏན་ཅན་ལ་མཆོག་ཏུ་མཐོང་ནས་གོང་དུ་བཀུར་བ་དང་བཞི། རིགས་མཐོ་བ་དང་རྒན་པ་རྣམས་ལ་སྲི་ཞུ་ཕུ་དུད་བྱེད་པ་དང་ལྔ། མཛའ་བཤེས་ལ་གསར་གྲོགས་སྤང་སྟེ་ཉེ་སེམས་མ་བོར་བའི་གཞུང་རིང་བ་དང་དྲུག།།ཡུལ་མི་ཁྱིམ་མཚེས་དང་དམན་པ་རྣམས་ལ་ཅི་ནུས་ཀྱིས་ཕཉ་པ་སྒྲུབ་པ་དང་བདུན། གཞན་གྱིས་ཅི་ཟེར་ལ་མི་ཉན་པའི་ཡིད་དྲང་ཞིང་བརྟན་པ་དང་བརྒྱད། མིག་ཡ་རབས་ཀྱི་སྤྱོད་ཚུལ་ལ་བལྟ་བ་དགུ། ཧ་ཅང་བཟང་ཞན་གྱི་མཐའ་གཉིས་སུ་མ་ལྷུང་བར་ཟས་ནོར་ལ་སྤྱོད་ཤེས་པ་དང་བཅུ། དྲིན་བྱས་པ་ལ་བརྗེད་མེད་ཀྱིས་ཕན་ལན་སྒྲུབ་པ་དང་བཅུ་གཅིག། །བྲེ་སྲང་སོགས་ལ་སྤྱོད་ཚུལ་ལ་གཡོ་རྒྱུ་མེད་པ་དང་བཅུ་གཉིས། ཉེ་རིང་དང་བྲལ་བར་སྤྱིར་སྙོམས་ཤིང་གཞན་གྱི་དཔལ་འབྱོར་ལ་མི་བཟོད་པའི་ཕྲོག་དོག་སྤང་བ་དང་བཅུ་གསུམ། གཡོ་སྒྱུ་ཅན་དང་གྲགས་ངན་པའི་རིགས་ལ་མི་ཉན་ཞན་་དང་བཅུ་བཞི། ངག་འཇམ་ཞིང་གཞན་གྱི་བློར་འཚམས་པའི་སྨྲ་མཁས་པ་དང་བཅོ་ལྔ། ཆོས་སྲིད་གང་ལ་ཡང་དཀའ་བ་སྤྱད་བཟོད་པའི་ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་དང་བཅུ་དྲུག་གོ། ཁྲིམས་ལུགས་འདི་ནི་རླབས་ཆེན་གྱི་ཁྲིམས་ལུགས་ཤིག་ཡིན་པས་བོད་མི་རིགས་ཀྱི་འདི་དག་ཡིད་དུ་བཟུང་ནས་ལས་དོན་བྱེད་དགོས་པ་ཧ་ཅང་གལ་ཆེ་ཞིག་ཏུ་མཐོང་ངོ།
གུ་རི་གུང་བཙན་འཁྲུངས་ནས་དགུང་ལོ་བཅུ་གསུམ་ཐོག་རྒྱལ་ཁྲིར་འཁོད་ཀྱང་དགུང་ལོ་བཅོ་བརྒྱད་ཐོག་གཤེགས་པས་སླར་ཡང་སྲོང་བཙན་གྱི་རྒྱལ་སྲིད་བསྐྱངས་དགོས་བྱུང་བར་གྲགས། གུང་སྲོང་གུང་བཙན་གྱི་འཁྲུངས་འདས་དང་འབྲེལ་བའི་སྐོར་ལ་བོད་ཀྱི་ལོ་རྒྱུས་སྨྲ་ཚོས་བརྗོད་སྲོལ་སྣ་ཚོགས་ཤིག་མཆིས་པས་མཁྱེན་ལྡན་རྣམས་ཀྱི་དཔྱད་པར་མཛོད། ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་ནང་ལུང་འདྲེན་གནང་དོན་ལས།༨ ཡབ་སྲོང་བཙན་སྒམ་པོ་དང་ཡུམ་མོང་བཟའ་ཁྲི་ལྕམ་གྱི་སྲས་སུ་བོད་ས་ཁྱི་(སྤྱི་ལོ་ ༦༣༨ )ལོར་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་འཁྲུངས། མིང་གཞན་ལ་གུང་རི་གུང་བཙན་ནམ་གུང་སྲིང་གུང་རྩན་ཡང་གསོལ། བཙན་པོ་འདི་དགུང་ལོ་བཅུ་གསུམ་སྟེ་བོད་ལྕགས་ཁྱི་(སྤྱི་ལོ་ ༦༥༠ )ལོར་ཡབ་སྲོང་བཙན་སྒམ་པོས་རྒྱལ་སར་བསྐོས། བཙུན་མོ་འ་ཞ་བཟའ་མོང་མོ་རྗེ་ཁྲི་དཀར་ཏི་ཤགས་ཞེས་པ་ཁབ་ཏུ་བཞེས་པ་ལ་མང་སྲོང་མང་བཙན་འཁྲུངས། ཞེས་དང་། བཙན་པོ་འདིའི་དུས་སུ་ཇ་དང་རོལ་མོ་སོགས་རྒྱ་ནག་ནས་བོད་ལ་དར་སྐད། ཁོང་གིས་སྲིད་ལོ་ལྔ་མཛད་དེ་བཅོ་བརྒྱད་ལ་གཤེགས། དེ་ཡི་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད།། མིང་ནི་གུང་ཆེན་གུང་རི་ལགས་སོ་སྐད། ཅེས་དང་། དེ་ནས་སྲོང་བཙན་སྐུ་གཤེགས་རྗེས་དབོན་སྲས་མང་སྲོང་མང་བཙན་རྒྱལ་སར་འཁོད་ཀྱང་སྐུ་ན་ཕྲ་བའི་སྐབས་གཅིག་རིང་ལ་བློན་པོ་མགར་གྱིས་རྒྱལ་སྲིད་བསྐྱངས་པར་གྲགས། མགར་གྱི་བུ་ཆེ་བས་སྤྱི་ཁྱབ་བློན་ཆེན་དང་། གཞན་གསུམ་གྱི་དམག་སྤྱི་མཛད་ནས་ཆབ་སྲིད་ལེགས་པར་བསྐྱངས་ཤིང་། སྐབས་དེར་བོད་དང་རྒྱ་ནག་དམག་འཁྲུགས་ཡང་ཡང་བྱུང་བ་དང་། བོད་དམག་གིས་རྒྱ་དམག་ཕམ་ཉེས་ཆེན་པོ་བཏང་།
ཁྲི་ལྡེ་གཙུག་བརྟན་ནམ་མེས་ཚོམ་ནི། ཡབ་འདུས་སྲོང་མང་པོ་རྗེ་དང་ཡུམ་མཆིམས་བཟའ་བཙན་མེ་ཏོག་གཉིས་ཀྱི་སྲས་བོད་ལྕགས་འབྲུག་(སྤྱི་ལོ་ ༦༨༠ )ལོར་ཕོ་བྲང་ལྡན་དཀར་དུ་འཁྲུངས། བཙུན་མོ་འཇང་མོ་ཁྲི་བཙུན་ཁབ་ཏུ་བཞེས། དེ་ཡང་བོད་ཀྱི་སྲིད་དོན་རྒྱལ་རབས་ལས།༡༦༦ འདུས་སྲོང་མང་རྗེའི་སྲས་ཁྲི་ལྡེ་གཙུག་བཙན་ནམ། ཁྲི་ལྡེ་གཙུག་བརྟན་མེ་བྱ་ ༦༧༩ ལོར་ཕོ་བྲང་ལྡན་དཀར་དུ་འཁྲུངས། དགུང་ལོ་བདུན་ལ་ཡབ་གཤེགས་ཏེ་རྒྱལ་པོའི་ཁྲིར་ཕེབས་ཞེས་པ་སོགས་མང་སྲོང་མང་རྗེའི་སྲས་ཁྲི་ལྡེ་གཙུག་བརྟན་མེ་བྱ་ཕྱི་ལོ་ ༦༩༧ ལོར་སྐུ་འཁྲུངས་བ་གསལ། ཡང་ཏུང་ཧོང་གི་གཏེར་ཡིག་ཏུ་སྣ་ནམ་བཟའ་ལས་ཁྲི་སྲོང་ལྡེ་བཙན་ཆུ་རྟ་ ༧༤༢ ལོར་སྲས་འཁྲུངས་པར་བཤད། གང་ལྟར་མཁྱེན་ལྡན་རྣམ་པས་དཔྱད་དགོས་པ་སྣང་། དགུང་ལོ་བདུན་སྟེང་རྒྱལ་ཁྲིར་འཁོད། རྒྱལ་སྲས་ཁོང་གིས་ལྷ་ཁང་དུ་མ་བཞེངས་པ་དང་། རྒྱལ་བའི་གསུང་རབས་དུ་མ་ཞིག་ཕབ་བསྒྱུར་མཛད། ཁོང་གི་བཙུན་མོར་སྲས་འཇང་ཚ་ལྷ་མགོན་འཁྲུངས་ཀྱང་ཡུན་རིང་སྐུ་འཚོ་མ་ཟིན་པས་རྒྱལ་སྲས་གཤེགས་སྐད། རྒྱལ་སྲས་མ་གཤེགས་གོང་ལ་རྒྱ་ནག་རྒྱལ་པོའི་སྲས་མོ་ཀེམ་ཤིང་ཀོང་ཇོ་བཙུན་མོ་སློང་དུ་བཏང་བས་བོད་ཀྱི་དྲག་ཤུགས་ལ་མ་བཟོད་དེ་བཙུན་མོ་ཕུལ་ཡང་། བཙུན་མོ་བོད་དུ་མ་སླེབས་ཙམ་ལ་འཇང་ཚ་ལྷ་མགོན་གྲོངས་པ་དང་། ཡབ་ཀྱི་བཙུན་མོར་མངའ་གསོལ་དགོས་བྱུང་། དེ་ནས་རྒྱ་ཡི་བཙུན་མོ་གྲོངས་པ་རྗེས་ལ་བོད་རྒྱ་དམག་འཁྲུགས་བྱུང་སྟེ་བོད་དམག་འབུམ་ཕྲག་བཞིས་བཏང་སྟེ་རྒྱ་ཡི་ས་ཆ་ཅིན་ཕན་ཟེར་བའི་གྲོང་ཁྱེར་དབང་འཛིན་བྱས་པས་མ་ཚད། བོད་དམག་གིས་རྒྱ་རྒྱལ་ས་དཀྱིལ་བར་བཙན་འཛུལ་བྱས་པས་རྒྱལ་བློན་སྡོད་བློ་མ་བཟོད་དེ་ས་ཆ་གཞན་ལ་བྲོས་ཕེབས་དགོས་བྱུང་སྐད། དེ་ཡང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་ལས།༩ ཁྱད་པར་དུ་བོད་ཆུ་ཡོས་(སྤྱི་ལོ་ ༧༦༣ ལོར་བློན་ཞང་རྒྱལ་གཟིགས་དང་དམག་དཔོན་སྟག་སྒྲ་ཀླུ་གོང་། ཞང་སྟོང་བརྩན་སོགས་ཀྱིས་དམག་འབུམ་ཕྲག་ཙམ་ཁྲིད་དེ་ཐང་གི་རྒྱལ་ས་ཁྲང་ཨན་བླངས་ཤིང་། ཐང་ཏེའི་ཙུང་དང་བློན་ཆེན་ཀོ་ཛུཀི་འཁོར་དང་བཅས་ཧྲན་ཀྲུའུ་ཞེས་པའི་ས་གནས་དེར་བོད་དམག་གིས་གྱིམ་ཤིང་ཀོང་ཇོའི་ཚ་བོ་ལི་ཁྲིན་ཧུང་ཟེར་བ་གོང་མའི་ཁྲིར་བསྐོས་པ་དང་རྒྱ་ནག་གིས་ལོ་ལྟར་བོད་ལ་དཔྱ་ཁྲལ་འབུལ་རྒྱུའི་ཆོད་ཡིག་བཞག།།འོན་ཀྱང་བོད་དམག་རྣམས་ཀྱིས་ཚ་བ་མ་ཐེག་པས་ཉིན་བཅོ་ལྔ་ཙམ་ལས་མ་འདས་པར་ཕྱིར་འཐེན་བྱས། ཞེས་དང་། སྐབས་དེར་བོད་དམག་གི་སྟོབས་ཤུགས་དང་གྲངས་མང་སོགས་ལ་གཞིག་ཚེ་བོད་ཀྱི་མི་འབོར་འཕེལ་རྒྱས་གང་འཚམས་ཡོད་པར་རྟོགས་ཐུབ་པ་དེ་རེད།
མུ་ནེ་བཙན་པོ་ནི། ཡབ་ཁྲི་སྲོང་ལྡེ་བཙན་དང་ཡུམ་ཚེ་སྤོང་བཟའ་མེ་ཏོག་གཉིས་ལ་སྲས་བཞི་འཁྲུངས་པའི་ཆེ་བའི་མུ་ཁྲི་སྲོང་པོ་ཡིན་ཡང་སྐུ་ཆུང་དུས་ནས་གྲོངས་པས་བང་སོ་མེད་སྐད། གཉིས་པ་མུ་ནེ་བཙན་པོ་ཆུ་སྟག་ལོ་ ༧༦༢ ལོར་བྲག་དམར་དུ་འཁྲུངས། གསུམ་པ་མུ་ཏིག་བཙན་པོ་ཆུ་ཡོས་(སྤྱི་ལོ་ ༧༦༢ )ལོར་བྲག་དམར་དུ་འཁྲུངས། དེ་ནས་མུ་ནེ་བཙན་པོས་རུ་ཡོང་བཟའ་མདོ་རྒྱལ་དང་ཡབ་ཀྱིས་གནང་བའི་ཕོ་ཡོང་བཟའ་གཉིས་མཁར་དུ་བཞེས། དགུང་ལོ་ཉེར་གསུམ་སྟེ་ཤིང་གླང་(སྤྱི་ལོ་ ༧༦༤ )ལོར་ཁྲིར་མངའ་གསོལ་སྐད། བོད་འབངས་རྣམས་དབུལ་ཕྱུགས་མ་སྙོམ་པ་གཟིགས་ནས་དབུལ་ཕྱུག་ལན་གསུམ་སྙོམ་པར་གྲགས། དེ་ཡང་སྲིད་དོན་རྒྱལ་རབས་ལས། “ཡབ་མེས་མཛད་པའི་རྗེས་སུ་འབྲངས་ནས་བསྟན་པ་ལ་གུས་པར་མཛད་ཅིང་། བསམ་ཡས་སུ་སྡེ་སྣོད་ཀྱི་མཆོད་པ་བཙུགས། བོད་འབངས་ཀྱི་དབུལ་ཕྱུག་ལན་གསུམ་སྙོམ། ལོ་རྒྱུས་འདི་ཐོག་ནས་འཛམ་གླིང་ནང་ས་ཞིང་བཅོས་བསྒྱུར་བྱེད་མཁན་སྔ་ཤོས་བོད་ཡིན་ཞེས་བརྗོད་ཐུབ་”ཅེས་དང་། ཁྲི་སྲོང་ལྡེའུ་བཙན་གྱི་ཡབ་མེས་ལྟར་སངས་རྒྱས་བསྟན་པ་དར་ཐེར་མཛད། འོན་ཀྱང་ནང་ཆོས་ལ་མི་དགའ་བའི་བློན་དག་གིས་ཤུགས་རྐྱེན་འོག་རྒྱལ་པོའི་ཐུགས་དགོངས་ཇི་བཞིན་སྒྲུབ་དཀའ་བ་བྱུང་བས། ནང་ཆོས་ལ་དགའ་བའི་བློན་པོ་རྣམས་ཀྱིས་ལྐོག་ཏུ་བྲོས་བྱས་ཏེ་མོ་མ་དང་བྲ་མཁན་ལ་ལྐོག་རྔན་སྤྲད་དེ། ནང་ཆོས་ལ་མི་དགའ་བའི་བློན་དག་མཐར་སྤྲོད་བཏང་ཞིང་། སྐབས་དེར་རྒྱ་དང་དམག་འཁྲུགས་ཡང་ཡང་བྱུང་སྐད། བོད་དམག་འབུམ་ཕྲག་གཉིས་བཏང་སྟེ་རྒྱ་དམག་དང་འཐབ་སྟེ་རྒྱ་དམག་རྣམས་ཕམ། རྒྱ་ཡི་རྒྱལ་པོ་དང་བློན་ཡང་རང་གི་རྒྱལ་ས་སྡོད་མ་བཟོད་དེ་བྲོས་དགོས་སོགས་བྱུང་།
རྒྱལ་པོ་དེའི་རིང་ལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་པ་དང་། བློན་པོ་སྦ་གསལ་སྣང་བལ་ཡུལ་དང་རྒྱ་གར་དུ་ཕེབས་ནས་རྒྱ་གར་མཁས་པ་ཆེན་པོ་མཁན་ཆེན་ཞི་བ་འཚོ་དང་། རིག་སྔགས་ཀྱི་བདག་པོ་སློབ་དཔོན་པདྨ་འབྱུང་གནས་བཅས་བོད་དུ་གདན་དྲངས། མཁན་ཆེན་ཞི་བ་འཚོས་སད་མི་བདུན་རབ་ཏུ་བྱུང་ནས་རབ་བྱུང་གི་སྡེ་ཐོག་མ་བཙུགས་པར་གྲགས། དེ་ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།༧༣ “མེ་ལུག་གི་ལོ་སྤྱི་ལོ་ ༧༦༧ ལོ་འདིར་སད་མི་བདུན་རབ་ཏུ་བྱུང་བར་བཞེད་པ་དང་། ལོ་རྒྱུས་འགའ་ཤས་སུ་མེ་ལུག་སྤྱི་ལོ་ ༨༢༧ ལོར་སད་མི་བདུན་རབ་ཏུ་བྱུང་བར་འདོད། གང་ལྟར་མེ་ལུག་ཕྱི་ལོ་༨༢༧ ལ་རྒྱ་གར་དུ་རྩ་བའི་སྡེ་བཞིའི་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བོད་དུ་ལེགས་པར་དགོངས་ནས། དགེ་སློང་བཅུ་གཉིས་སྤྱན་དྲངས། གནས་ལྔ་མཁྱེན་པ་ཞི་བ་འཚོས་མཁན་པོ་མཛད། མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཡོངས་ཟིན་པའི་སད་མི་བདུན་གྱིས་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་བནོས།” ཞེས་བོད་དུ་རང་བྱུང་གི་སྡེ་ཐོག་མ་བཙུགས་པར་གྲགས་ཤིང་། སྐབས་དེར་བསྟན་པ་ཕྱོགས་ཀུན་དར་རྒྱས་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་པ་དང་། རྒྱལ་འབངས་ཀུན་གྱིས་ནང་ཆོས་ལ་དོ་སྣང་ཉམས་ལེན་ཁོ་ནར་བརྩོན།
དེ་ནས་རིམ་གྱིས་ནང་ཆོས་ལ་མི་དགའ་བའི་བློན་པོ་འགས་བྲོས་བྱས་ཏེ་ཆོས་ཁྲིམས་བཤིག་པའི་གྲོས་བརྩམས་པར་གྲགས། བློན་པོ་དང་བཙུན་མོའི་བར་ཕྲ་མ་བཙུག་སྟེ་བློན་པོ་བྱང་ཐང་དུ་བཀུགས་ཤིང་། གཞི་མེད་ཕྲ་མ་དེར་བཙུན་མོ་མ་དགའ་ནས་ཕོ་བྲང་གི་ཡ་ཐོག་ནས་མཆོངས་ཏེ་སྐུ་གྲོངས། བོད་རྒྱལ་ཚིག་མཛོད་ནང་། དེབ་སྔོན་དུ་བཙན་པོ་ཁྲི་རལ་པ་ཅན་མེ་ཕོ་འབྲུག་གི་ ༨༩༦ ལོར་བཀྲོངས་པར་བཞེད། བོད་ཀྱི་སྲིད་རྒྱལ་རབས་ལས། བཙན་པོ་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་ཏུ་ཕེབས་པ་མེ་ཕོ་འབྲུག་ལོ་ ༨༣༦ ལོར་དབས་ཏོ་རེ་དང་། ཅོག་རོ་ལེགས་སྒྲས་ཕོ་བྲང་ཞ་མར་ཉི་མ་ལ་བཞུགས་པའི་སྐབས་སུ་གསང་སྟབས་སུ་ཡོང་ནས་ཞལ་ལྟག་པར་བཅུས་ནས་བཀྲོངས། ཞེས་གསལ། དེ་ནས་དར་མ་ཁྲིར་འཁོད་པར་བཤད། དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་བཞེད་པ་མི་མཐུན་མང་། བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ་ལས།༦ “མཁས་པ་ལྡེའུའི་ཆོས་འབྱུང་དང་། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ། ས་ཆེན་རྒྱལ་རབས། བསྟན་རྩིས་གསལ་བའི་ཉིན་བྱེད་བཅས་ཀྱི་ནང་སྲིད་དབང་ལོ་གཅིག་ཟླ་ཕྱེད་བཟུང་བར་བཞེད། ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་དང་། བསྟན་པའི་རྒྱ་མཚོར་འཇུག་པའི་གྲུ་ཆེན་གཉིས་ཀྱི་ནང་སྲིད་དབང་ལོ་གཅིག་དང་ཟླ་གཅིག་བཟུང་བར་བཞེད། རྒྱལ་རབས་གསེར་གྱི་ཕྲེང་བ་དང་། གདུང་རབས་ཚིག་ཉུང་དོན་གསལ་གཉིས་ནང་སྲིད་ལོ་གསུམ་བར་བཞེད་པ་སོགས་མི་མཐུན་མང་།” དེ་བཞིན་སྐུ་མཆེད་བགྲེས་གཞོན་མི་མཐུན་མང་བས་ལོ་རྒྱུས་མཁས་དབང་རྣམས་པས་དཔྱད་པར་མཛད་པ་འཚལ།
གང་ལྟར་བློན་པོ་རྣམས་བྲོས་བྱས་ཏེ་གླང་དར་མ་རྒྱལ་པོའི་ཁྲིར་བསྐོས་ཤིང་། གླང་དར་ནི་ཐུགས་གཤིས་ཧ་ཅང་བཙུབ་པས་འབངས་རྣམས་ཀྱི་གླང་ཞེས་དུད་འགྲོའི་མིང་དུ་འབོད། དེ་ནས་བཟུང་སྟེ་གླང་དར་མ་ཞེས་ཐོགས་པར་གྲགས། བཙན་པོ་ཆོས་ལ་མི་དགའ་བ་ཙམ་མ་གཏོགས་ལོ་གསུམ་ཙམ་རིང་ལ་ཆོས་ལ་གནོད་ཆེ་བ་རང་མ་བྱུང་། འོན་ཀྱང་རིམ་གྱིས་རྒྱལ་བློན་ཁ་མཐུན་ཏེ་ཆོས་ཁྲིམས་རྩ་བ་ནས་བཤིགས། དགོན་པ་དུ་མ་གཏོར་གཤིག་བཏང་བ་དང་། སྐུ་གསུང་ཐུགས་རྟེན་རྣམས་ཆུར་སྐུར། རབ་བྱུང་ཅན་རྣམས་སྐྱ་ཕབ། ལྷ་ཁང་རྣམས་བཤས་ར་ཟོས་པ་སོགས་ནང་ཆོས་ལ་ཉམས་ཆེན་པོ་བཏང་བ་རེད། དེ་ཡང་སྲིད་དོན་རྒྱལ་རབས་ལས།༢༣༡ “ས་རྟ་ ༨༣༨ ལོ་ཙམ་ནས་རྒྱལ་པོའི་ཐུགས་ལ་གདོན་གསོལ་ཏེ་བློན་པོ་རྣམས་དང་བཅས་ཆོས་ཁྲིམས་བཤིག་པར་བགྲོས་ཏེ། ལྷ་ས་དང་། བསམ་ཡས། ཁྲ་འབྲུག །འུ་ཤང་སོགས་ཀྱི་རྟེན་ལ་ལ་ཆུར་སྐྱུར། ལ་ལ་བྱེ་འདམ་དུ་སྦས། ལ་ལ་ཁྲི་འོག་ཏུ་མནན། གསུང་རབ་འགའ་ཤས་ལྷ་སའི་བྲག་ལ་སྦས་ཤིང་། ཕལ་ཆེ་བ་མེ་དང་ཆུར་སྦྱངས།” ཞེས་དང་ཡང་”གཙུག་ལག་ཁང་བཤས་ར་བཟོས། བཙུན་པ་རབ་རྣམས་བསད། འབྲིང་རྣམས་ཕབ།” ཅེས་སོགས་བསྟན་པ་ལ་ཉམས་ཆགས་ཆེན་པོ་བཏང་། བོད་ཁམས་ཡོངས་རྫོགས་སྡུག་བསྔལ་གྱི་གནས་སུ་སྦྱར་བས། ཆུ་ཁྱི་ ༨༤༢ ལོར་ཡེར་པའི་བྲག་ཕུག་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་སྒོམ་སྒྲུབ་བཞུགས་ཡོད་པས། བོད་ཀྱི་གནས་སྟངས་དེ་དག་ཐུགས་བློ་མ་བཟོད་དེ་རྒྱལ་པོ་བསྒྲལ་རྒྱུ་བློ་སྟོབས་བསྐྱེད་ནས། རྒྱལ་པོ་གླང་དར་གྱིས་རྡོ་རིང་མདུན་དུ་ལངས་ནས་ཡི་གེར་གཟིགས་བཞིན་པའི་སྐབས་དང་བསྟུན་ནས་ལྷ་ལུང་དཔལ་གྱི་རྡོ་རྗེས་ཕྱག་བྱ་བའི་ཟོལ་གྱིས་མདའ་སྟོང་ཕྲད་དེ་འཕངས་ནས་རྒྱལ་པོའི་སྙིང་ཁར་ཕོག་སྟེ་བཙན་པོས་ང་གསོད་པ་ཡང་ན་ལོ་གསུམ་གྱི་ཕྱིས་སོང་། ཡང་ན་ལོ་གསུམ་གྱི་སྔས་ཟེར་ནས་དེ་ཉིད་དུ་གྲོངས། བློན་པོ་རྣམས་ཀྱི་ས་ཕྱོགས་ཀུན་ཏུ་བཙལ། འགའ་ཤས་ཀྱིས་ཡེར་པའི་ཁུལ་དུ་ཡོད་པ་ཤེས་ཀྱང་མ་ཤེས་ཁུལ་བྱས།
དེ་ནས་ལྷ་ལུང་གིས་མི་རྣམས་ཀྱི་ཤེས་ཀྱི་དོགས་ནས་མངོན་པ་ཀུན་བཏུས་དང་། འདུལ་བ་འོད་ལྡན་སོགས་བརྣམས་ཏེ་མདོ་སྨད་ཕྱོགས་སུ་ཕེབས། གླང་དར་གྱི་བོད་ཀྱི་ཆབ་སྲིད་ལོ་དྲུག་ལས་བསྐྱངས་ཀྱང་བོད་ཀྱི་བསྟན་པ་ལ་ཉམས་ཆག་ཆེན་པོ་ཐེབས། གླང་དར་བཀྲོངས་པ་དང་། བཙུན་མོ་ཆུང་བ་ལ་སྲས་ཤིག་འཁྲུངས་པ་དང་། བཙུན་མོ་ཆེ་བས་ཕྲག་དོགས་བྱུང་བར་བརྟེན་གནོད་པ་བྱེད་དོགས་ཀྱི་ཉིན་མོ་ཉི་མའི་འོད་དང་། མཚན་མོ་སྒྲོན་མེའི་འོད་ཀྱིས་བསྲུངས་པ་ལ་འོད་སྲུང་ཞེས་མཚན་བཏགས། བཙུན་མོ་ཆེ་བས་བྱིས་པ་དམར་འབྱར་ཞིག་བཙལ་ཏེ་ང་ལའང་བུ་ཞིག་སྐྱེས་སོང་ཞེས་ལབ་པས། བློན་པོ་རྣམས་ལ་བརྙས་པས་མདངས་སྐྱེས་པའི་བྱིས་པ་ལ་སོ་གདའ། འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་སྲས་དེའི་མིང་ལ་ཡུམ་བརྟེན་ཞེས་ཐོགས་པར་གྲགས།
རིམ་གྱིས་སྲས་གཉིས་ལོ་ན་གསོན་པ་དང་། མངའ་རིས་ལ་མ་འཆམས་ཏེ་རྩོད་དེ་འོད་སྲུང་གི་རྒྱུད་པས་སྟོད་དང་། མངའ་རིས་ཕྱོགས་སུ་དབང་བསྒྱུར། ཡུམ་བརྟེན་གྱི་རྒྱུད་པས་དབུས་ཕྱོགས་སུ་དབང་བསྒྱུར་ཅིང་། རིམ་གྱིས་འབངས་གྱེན་ལོག་སོགས་བོད་སིལ་བུ་གྱུར་ཏེ། བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར། ལུང་ཆུང་དཔོན་ཆུང་བྱས་ནས་བསྡད། མཐའ་མཚམས་ཁག་ནས་ཁྲལ་བསྡུ་བའི་དཔོན་རིགས་རྣམས་ཀྱང་དབུས་ཀྱི་གནས་ཚུལ་གོ་ནས་ཕྱིར་མ་ལོག། །བོད་སྤྱིའི་བདེ་སྡུག་ལ་གཟིགས་མཁན་མེད་པ་ང་ཆེ་ཁོ་བཙན་བྱས་ནས་བསྡད། མཐར་རིམ་གྱིས་དམར་གཡོ་གཙང་གསུམ་སོགས་མདོ་སྨད་ཕྱོགས་སུ་ཕེབས་ནས་བརྙེན་རྫོགས་ནས་དབུས་སུ་བྱོན་ནས་བསམ་ཡས་སུ་ཕེབས། སླར་ཡང་རབ་བྱུང་སྡེ་བཙུགས་ཏེ་བསྟན་པ་དར་སྤེལ་མཛད་པ་རེད། བོད་སིལ་བུ་ཐོར་ནས་ལོ་བཞི་བརྒྱ་བཅུ་གཅིག་གི་རིང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བར་བརྟེན་བོད་སིལ་བུའི་སྐབས་ཟེར་བ་རེད།
དེ་ཡང་སྲིད་དོན་རྒྱལ་རབས་ལས།༢༥༣ “ཆུ་ཁྱི་ ༨༤༢ ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་བསྒྲལ་བ་ནས་བཟུངས། རང་བྱུང་བཞི་བའི་ཆུ་གླང་ ༡༢༥༣ ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་ལ་དབང་མ་བསྒྱུར་བའི་བར་ལོ་བཞི་བརྒྱ་བཅུ་གཅིག་གི་རིང་དེར་བོད་སྤྱི་ལ་དབང་བའི་རྒྱལ་པོ་མ་བྱུང་བ་བརྟེན་བོད་སིལ་བུའི་སྐབས་ཟེར་བ་ཡིན་ཞིང་།” ཞེས་སོགས་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པ་གྱུར་ནས་དམ་པའི་ཆོས་ལ་དོན་བརྩོན་བྱེད་པ་མ་གཏོགས་བོད་རྒྱལ་ཁབ་སྤྱིའི་དོན་དུ་དོ་འཁུར་དེ་ཙམ་ཞིག་མེད་པ་གྱུར་པ་སྣང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དོན་བསྡུས་ལས།༡༢ བོད་ས་གླང་(སྤྱི་ལོ་ ༨༦༩ )ལོར་བོད་ཁམས་ཡོངས་སུ་གཞི་རྒྱ་ཆེ་བའི་འབངས་ཁེང་ལོག་བྱུང་། དེའི་སྐོར་ལ་མཁས་པའི་དགའ་སྟོན་ལས་དང་པོ་དབས་ཁོ་བཞེར་ལེགས་བཙན་གྱི་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེང་ལོག་བྱས། དེ་ནས་དབུ་རུར་འབྲོ་སྦས་འཁྲུངས་པ་ལ་བརྟེན་ནས་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་ཁེང་ལོག །དེནས་གཡོ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དབོན་གཡུ་སྣེ་བསད། འབངས་ལ་རི་མགུལ་དུ་ཡུར་བ་ལས་སུ་བཅུག་པས། རི་མགུལ་ལས་མི་མགུལ་གཅོད་པ་སླ། ཞེས་སྨྲས་ཏེ་མཆིམས་ཀོང་མི་དྲུག་གིས་ལག་དཔོན་བྱས་ཏེ་ཁེང་ལོག་བྱས་ཞེས་སོགས་གསལ་བ་ལྟར་རིམ་གྱིས་བོད་སིལ་བུ་ཐོར་སྐད། མེ་བྱ་(སྤྱི་ལོ་ ༨༧༧ )ལོར་འབངས་ཁེང་ལོག་ཤུགས་ཆེན་ལངས་ཏེ་བཙན་པོའི་བང་སོ་མང་ཆེ་བའང་བཤིགས་པར་གྲགས་སོ། ཞེས་དང་།
དེ་ནས་ཤིང་ཡོས་ ༡༡༩༥ ལོར་བོག་ཏ་ཆིང་གེ་དྲག་པོའི་སྟོབས་ཤུགས་བོད་ཀྱི་ས་མཚམས་སླེབས། བོད་ལ་བརྡབ་གསིག་དང་གཏོར་བཅོམ་རིགས་མི་ཡོང་བའི་ཆེད་དུ་ས་མཚམས་སྡེ་དཔོན་ཁག་ནས་ཁཱང་གི་དམག་དཔོན་རྣམས་ལ་རྒྱུ་ནོར་གྱིས་བརྔན་ཏེ་གནས་སྐབས་ཀྱི་དཀའ་ངལ་སེལ་ཆེད་ཙམ་བྱས་ཏེ་བསྡད། མེ་ཕག་ ༡༢༢༧ ལོར་ཚ་བའི་ནད་ཕོག་སྟེ་ཏ་ཆིང་གེ་སེ་གཤེགས་པའི་གནས་ཚུལ་དེ་བོད་ཡོངས་སུ་ཁྱབ་ནས་འདབ་ནོར་མ་སྤྲད་པས། མཐར་གོ་དན་ཁང་གིས་ཕྱི་ལོ་ ༡༣༤༠ ལོར་དམག་ཁྲི་ཚོ་གསུམ་བཏང་སྟེ་ར་སྒྲེང་དང་། རྒྱལ་ལྷ་ཁང་སོགས་མེར་བསྲེགས་པ་དང། འབངས་མི་མང་པོ་དམར་བསད་བཏང་། སྤྱན་སྔ་རིན་པོ་ཆེས་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་བཏབ་ལ་སོགས་པས་སོག་དམག་ལ་རྡོའི་ཆར་བབས་པས་ཐམས་ཅད་འཇིགས་ནས་བཤགས་པ་ཕུལ།
དེ་ནས་གོ་དན་ཁང་གིས་ཧོར་སོག་གི་ཡུལ་དུ་ལམ་གྱི་གནད་སྟོན་ཤེས་པའི་བླ་མ་བཟང་པོ་ཞིག་དགོས་པས། དེང་དུས་དབུས་གཙང་ན་བླ་མ་སུ་བཟང་ཞེས་དྲི་བ་འབྱོར་བ། རྡོ་རྟས། དགེ་འདུན་གྱི་སྡེ་བཀའ་གདམས་པ་ཆེ། མི་ཆོས་ནི་སྟག་ལུང་པ་མཁས། གཟི་བརྗིད་ནི་འབྲི་གུང་པ་ཆེ། ཆོས་ནི་ས་སྐྱ་པཎི་ཏ་མཁས། ཞེས་ལམ་བཏང་བས། དེ་ནས་གོ་དན་ཁང་གིས་ས་སྐྱ་པཎི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་སོགས་གདན་ཞུས་ལྟར་ས་སྐྱ་པཎི་ཏ་བོད་མི་རིགས་ཀྱི་དོན་དུ་སྐུ་ངལ་ལ་མ་འཛེམས་པ་རིམ་གྱིས་སོག་ཡུལ་ལ་ཕེབས་ནས་རྒྱལ་འབངས་རྣམས་དམ་པའི་ཆོས་ཀྱི་ཕྱོགས་སུ་བཀོད། སོག་ཡིག་གསར་བཏོད་མཛད་ནས་དམ་པའི་ཆོས་ཀྱི་སྒྲོན་མེ་སྤར། དེ་ནས་བཟུང་སྟེ་བོད་ཆོས་ཁ་གསུམ་ཡོངས་རྫོགས་དབང་རིན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་ལ་ཕུལ་ནས་བོད་ཆོས་ཁ་གསུམ་ཡོངས་རྫོགས་དཔལ་ལྡན་ས་སྐྱ་བའི་དབང་བསྒྱུར་མཛད། དེ་ཡང་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས།༢༠༨ “བོད་ཡོངས་ལ་སྲིད་ཀྱི་ཁ་ལོ་བསྒྱུར་བའི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན་ནས་འགྲོ་མགོན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་བར་དུ་ལུང་གིས་བསྐོས་པའི་དཔོན་ཆེན་ཉི་ཤུའི་བར་དབུས་གཙང་ཆོས་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་སྟེ་བོད་ཆེན་པོའི་ཆོལ་ཁ་གསུམ་གྱི་རྒྱལ་ཁམས་ཀུན་ལ་མངའ་སྒྱུར་ཞིང་།” ཞེས་གསུང་པ་ལྟར་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བོད་ཁམས་ཡོངས་རྫོགས་དབང་ལུང་བསྒྱུར་བ་རེད། “ས་སྐྱ་པས་བོད་ལ་དབང་བསྒྱུར་པའི་རིང་ལ། བོད་ཀྱི་རིག་གནས་ཆེ་བ་ལྔ་སྔར་ལས་དར་ཁྱབ་ཆེ་རུ་བཏང་སྟེ་རིག་གནས་ཆུང་བ་ལྔའི་རྣམ་གཞག་ཕལ་མོ་ཆེ་ནི་དུས་སྐབས་དེའི་ནང་གསར་དུ་སྲོལ་བཏོད་པའམ་དར་སྤེལ་བྱུང་བ་ཡིན་ཞེས།” ཞེས་པ་ལྟར་བོད་ཀྱི་རིག་གནས་དར་སྤེལ་ལ་ཕན་འབྲས་རླབས་ཆེན་ཐོན་འདུག་སྙམ།
དེ་ནས་རིམ་གྱིས་དཔལ་ལྡན་ས་སྐྱ་པ་དང་། འབྲི་གུང་པ་ནང་ཁུལ་མ་མཐུན་ཏེ་ནང་འཁྲུགས་པས་དཔོན་ཆེན་ཨང་ལེན་གྱི་ཁྲི་སྐོར་བཅུ་གསུམ་གྱི་དམག་འབྲི་གུང་དུ་དྲངས་ཏེ། སྒ་ཁང་མེར་བསྲེགས་པ་སོགས་འབྲི་གུང་གླིང་ལོག་ཏུ་གྲགས་པ་དེ་བྱས་ཤིང་ཞེས་ལ་སོགས་འབྲི་གུང་པ་ལ་ཉམས་རྒུད་དུ་གྱུར། ས་སྐྱ་པ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཏཱ་དབེན་བློ་གྲོས་རྒྱལ་མཚན་བར་མི་ལོ་གོ་དགུའི་རིང་བོད་ས་ཡོངས་རྫོགས་དབང་ལུང་བསྒྱུར་བར་གྲགས། མཐར་བོད་ཀྱི་སྲིད་དབང་ཡོངས་རྫོགས་རིམ་གྱིས་ཕག་གྲུ་པའི་ལག་ཏུ་ཤོར།
དཔལ་ལྡན་ས་སྐྱ་པའི་ཁྲི་རབས་ཀྱི་འཁྲུངས་འདས་ནི།
༡༽ འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་ཕྱི་ལོ་ ༡༢༣ ལོར་འཁྲུངས་ཤིང་། ༡༢༨༠ ལོར་ཞིང་གཤེགས།
༢༽ བདག་ཉིད་ཆེན་པོ་ཧརྨ་པཱ་ལ་རཀྵི་ཏ་ཕྱི་ལོ་ ༡༢༦༨ ལོར་སྐུ་འཁྲུངས་ཤིང་། ༡༢༨༧ ལོར་གཤེགས།
༣༽ ཤར་པ་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ནི་ཕྱི་ལོ་ ༡༢༨༧ ལོར་འཁྲུངས་ཤིང་། ༡༣༠༤ ལོར་སྐུ་གཤེགས།
༤༽ མཁས་བཙུན་ནམ་མཁའ་ལེགས་པ་ནི་ཕྱི་ལོ་ ༡༣༠༥ ལོར་འཁྲུངས་ཤིང་། ༡༣༤༢ ལོར་སྐུ་འདས།
༥༽ བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི་ཕྱི་ལོ་ ༡༣༡༢ ལོར་སྐུ་འཁྲུངས་ཤིང་། ༡༣༧༥ ལོར་ཞིང་གཤེགས།
༦༽ ཏཱ་དབེན་བློ་གྲོས་རྒྱལ་མཚན་ནི་ཕྱི་ལོ་ ༡༣༣༢ ལོར་སྐུ་འཁྲུངས་ཤིང་། ༡༣༧༥ ལོར་སྐུ་གཤེགས།
དེ་ནས་བྱང་ཆུབ་རྒྱལ་མཚན་གྱི་བོད་ཀྱི་སྲིད་དབང་བཟུང་ཞིང་། སྐབས་དེར་བོད་ཀྱི་རྒྱལ་ས་ནི་ལྷོ་ཁ་སྟེ་སྣེ་གདོང་རྩེ་ཡིན་པ་དང་། རིམ་གྱིས་ཕག་གྲུ་པའི་བོད་སྲིད་དབང་བསྐྱངས། ཕག་གྲུ་ཁྲི་དོན་གཅུང་གཞོན་ནུ་རྒྱལ་མཚན་དང་ཁྲི་དོན་རིན་རྒྱལ་སོགས་ཀྱི་སྐབས་སུ་ཚུལ་མཐུན་གྱི་ལུགས་སྲིད་མ་བསྐྱངས་པའི་དབང་གིས་ས་སྡེ་མང་པོ་ཐེ་གུ་སྣེ་ཤོར་དུ་སོང་། བླ་དཔོན་གྲགས་མ་ཁོང་གི་མཛད། དེ་སྔོན་སྡེ་མང་ཤོར་བ་རྣམས་ཚུར་བླངས། ཕག་གྲུའི་ཁྲི་སྐོར་ལ་བཀའ་དྲིན་ཆེན་པོ་ཡིན་པ་གྲགས། ཕག་མོ་གྲུ་པའི་དུས་སུ་སྲིད་འཛིན་གྱི་སྒྲིག་གཞི་གསར་བཅོས་བྱས་པ་དང་། སྔར་གཞན་གྱིས་བཙན་འཕྲོག་བྱས་པའི་འབངས་ཀྱི་ས་ཞིང་དང་རྒྱུ་ནོར་རྣམས་ཕྱིར་རང་རང་ལ་སྤྲད། འབངས་ཀྱི་ཁྲལ་རིགས་འོས་མཚམས་ལས་བསྡུ་མི་ཆོག་པའི་བཀའ་ཕབ། ཁྲིམས་ལུགས་བསྒྱུས་བཅོས་བྱས་པས་ཁྲིམས་མེད་ལུང་མེད་ཀྱིས་འཕྲོག་འཁྱེར་རིགས་མེད་པས་ཕྱུག་ཟོག་གོང་འཕེལ་དུ་བྱུང་། མ་ཟད་ས་གནས་སོ་སོར་ཤིང་ནགས་འདེབས་འཛུགས་དགོས་པའི་སྐུལ་མ་བཏང་། དེ་བཞིན་དུས་རབས་བདུན་པ་ཙམ་ནས་བོད་རྒྱ་གཉིས་དབར་དངོས་ཟོག་ཉོ་ཚོང་བྱེད་པའི་འཕེལ་རྒྱས་སུ་ཕྱིན་ནས།
སྐབས་དེར་བོད་ཀྱི་བལ་དང་། སྨན་རྩྭ། གླ་རྩི། ལི་སྐུ། ཐང་ག་སོགས། རྒྱ་ནག་གི་དར་གོས་དང་། རས་ཁྲ་སོགས་ཕན་ཚུན་བརྗེ་ལེན་གྱི་ལམ་ལུགས་དར་རྒྱས་ཀྱི་དཔལ་འབྱོར་གོང་དུ་འཕེལ་དང་། མང་ཚོགས་ཀྱི་འཚོ་བ་གོང་འཕེལ་དུ་ཕྱིན། སྐབས་དེར་རྒན་མོ་གསེར་ཁུར་གྱི་དུས་ཞེས་གྲགས་པ་བྱུང་སྐད། བཀའ་བརྟན་གྱི་གྱི་དཔེ་གཞུང་འཚོལ་སྡུད་དང་དཀར་ཆག་ཕྱོགས་སྒྲིག་གནང་བ་བཅས་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་བཞག་གནང་མཛད་ཡོད། དེ་བཞིན་གསོ་རིག་གི་སྨན་གཞུང་སོགས་ཀྱང་ཤིང་དཔར་དུ་བཀོད་དང་། ཨར་ལས་སོགས་ཀྱང་འཕེལ་རྒྱས་བཏང་སྐད། དེ་རྗེས་རྒྱལ་མཚན་བཟང་པོ་སོགས་ཁྲི་དཔོན་བསྐོས་ཀྱང་འཁོས་ཀ་ཆུང་བས་ཀུན་གྱིས་བརྙན་པར་བྱས། མཐར་ཕག་གྲུའི་སྲིད་དབང་ཉམས་མགོ་བཙུགས། ཕག་གྲུས་(༡༣༤༩ ནས་ ༡༤༨༠ བར་མི་ལོ་བརྒྱ་དང་སུམ་ཅུ་ལྷག་རིང་བོད་ལ་དབང་བསྒྱུར་མཛད།
ཕག་གྲུ་པའི་ཁྲི་རབས་རིམ་བྱོན་གྱི་འཁྲུངས་འདས་ནི།
༡༽ ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི་ཕྱི་ལོ་ ༡༣༠༢ ལོར་འཁྲུངས་ཤིང་། ༡༣༦༤ ལོར་ཞིང་ལ་ཕེབས།
༢༽ གུ་ཤྲི་ཤཱཀྱ་རྒྱལ་མཚན་ནི་ཕྱི་ལོ་ ༡༣༠༤ ལོར་སྐུ་འཁྲུངས་ཤིང་། ༡༣༧༣ ལོར་གཤེགས།
༣༽ སྤྱན་སྔ་གྲགས་པ་བྱང་ཆུབ་ནི་ཕྱི་ལོ་ ༡༣༥༦ ལོར་འཁྲུངས་ཤིང་། ༡༣༨༦ ལོར་གཤེགས།
༤༽ སྤྱན་སྔ་བསོད་ནམས་གྲགས་པ་ནི་ཕྱི་ལོ་ ༡༣༥༩ ལོར་འཁྲུངས་ཤིང། ༡༤༠༨ ལོར་སྐུ་གཤེགས།
༥༽ གྲགས་པ་རྒྱལ་མཚན་ནི་ཕྱི་ལོ་ ༡༣༧༤ ལོར་སྐུ་འཁྲུངས་ཤིང་། ༡༤༣༢ ལོར་སྐུ་གཤེགས།
༦༽ སྤྱན་སྔ་གྲགས་པ་འབྱུང་གནས་ནི་ཕྱི་ལོ་ ༡༤༡༤ ལོར་སྐུ་འཁྲུངས་ཤིང་། ༡༤༤༨ ལོར་ཞིང་གཤེགས།
༧༽ གཅུང་ཀུན་དགའ་ལེགས་པ་ནི་ཕྱི་ལོ་ ༡༤༣༣ ལོར་སྐུ་འཁྲུངས་ཤིང་། ༡༤༨༣ ལོར་འདས།
༨༽ དཔལ་ངག་གི་དབང་པོའམ་སྤྱན་སྔ་ཆོས་གྲགས་ནི་ཕྱི་ལོ་ ༡༤༣༩ ལོར་སྐུ་འཁྲུངས་ཤིང་། ༡༤༩༡ ལོར་སྐུ་གཤེགས།
དེ་ནས་སྡེ་པ་རིན་སྤུངས་པའི་བོད་ཀྱི་སྲིད་དབང་བཟུང་། དེ་ཡང་ཕྱི་ལོ་ ༡༤༠༨ ལོར་སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་གྱིས་སྒེར་ཤཱཀྱ་གསུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་རིན་སྤུངས་ཀྱི་རྫོང་དཔོན་བསྐོས། དེའི་མི་རྒྱུད་ལ་སྒེར་རིན་སྤུངས་པའམ་སྡེ་པ་རིན་སྤུངས་ཞེས་འབོད་པ་ཟེར། དེ་ནས་རིམ་གྱིས་སྲིད་དབང་བཟུང་སྟེ་སྡེ་པ་རིན་སྤུངས་པས་ཕྱི་ལོ་ (༡༤༨༠ ནས་ ༡༥༥༦ བར་མི་ལོ་དྲུག་ཅུ་ལྷག་རིང་བོད་ལ་དབང་བསྒྱུར། སྐབས་དེར་བོད་ཀྱི་རྒྱལ་ས་ནི་གཙང་རོང་གི་རིན་སྤུངས་ལ་ཡིན་སྐད།
རིན་སྤུངས་པའི་ཁྲི་རབས་རིམ་བྱོན་གྱི་འཁྲུངས་འདས་ནི།
༡༽ ནོར་བུ་བཟང་པོའི་སྲས་ཀུན་ཏུ་བཟང་པོ་ནི་ཕྱི་ལོ་ ༡༤༣༣ ལོར་འཁྲུངས་ཤིང་། འདས་ཚིག་མ་གསལ།
༢༽ ནོར་བཟང་པའི་སྲས་མཚོ་སྐྱེས་རྡོ་རྗེ་ནི་ཕྱི་ལོ་ ༡༤༦༢ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༥༡༠ ལོར་འདས།
༣༽ ཀུན་ཏུ་བཟང་པོའི་སྲས་དོན་ཡོད་རྡོ་རྗེ་ནི་ཕྱི་ལོ་ ༡༤༦༣ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༥༡༢ ལོར་འདས།
༤༽ མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་ནི་ཕྱི་ལོ་ ༡༤༨༢ ལོར་འཁྲུངས་ཤིང་། འདས་ཚིག་མི་གསལ།
དེ་ནས་སྡེ་སྲིད་གཙང་པས་བོད་ཀྱི་སྲིད་དབང་བཟུང་ཞིང་། ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ལ་བུ་དགུ་ཡོད་ཅིང་། དེ་དག་གི་སྟོབས་ཤུགས་ལ་སུ་ཞིག་གིས་ཀྱང་ཡ་མ་ཟིན་པ་རིན་སྤུངས་པའི་སྲིད་དབང་ཡོངས་རྫོགས་འཕྲོག །སྡེ་སྲིད་གཙང་པས་ཕྱི་ལོ་ ༡༥༥༦ ནས་ཕྱི་ལོ་ ༡༦༧༢ བར་མི་ལོ་བདུན་ལྷག་རིང་ལ་བོད་ཀྱི་དབང་བསྒྱུར་ཞིང་། སྐབས་དེར་བོད་ཀྱི་རྒྱལ་ས་ནི་གཞིས་ཀ་བསམ་གྲུབ་རྩེ་ཡིན། ས་ཡོས་ཕྱི་ལོ་ ༡༦༣༩ ལོར་གཙང་སྡེ་སྲིད་ཀྱི་རྒྱབ་རོགས་བེ་རི་རྒྱལ་པོ་བཅོམ། ཕྱག་མཛོད་བསོད་ནམས་རབས་ཀྱིས་གུ་ཤྲི་ཧན་གྱི་བེ་རི་བཅོམ་ནས་མཚོ་སྔོན་ཕྱོགས་སུ་འགྲོ་ཁུལ་གྱིས་གློ་བུར་གཙང་སྡེ་སྲིད་སྟེང་དམག་བཏང་སྟེ་བཅོམ། བོད་ཀྱི་མངའ་རིས་ཡོངས་རྫོགས་༸གོང་ས་ལྔ་པ་ཆེན་པོ་ལག་ཏུ་ཕུལ་བར་གྲགས།
གཙང་པ་སྡེ་པའི་ཁྲི་རབས་རིམ་བྱོན་གྱི་འཁྲུངས་འདས་ནི།
༡༽ ཤིང་ཤག་པ་ཚེ་བརྟན་རྡོ་རྗེ་ནི་ཕྱི་ལོ་ ༡༥༠༠ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༥༦༠ ལོར་འདས།
༢༽ ཀུན་སྤང་ལྷ་དབང་རྡོ་རྗེ་ནི་ཕྱི་ལོ་ ༡༥༢༥ ལོར་འཁྲུངས་ཤིང་། ཕྱི་ལོ་ ༡༦༠༠ ལོར་འདས།
༣༽ ཀརྨ་བསྟན་སྐྱོང་སྲུང་དབང་པོ་ནི་ཕྱི་ལོ་ ༡༥༢༧ ལོར་འཁྲུངས་ཤིང་། ༡༦༡༠ ལོར་འདས། ?
༤༽ ཀརྨ་ལྷ་དབང་རྡོ་རྗེ་ནི་ཕྱི་ལོ་ ༡༥༣༠ ལོར་སྐུ་འཁྲུངས་ཤིང་། ༡༦༡༥ ལོར་འདས། ?
༥༽ ཀརྨ་ཕུན་ཚོགས་རྣམ་རྒྱལ་ནི་ཕྱི་ལོ་ ༡༥༥༠ ལོར་སྐུ་འཁྲུངས་ཤིང་། ༡༦༢༠ ལོར་འདས།
༦༽ ཀརྨ་བསྟན་སྐྱོང་དབང་པོ་ནི་ཕྱི་ལོ་ ༡༦༠༦ ལོར་འཁྲུངས་ཤིང་། ༡༦༤༢ ལོར་འདས།
དེ་ནས་རང་བྱུང་བཅུ་གཅིག་ཆུ་ཕོ་རྟའི་ལོར་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་བསྒྲིལ་བ་མཛད་ནས་དབང་དུ་བསྒྱུར་ཞིང་། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་འདི་ནི་འབྲས་སྤུངས་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་ལས་བྱུང་བར་གྲགས། དེ་ནས་གནམ་བསྐོས་དགའ་ལྡན་ཕོ་བྲང་པས་ཕྱི་ལོ་ ༡༦༤༢ ལོར་ནས་ལོ་སུམ་བརྒྱ་ལྷག་རིང་བོད་ཁམས་ཡོངས་རྫོགས་ལ་དབང་བསྒྱུར་མཛད།
༡༽ རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི་ཕྱི་ལོ་ ༡༦༡༧ ལོར་འཁྲུངས་ཤིང་། ༡༦༨༢ ལོར་སྐུ་ཞིང་ལ་ཕེབས།
༢༽ རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་ནི་ཕྱི་ལོ་ ༡༧༠༨ ལོར་སྐུ་འཁྲུངས་ཤིང་། ༡༧༥༧ ལོར་སྐུ་ཞིང་ལ་ཕེབས།
༣༽ རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ནི་ཕྱི་ལོ་ ༡༧༥༨ ལོར་སྐུ་འཁྲུངས་ཤིང་། ༡༨༠༤ ལོར་སྐུ་ཞིང་ལ་ཕེབས།
༤༽ རྒྱལ་མཆོག་བཅུ་གཅིག་པ་མཁས་སྒྲུབ་རྒྱ་མཚོ་ནི་ཕྱི་ལོ་ ༡༨༣༨ ལོར་སྐུ་འཁྲུངས། ༡༨༥༥ ལོར་སྐུ་ཞིང་ལ་ཕེབས།
༥༽ རྒྱལ་མཆོག་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ནི་ཕྱི་ལོ་ ༡༨༥༦ ལོར་སྐུ་འཁྲུངས་ཤིང་། ༡༨༧༥ ལོར་སྐུ་ཞིང་ལ་ཕེབས།
༦༽ རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་ནི་ཕྱི་ལོ་ ༡༨༧༦ ལོར་སྐུ་འཁྲུངས་ཤིང་། ༡༩༣༣ ལོར་སྐུ་ཞིང་ལ་ཕེབས།
༧༽ རྒྱལ་མཆོག་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ནི་ཕྱི་ལོ་ ༡༩༣༥ ལོར་སྐུ་འཁྲུངས། དེ་ཡང་༸གོང་ས་ལྔ་བ་ཆེན་པོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ནས་བོད་ཡོངས་ལ་བདེ་སྐྱིད་ཀྱི་དགའ་བདེ་དཔལ་ལ་སྐྱོད་རྒྱུ་བྱུང་ཡོད་ཅིང་། ཁོང་གི་མཚན་སྙན་ས་གསུམ་ཀུན་ཏུ་ཁྱབ་ཅིང་། ཏཱ་ལའི་བླ་མ་རིན་པོ་ཆེ་བོད་ལྗོངས་ཆོས་སྲིད་ཀྱི་བདག་པོར་གྱུར་པར་བརྟེན་ནས་རྒྱ་གར་དང་། བལ་ཡུལ་རྒྱལ་ཁབ་སོགས་ནས་བཀྲ་ཤིས་བདེ་ལེགས་ཞུ་མི་མི་སྣ་ཡང་འབྱོར་ཡོད་ཅིང་། བོད་རྒྱལ་ཁབ་བདག་དབང་སྲ་བརྟན་མཛད་ཅིང་། ཆོས་ལྡན་ཞི་བདེའི་རྒྱལ་ཁབ་གཅིག་གི་ངོ་བོ་ཐོག་ནས་གནས་ཡོད། ༸རྒྱལ་མཆོག་ལྔ་པ་ཆེན་པོ་མཆོག་གི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་དུ་བླ་ན་མེད་པ་མཛད་བཞག་ཡོད་པས་ཁོང་ནི་བོད་མི་རིགས་ལ་བཀའ་དྲིན་ཧ་ཅང་ཆེ་བ་དང་། བོད་མི་རིགས་ཡོངས་རྫོགས་གཅིག་འགྱུར་མཛད་ནས་རྒྱལ་སྲིད་ཆོས་བཞིན་བསྐྱངས་ཡོད་པ་དང་། དེ་བཞིན་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དུས་སྐབས་ལའང་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་སྐུ་ངལ་ཚད་མེད་སྐྱོན་གནང་མཛད་ཡོད། བོད་མི་རིགས་ཁེ་གཙང་ཅན་ཞིག་ཡིན་པ་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་གནང་ཡོད།
རྒྱལ་ཚབ་རིམ་བྱོན་གྱི་ཁྲི་ལོ།
༡༽གྲོང་སྨད་པ་སངས་རྒྱས་རྒྱ་མཚོ། ༡༦༧༩-༡༧༠༣
༢༽དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། ༡༩༥༧ [༡༧༧༧
༣༽ཚེ་གླིང་སྐུ་ཕྲེ་དང་པོ་ངག་དབང་འཇམ་དཔལ་ཚུལ་ཁྲིམས། ༡༧༧༧ [ ༡༧༨༦ (1781)
༤༽ཀུན་གླིང་རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོ། ༡༧༩༡ [ ༡༨༡༡ (1810)
༥༽དེ་མོ་ངག་དབང་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༡༨༡༡ [ (1819)
༦༽ཚེ་གླིང་ངག་དབང་འཇམ་དཔལ་ཚུལ་ཁྲིམས། ༡༨༡༩ [ ༡༨༤༤
༧༽པཎ་ཆེན་བཞི་པ་བསྟན་པའི་ཉི་མ། ༡༨༤༤ [ ༡༨༤༧ (1845)
༨༽ ར་སྒྲེང་དག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན། ༡༨༥༥ [ (1845) ༡༨༥༥
༩༽ རྭ་སྒྲེང་ངག་དབང་ཡེ་ཤེས་ཡར་བསྐྱར། ༡༨༥༥ [ (1856) ༡༨༦༢
༡༠༽སྡེ་དྲུག་མཁྱེན་རབ་དབང་ཕྱུག ༡༨༦༤ [ ༡༨༨༦ (1872)
༡༡༽ རྟ་ཚག་ངག་དབང་དཔལ་ལྡན་ཡེ་ཤེས། ༡༨༧༥ [ ༡༨༨༦
༡༢༽ དེ་མོ་དག་དབང་བློ་བཟང་འཕྲིན་ལས་རབ་རྒྱས། ༡༨༨༦ [༡༨༩༥
༡༣༽ དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན། ༡༩༠༤ [ ༡༩༠༩
༡༤༽ ཚེ་སྨོན་གླིང་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན། ༡༩༡༠ [ ༡༩༡༢
༡༥༽ རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་རྒྱལ་མཚན། ༡༩༣༤ [ ༡༩༤༡
༡༦༽ སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས། ༡༩༤༡ [ ༡༩༥༡ (1950)
སྡེ་སྲིད་དང་སྲིད་སྐྱོང་རིམ་པའི་ཁྲི་ལོ།
༡༽སྡེ་སྲིད་བསོད་ནམས་རབ་བརྟན། ༡༦༤༢ [ ༡༦༥༨
༢༽གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ། ༡༦༦༠ [ ༡༦༦༨
༣༽སྡེ་སྲིད་བློ་བཟང་མཐུ་སྟོབས། ༡༦༦༩ [ ༡༦༧༥
༤༽སྡེ་སྲིད་བློ་བཟང་སྦྱིན་པ། ༡༦༧༥ [ ༡༦༧༩
༥༽སྡེ་སྲིད་སངས་རྒྱས་རྒྱ་མཚོ། ༡༦༧༩ [ ༡༧༠༣
༦༽སྡེ་སྲིད་ངག་དབང་རིན་ཆེན། ༡༧༠༥ [ ༡༧༠༧
༧༽ སོག་པོ་ལྷ་བཟང་ཀླུ་དཔལ། ༡༧༠༧ [ ༡༧༡༧
༨༽ མི་དབང་སྟག་རྩེ་བ་ལྷ་རྒྱལ་རབ་བརྟན། ༡༧༡༧ [ ༡༧༢༠
༩༽ མི་དབང་དའི་ཆིང་སྦ་དུར་བསོད་ནམས་རྒྱལ་པོ། ༡༧༢༡ [ ༡༧༢༧
༡༠༽ང་ལུམ་སྦྱར་གསུམ་གྱིས། ༡༧༢༧ [ ༡༧༢༨
(ང་ཕོད་པ་རྡོ་རྗེ་རྒྱལ་པོ། ལུམ་པ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བློ་གྲོས་རྒྱལ་པོ།)
༡༡༽མི་དབང་ཕོ་ལྷ་བ་སོད་ནམས་སྟོབས་རྒྱལ། ༡༧༢༨ [ ༡༧༤༧
༡༢༽ ཝང་འགྱུར་མེད་རྣམ་རྒྱལ། ༡༧༤༧ [ ༡༧༥༠
༡༣༽ བཤད་སྒྲ་དབང་ཕྱུག་རྒྱལ་པོ།༡༨༦༢ [ ༡༨༦༤
༡༤༽ སྡེ་དྲུག་མཁྱེན་རབ་དབང་ཕྱུག ༡༨༤༦ [ ༡༨༧༣
༡༥༽ བློ་ཆེན་བཤད་སྒྲ་དཔལ་འབྱོར་རྡོ་རྗེ། ༡༩༠༤ [ ༡༩༠༩
༡༦༽ བློན་ཆེན་ཆང་ཁྱིམ་མཁྱེན་རབ་དཔལ་བཟང་། ༡༩༠༤ [ ༡༩༠༩
༡༧༽ བློན་ཆེན་ཞོལ་ཁང་དོན་གྲུབ་ཕུན་ཚོགས། ༡༩༠༤ [ ༡༩༠༩
༡༨༽ སྲིད་བློན་གླང་འདུན་ཀུན་དགའ་དབང་ཕྲུག ༡༩༢༦ [ ༡༩༣༥
༡༩༽ སྲིད་ཚབ་མཁན་ཆེ་བློ་བཟང་བཀྲ་ཤིས། ༡༩༥༠ [ ༡༩༥༢
༢༠༽ སྲིད་ཚབ་རྩིས་དཔོན་ཀླུ་ཁང་བ་ཚེ་དབང་རབ་བརྟན། ༡༩༥༠ [ ༡༩༥༢
བཀའ་བློན་རིམ་པའི་ཁྲི་ལོ།
༡༽བུ་ཆུང་ཚེ་བརྟན། ༡༦༤༢ [
༢༽ སྟར་གདོང་པ།
༣༽ ཁང་གནས་པ། ༡༦༥༠ [
༤༽ ཕྱག་རྡོར། ༡༧༡༧ [
༥༽ སྦ་དུར་ནོ་ཡོན། ༡༧༡༧ [ ༡༧༡༨
༦༽ འཕན་པོ་ཨ་ཇོ། ༡༧༢༠ [
༧༽ བཀྲིས་བརྩེགས་པ། ༡༧༡༧ [ ༡༧༢༠
༨༽ ཛ་སག་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ༡༧༢༨ [ ༡༧༦༣
༩༽ ཛ་སག་ཐོན་པ་སྲི་ཆོད་ཚེ་བརྟན། ༡༧༡༨ [ ༡༧༦༥
༡༠༽ དགའ་བཞི་རྣམ་རྒྱལ་ཚེ་བརྟན། ༡༧༣༡ [ ༡༧༣༩
༡༡༽ འབྲོང་རྟེ་དབང་རྒྱལ་ཚེ་བརྟན། ༡༧༣༤ [ ༡༧༥༠
༡༢༽ དགའ་བཞི་པཎྜི་ཏ། ༡༧༣༩ [ ༡༧༨༢
༡༣༽ རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན། ༡༧༥༡ [ ༡༧༨༢
༡༤༽ བསམ་གྲུབ་ཕོ་བྲང་ཀུན་དགའ་བསྟན་འཛིན། ༡༧༣༦ [ ༡༧༧༣
༡༥༽ ཐོན་པ་སྲིད་ཞི་དབང་འདུས། ༡༧༦༥ [ ༡༧༨༧
༡༦༽ བསྐལ་བཟང་ཡོན་ཏན། ༡༧༦༧ [ ༡༧༧༣
༡༧༽ བསྐལ་བཟང་བསྟན་འཛིན་རྣམ་རྒྱལ། ༡༧༧༣ [ ༡༧༧༨
༡༨༽ མདོ་མཁར་བསོད་ནམས་དབང་རྒྱལ། ༡༧༧༣ [ ༡༧༨༨
༡༩༽ བསྐལ་བཟང་རྣམ་རྒྱལ། ༡༧༧༩ [ ༡༧༩༡
༢༠༽ དགའ་བཞི་རྡོ་རིང་བསྟན་འཛིན་དཔལ་འབྱོར། ༡༧༨༣ [ ༡༧༩༡
༢༡༽ བསམ་གྲུབ་ཕོ་བྲང་བཀྲིས་རྣམ་རྒྱལ། ༡༧༨༨ [ ༡༧༨༩་༩༠
༢༢༽ གཡུ་ཐོག་འབུམ་ཐང་བཀྲིས་དོན་གྲུབ། ༡༧༨༨ [ ༡༧༩༡
༡༣༽ ཧོར་ཁང་བསོད་ནམས་བཀྲིས། ༡༧༨༩།༩༠ [ ༡༧༩༢
༢༤༽ ལྷ་སྡིངས་དོན་གྲུབ་ཚེ་དབང་། ༡༧༩༢ [ ༡༨༠༡
༢༥༽ ཕ་ལྷ་བསྟན་འཛིན་རྣམ་རྒྱལ། ༡༧༩༢ [ ༡༨༠༡
༢༦༽ བྱམས་པ་སྟོབ་ལྡན། ༡༧༩༢ [ ༡༨༠༥
༢༧༽ བཤད་སྒྲ་ཀུན་དགའ་དཔལ་འབྱོར། ༡༧༩༢ [ ༡༨༠༤
༢༨༽ ཁྲི་སྨོན་རྡོ་རྗེ་ཚེ་རིང་། ༡༨༠༡ [ ༡༨༡༣
༢༩༽ ཟུར་ཁང་སྲི་གཅོད་ཚེ་བརྟན། ༡༨༠༤ [ ༡༨༡༥
༣༠༽ དགའ་བཞི་མི་འགྱུར་བསོད་ནམས་དཔལ་འབྱོར། ༡༨༠༥ [ ༡༨༣༤
༣༡༽ བཤད་སྒྲ་དོན་གྲུབ་རྡོ་རྗེ། ༡༨༠༨ [ ༡༨༣༩
༣༢༽ ཕ་ལྷ་(བཀྲ་ཤིས་དར་རྒྱས།) ༡༨༡༣ [ ༡༨༢༩
༣༣༽ ཐོན་པ་བསྟན་འཛིན་ཚེ་དབང་། ༡༨༢༢ [ (༡༨༤༣)
༣༤༽ ཟུར་ཁང་ཚེ་བརྟན་རྡོ་རྗེ། ༡༨༢༩ [ ༡༨༤༤
༣༥༽ ཕ་ལྷ་བསོད་ནམས་རྒྱལ་པོ། ༡༨༣༤ [ ༡༨༤༣
༣༦༽ མདོ་མཁར་འགྱུར་མེད་ཚེ་དབང་དཔལ་འབྱོར། ༡༨༣༩ [ ༡༨༤༢
༣༧༽ བཤད་སྒྲ་དབང་ཕྱུག་རྒྱལ་པོ། ༡༨༤༣ [ ༡༨༥༨
༣༨༽ སྤྱི་ལྕགས་དོན་གྲུབ་སྟོབས་རྒྱས། ༡༨༤༤ [ ༡༨༥༡
༣༩༽ གསར་བྱུང་གནོད་སྦྱིན་ཕུན་ཚོགས། ༡༨༤༧ [ ༡༨༥༠
༤༠༽ དཔལ་ལྷུན། ༡༨༤༧ [ ༡༨༥༨
༤༡༽ བསམ་གྲུབ་ཕོ་བྲང་རྒྱལ་མཚན་དངོས་གྲུབ། ༡༨༥༢ [ ༡༨༥༦
༤༢༽ (ཐའི་ཇི)བཀྲས་ཚང་ཚེ་བརྟན། ༡༨༥༢ [ ༡༨༥༦
༤༣༽ སྐྱིད་སྟོད་པ། ༡༨༥༨ [ ༡༨༥༩
༤༤༽ ལྕང་རྒྱབ་ལྷ་དབང་མགོན་པོ། ༡༨༥༨ [ ༡༨༦༡
༤༥༽ དགའ་བཞི་ཉི་མ་ལྷུན་གྲུབ། ༡༨༥༨ [ ༡༨༦༡
༤༦༽ མདོ་མཁར་པ་(རྟ་འགྲིན་ཚེ་བརྟན།) ༡༨༥༩ [ ༡༨༦༢
༤༧༽ ཕ་ལྷ་པདྨ་རྒྱལ་པོ། ༡༨༦༠ [ ༡༨༧༤
༤༨༽ སྤོ་ཤོད་བློ་བཟང་དར་རྒྱས། ༡༨༦༠ [
༤༩༽ རང་བྱོན་རྡོ་རྗེ་དོན་གྲུབ། ༡༨༦༢ [ ༡༨༦༧
༥༠༽ ཕུ་ལུང་ཕུན་ཚོགས་ཚེ་དབང་། ༡༨༦༢ [ ༡༨༧༠
༥༡༽ གསར་བྱུང་ཚེ་དབང་དཔལ་འབར(འབྱོར)༡༨༦༥[
༥༢༽ མཚོ་སྒོ་མིག་དམར་ཚེརིང་། ༡༨༦༧ [ ༡༨༧༡
༥༣༽ བཤད་སྒྲ་ཚེ་རིང་དབང་ཕྱུག ༡༨༦༩ [ ༡༨༧༡
༥༤༽ བྷཱ་རུམ་པ་རྣམ་རྒྱལ་རྡོ་རྗེ། ༡༨༧༠ [
༥༥༽ མདོ་མཁར་ཚེ་དབང་ནོར་བུ། ༡༨༧༡ [ ༡༨༩༦
༥༦༽ མདོ་མཁར་ཚེ་དབང་དཔལ་འབྱོར། [ ༡༨༧༣
༥༧༽ གཡུ་ཐོག་(ལྷ་དབང་རྡོ་རྗེ།) ༡༨༧༣ [ ༡༨༧༨
༥༨༽ ཕ་ལྷ་བཀྲིས་དར་རྒྱས། ༡༨༧༦ [ ༡༨༩༡
༥༩༽ རམ་པ་ལྷ་དབང་རྡོ་རྗེ། ༡༨༧༨ [ ༡༨༩༨
༦༠༽ བློ་བཟང་ཡོན་ཏན། ༡༨༧༨ [ ༡༨༨༩
༦༡༽ ལྷ་ཀླུ་ཡེ་ཤེས་ོར་བུ་དབང་ཕྱུག ༡༨༨༡ [ ༡༨༩༡
༦༢༽ ཡེ་ཤེས་ཕུལ་བྱུང་། ༡༨༨༩ [ ༡༨༩༣
༦༣༽ ཟུར་ཁང་བསོད་ནམས་དབང་ཆེན། ༡༨༩༣ [ ༡༩༠༡
༦༤༽ བཤད་སྒྲ་དཔལ་འབྱོར་རྡོ་རྗེ། ༡༨༩༣ [ ༡༩༠༣
༦༥༽ གུང་ཐང་པ་བསྟན་འཛིན་དབང་པོ། ༡༨༩༤ [ ༡༩༠༠
༦༦༽ ཞོལ་ཁང་དོན་གྲུབ་ཕུན་ཚོགས། ༡༩༠༠ [ ༡༩༠༣
༦༧༽ ཆང་ཁྱིམ་ངག་དབང་མཁྱེན་རབ་དཔལ་བཟང་། ༡༩༠༡ [ ༡༩༠༣
༦༨༽ ཧོར་ཁང་བསོད་ནམས་སྟོབས་རྒྱས། ༡༩༠༢ [ ༡༩༠༣
༦༩༽ གཡུ་ཐོག་ཕུན་ཚོགས་དཔལ་ལྡན། ༡༩༠༣ [ ༡༩༠༧
༧༠༽ ཚ་རོང་དབང་ཕྱུག་རྒྱལ་པོ། ༡༩༠༣ [ ༡༩༡༢
༧༡༽ བློ་བཟང་འཕྲིན་ལས། ༡༩༠༤ [ ༡༩༡༠
༧༢༽ གསར་བྱུང་ཚེ་བརྟན་དབང་ཕྱུག ༡༩༠༤ [ ༡༩༡༤
༧༣༽ ཤེལ་དཀར་གླིང་པ་མི་འགྱུར་ལྷུན་གྲུབ། ༡༩༡༢ [ ༡༩༡༣
༧༤༽ བྱམས་པ་བསྟན་དར། ༡༩༡༢ [ ༡༩༢༢
༧༥༽ བདེ་སྐྱིད་གླིང་། ༡༩༡༣ [ ༡༩༡༤
༧༦༽ ཁེ་སྨད་རིན་ཆེན་དབང་རྒྱལ། ༡༩༡༤ [ ༡༩༢༡
༧༧༽ ཚ་རོང་ཟླ་བཟང་དགྲ་འདུལ། ༡༩༡༤ [ ༡༩༢༩
༧༨༽ ཁྲི་སྨོན་ནོར་བུ་དབང་རྒྱལ། ༡༩༡༤ [ ༡༩༣༥ (༡༩༣༦)
༧༩༽ ང་ཕོད་རྟ་འགྲིན་ཕུན་ཚོགས། ༡༩༢༡ [ ༡༩༣༢
༨༠༽ བློ་བཟང་བསྟན་སྐྱོང་། ༡༩༢༥ [ ༡༩༣༡
༨༡༽ སྨན་སྟོད་རྡོ་རྗེ་རྣམ་རྒྱལ། ༡༩༢༩ [ ༡༩༣༡
༨༢༽ དགེ་འདུན་ཆོས་དར། ༡༩༣༢ [ ༡༩༣༤
༨༣༽ བཀྲས་མཐོང་འགྱུར་མེད་རྒྱ་མཚོ། ༡༩༣༢ [ ༡༩༣༨
༨༤༽ སྣང་བྱུང་སྤེན་པ་(པདྨ་)དོན་གྲུབ། ༡༩༣༢ [ ༡༩༤༣
༨༥༽ ཆང་ཁྱིམ་ཐུབ་བསྟན་ཤཱཀྱ། ༡༩༣༤ [ ༡༩༣༩
༨༦༽ བོན་གྲོང་ཚེ་བརྟན་རྫོ་རྗེ། ༡༩༣༥ [ ༡༩༤༥
༨༧༽ ཕུན་ཁང་བཀྲིས་རྡོ་རྗེ། ༡༩༣༧ [ ༡༩༤༦
༨༨༽ བཀའ་བློན་བླ་མ་བསྟན་པ་འཇམ་དབྱངས། ༡༩༣༨ [ ༡༩༤༤
༨༩༽ ཟུར་ཁང་དབང་ཆེན་དགེ་ལེགས། ༡༩༤༣ [ ༡༩༦༠
༩༠༽ བཀའ་བློན་བླ་མ་རམ་པ་ཐུབ་བསྟན་ཀུན་མཁྱེན། ༡༩༤༤ [ ༡༩༥༡
༩༡༽ རྩིས་དཔོན་ཁ་ཤོད་པ་ཆོས་རྒྱལ་ཉི་མ། ༡༩༤༥ [ ༡༩༤༩
༩༢༽རྩིས་དཔོན་ལྷ་ཀླུ་ཚེ་དབང་རྡོ་རྗེ། ༡༩༤༧ [ ༡༩༥༢
༩༣༽ དམག་སྤྱི་ཛ་སག་མདོ་མཁར་ཕུན་ཚོགས་རབ་རྒྱས། ༡༩༤༨ [ ༡༩༥༧
༩༤༽ རྩིས་དཔོན་ང་ཕོད་ངག་དབང་འཇིགས་མེད། ༡༩༤༨ [ ༡༩༥༧
༩༥༽ བཀྲས་གླིང་མཁྱེན་རབ་དབང་ཕྱུག།༡༩༥༡ [ ༡༩༥༦
༩༦༽ བསམ་གྲུབ་ཕོ་བྲང་ཚེ་དབང་རིག་འཛིན། ༡༩༥༧ [ ༡༩༥༩
༩༧༽ བཀའ་ཚབ་ཤན་ཁ་འགྱུར་མེད་བསོད་ནམས་རྡོ་རྗེ། ༡༩༥༠ [ ༡༩༦༠ (ཕྱི་ལོ་ ༡༩༥༣ ལོར་ནས་བཀའ་བློན་དངོས)
༩༨༽ བཀའ་ཚབ་མཁན་ཆུང་ཐུབ་བསྟན་རབས་ཡངས། ༡༩༥༠ [
༩༩༽ བཀའ་ཚབ་མཁན་ཆེན་བཀྲིས་གླིང་པ་མཁྱེན་རབ་དབང་ཕྱུག ༡༩༥༡
༡༠༠༽ བཀའ་ཚབ་ཛ་སག་སྣེ་ཤར་ཐུབ་བསྟན་ཐར་པ། ༡༩༥༦ [ ༡༩༦༠
༡༠༡༽ བཀའ་ཚབ་དགའ་བྲང་བློ་བཟང་རིག་འཛིན། ༡༩༥༩ [ ༡༩༦༠ (ཕྱི་ལོ་ ༡༩༥༣ ནས་བཀའ་བློན་དངོས།)
༡༠༢༽ བཀའ་ཚབ་གཡུ་ཐོག་བློ་བཟང་རིག་འཛིན། ༡༩༥༩ [ ༡༩༦༠ བཅས་ཀྱི་བཀའ་བློན་རིམ་པའི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཞི་བདེ་ངང་ནས་ཆོས་དང་མཐུན་པའི་ཆབ་སྲིད་བསྐྱངས་ཡོད་པ་རེད།
དེ་ནས་ཕྱི་ལོ་ ༡༩༤༩ ལོར་ནས་བོད་ཀྱི་ས་མཚམས་ཁག་ནས་རྒྱ་དམར་གྱིས་ཁ་དབྱངས་སྙན་པོ་སྒྲོག་བཞིན་རིམ་གྱིས་བཙན་འཛུལ་བྱེད་མགོ་བཙུགས་ཤིང་། རང་གཞུང་དམག་མི་དང་དྭང་དམག་ཁག་གི་སྔོན་འགོག་བྱེད་ཐབས་རིམ་པ་གནང་ནའང་མང་སྣེ་ཉུང་གི་མ་བསྟེན་ནས་བོད་ལྗོངས་ཡོངས་རྫོགས་རྒྱ་དམར་གྱིས་བཙན་འཕྲོག་བྱས་ཤིང་། རང་གཞུང་གིས་མི་གསེར་ལ་བརྡབ་བསྲེགས་མི་འབྱུང་གི་ཆེད་དུ་རྒྱ་དམར་དང་ཞི་མཐུན་མཉམ་གནས་ཡོང་ཐབས་སུ་མི་ལོ་དགུ་ཙམ་ཞིག་གི་རིང་དུ་བྱས་ཀྱང་རྒྱ་གཞུང་གིས་ཉིན་རེ་རྣམ་འགྱུར་ཇེ་འཚུབ་སྟོན་པ་སོགས་ཀྱིས་༸རྒྱལ་བའི་སྐུ་འཁོར་ཧྲག་བསྡུས་ཤིག་བོད་མི་རིགས་དང་ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ངལ་བ་བརྒྱ་ཕྲག་དང་དུ་བཞེས་ནས་ལེ་བར་བརྒྱ་ཕྲག་བརྒལ་ནས་འགྲུལ་བཞུད་ལ་ཕེབས་དགོས་བྱུང་ཞིང་། མི་ཡུལ་ས་ཆ་ལག་མཐིལ་ཙམ་ཡང་མེད་ནའང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་གྲ་སྒྲིག་སྡུག་ས་དང་རེ་བཟང་ས་སྐྱོན་དགོས་པའི་རིན་ཐང་ཅན་གྱི་བཀའ་སློབ་རིམ་པ་ཕེབས་པ་བརྟེན་ནས་དབུས་ལས་ཁུངས་མ་ལག་དང་བཅས་པ་གསར་འཛུགས་གནང་བ་དང་། ལྷག་པར་བོད་མི་རིགས་འདི་ཉིད་ཡུན་རིང་གནས་དང་མི་གནས་དེ་ན་གཞོན་རྣམས་ཀྱི་ཤེས་ཡོན་ལ་རགས་ལས་ཡོད་པ་དགོངས་བཞེས་ཀྱིས་བོད་མི་སློབ་གྲྭ་ཁེར་གཙང་གསར་འཛུགས་གནང་བས་གྲུབ་འབྲས་ཀྱི་དེང་སྐབས་བོད་མི་རིགས་ཀྱི་ངོ་བོ་མ་བརླག་པ་འཛམ་གླིང་འདིའི་ཐོག་ཏུ་གནས་ཐུབ་པ་བྱུང་ཡོད། དེ་བཞིན་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་ཡོད་ཆེད་དུ་བོད་མི་ཁེར་གཙང་གསར་འཛུགས་གནང་བ་སོགས་ཀྱི་རླབས་ཆེན་གྱི་དགོངས་བཞེས་ཟབ་མོའི་བཀའ་དྲིན་གྱིས་འོག་ནས་འཛམ་གླིང་ནང་བཙན་བྱོལ་དུ་མ་ཞིག་ཡོད་པ་ནང་ནས་མི་འདྲ་བ་ཚགས་བཙུད་ཤོས་ཀྱི་གཞུང་ངམ་སྒྲིགས་འཛུགས་ཤིག་སྐྲུན་ཐུབ་པ་བྱུང་ཡོད།
དེར་བརྟེན་ནས་བཙན་བྱོལ་ནང་བཀའ་བློན་སྐབས་དང་པོ། (༡༩༥༩ ནས་ ༡༩༦༠)
༡༽ བཀའ་བློན་ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས།
༢༽ ཆོས་དོན་བློན་ཤན་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱལ།
༣༽ ཕྱི་སྲིད་དང་ཨ་རི་དོན་གཅོད་གཅིག་ལྕོགས་སྣེ་ཤར་ཐུབ་བསྟན་ཐར་པ།
༤༽ ཕྱག་སྤྲེལ་དཔལ་འབྱོར་བཀའ་བློན་དགའ་བྲང་བློ་བཟང་རིག་འཛིན།
༥༽ དཔལ་འབྱོར་བློན་གཡུ་ཐོག་བཀྲིས་དོན་གྲུབ།
བཀའ་ཤག་སྐབས་གཉིས་པ། (༡༩༦༠ ནས་ ༡༩༦༤༽
༡༽ བཀའ་ཁྲི་ཤར་ཁ་འགྱུར་མེད་བསོད་ནམས་སྟོབས་རྒྱལ།
༢༽ ཕྱི་སྲིད་བཀའ་བློན་སྣེ་ཤར་ཐུབ་བསྟན་ཐར་པ།
༣༽ ནང་སྲིད་བཀའ་བློན་ཕ་ལྷ་ཐུབ་བསྟན་འོད་ལྡན།
༤༽ ཆོས་དོན་བཀའ་བློན་ལྕོག་སྟེང་ཐུབ་བསྟན་ནོར་བཟང་།
༥༽ དཔལ་འབྱོར་བཀའ་བློན་དགའ་བྲང་བློ་བཟང་རྒྱལ་མཚན།
༦༽ ཤེས་རིག་བཀའ་བློན་ཀུན་གླིང་འོད་ཟེར་རྒྱལ་མཚན།
བཀའ་ཤག་སྐབས་གསུམ་པ། (༡༩༦༤ ནས་ ༡༩༦༦)
༡༽ བཀའ་ཁྲི་དགའ་བྲང་བློ་བཟང་རིག་འཛིན།
༢༽ ཆོས་དོན་བཀའ་བློན་ཀུན་གླིང་འོད་ཟེར་རྒྱལ་མཚན།
༣༽ ནང་སྲིད་བཀའ་བློན་དབང་འདུད་རྡོ་རྗེ།
༤༽ ཤེས་རིག་བཀའ་བློན་ལྗང་ཚ་ཆོས་མཛད་ཚེ་རིང་མགོན་པོ།
བཀའ་ཤག་སྐབས་བཞི་པ། (༡༩༦༦ ནས་ ༡༩༦༩)
༡༽ བཀའ་བློན་ཁྲི་པ་ཀུན་གླིང་འོད་ཟེར་རྒྱལ་མཚན།
༢༽ ནང་སྲིད་བཀའ་བློན་དབང་འདུད་རྡོ་རྗེ།
༣༽ ཤེས་རིག་བཀའ་བློ་ཕྲེང་རིང་འཇིགས་མེད་སུམ་རྩེན་དབང་པོ།
༤༽ བདེ་སྲུང་བཀའ་བློན་བྱེ་གཞོངས་ཚེ་དབང་རྟ་མགྲིན།
བཀའ་ཤག་སྐབས་ལྔ་པ། (༡༩༦༩ ནས་ ༡༩༧༧)
༡༽ བཀའ་བློན་ཁྲི་པ་དབང་འདུད་རྡོ་རྗེ།
༢༽ དཔལ་འབྱོར་བཀའ་བློན་བྲེ་གཞོངས་ཚེ་དབང་རྟ་མགྲིན།
༣༽ ཤེས་རིག་བཀའ་བློན་དཔལ་ཆོས་ཐུབ་བསྟན་ཉིན་བྱེད།
༤༽ བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲིས།
༥༽ དྲིལ་བསྒྲགས་བཀའ་བློན་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
༦༽ ལྡི་དོན་བཀའ་བློན་ས་འདུ་རིན་ཆེན་དོན་གྲུབ།
བཀའ་ཤག་སྐབས་དྲུག་པ། (༡༩༧༧ ནས་ ༡༩༨༣)
༡༽ བཀའ་བློན་ཁྲི་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
༢༽ ཤེས་རིག་བཀའ་བློན་བཀྲས་མཐོང་བསྟན་འཛིན་དགེ་བྱེད།
༣༽ དཔལ་འབྱོར་བཀའ་བློན་ཕུན་རབ་བློ་བཟང་དར་རྒྱས།
༤༽ བདེ་སྲུང་བཀའ་བློན་བཀྲིས་དབང་འདུད།
བཀའ་ཤག་སྐབས་བདུན་པ། (༡༩༨༣ ནས་ ༡༩༩༠)
༡༽ བཀའ་བློན་ཁྲི་པ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།
༢༽ སྐུ་བཅར་བཀའ་བློན་བཀྲས་མཐོང་བསྟན་འཛིན་དགེ་བྱེད།
༣༽ དཔལ་འབྱོར་བཀའ་བློན་ཕུན་རབ་བློ་བཟང་དར་རྒྱས།
༤༽ བདེ་དྲིལ་བཀའ་བློན་བཀྲིས་དབང་འདུད།
༥༽ རྒྱུན་བཞུགས་བཀའ་བློན་ཞེ་བོ་བློ་བཟང་དར་རྒྱས།
༦༽ བདེ་སྲུང་བཀའ་བློན་ཨ་ལགས་འཇིགས་མེད་ལྷུན་གྲུབ།
༧༽ ཆོས་འཕྲོད་བཀའ་བློན་རྒྱ་རི་བློ་གྲོས་རྒྱལ་མཚན།
བཀའ་ཤག་སྐབས་བརྒྱད་པ། (༡༩༩༠།༥།༡༧ ནས་ ༡༩༩༡།༧།༡)
༡༽ བཀའ་ཁྲི་དང་ཆོས་ནང་དཔལ་གསུམ་གྱི་བཀའ་བློན་ཉག་རེ་སྐལ་བཟང་ཡེ་ཤེས།
༢༽ བདེ་དྲིལ་བཀའ་བློན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
༣༽ ཤེས་འཕྲོད་བཀའ་བློན་རྗེ་བཙུན་པདྨ།
བཀའ་ཤག་སྐབས་དགུ་པ། (༡༩༩༡་༨་༩ ནས་ ༡༩༩༣་༡་༢༥)
༡༽ བཀའ་ཁྲི་དང་བདེ་སྲུང་བཀའ་བློན་རྒྱལ་ལོ་དོན་གྲུབ།
༢༽ ནང་དཔལ་བཀའ་བློན་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
༣༽ ཆོས་འཕྲོད་བཀའ་བློན་ཉག་རེ་སྐལ་བཟང་ཡེ་ཤེས།
༤༽ ཤེས་རིག་བཀའ་བློན་རྗེ་བཙུན་པདྨ།
༥༽ ཕྱི་དྲིལ་བཀའ་བློན་བཀྲིས་དབང་འདུས།
བཀའ་ཤག་སྐབས་བཅུ་པ། (༡༩༩༣་༢ ནས་ ༡༩༩༦་༥)
༡༽ བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།༡༩༩༣་༢ནས་༡༩༩༥་༣་ཁྲི་པ་དང་དཔལ་འབྱོར་དང་ཕྱི་དྲིལ།
༢༽ རྒྱལ་ལོ་དོན་གྲུབ།༡༩༩༣་༢ནས་༡༩༩༣་༨་བདེ་སྲུང་བཀའ་བློན།
༣༽ ཉག་རེ་སྐལ་བཟང་ཡེ་ཤེས་༡༩༩༣་༢ ནས་ ཆོས་རིག་བཀའ་བློན།
༤༽ རྗེ་བཙུན་པདྨ་༡༩༩༣་༢ནས་༡༩༩༣་༧་༩ཤེས་རིག་བཀའ་བློན།
༥༽ བཀྲ་ཤིས་དབང་འདུད།༡༩༩༣་༢ནས་༡༩༩༥་༡༡ཕྱི་དྲིལ་དང་འཕྲོད་བསྟེན་བཀའ་བློན།
༦༽ རིན་ཆེན་མཁའ་འགྲོ།༡༩༩༣་༢[༡༩༩༣་༨་ནང་འཕྲོད།༡༩༩༣་༨་ཤེས་རིག་བཀའ་བློན།
༧༽ ཙོང་ཁ་ལྷ་མོ་ཚེ་རིང་།༡༩༩༣་༨་བདེ་སྲུང་བཀའ་བློན།
༨༽ མཛེས་བཅུ་བསོད་ནམས་སྟོབས་རྒྱལ།༡༩༩༣་༨་ནང་འཕྲོད།༡༩༩༥་༥་བཀའ་ཁྲི།
༩༽ ཟླ་བ་ཚེ་རིང་།༡༩༩༤་༨་དཔལ་འབྱོར་བཀའ་བློན།
བཀའ་ཤག་སྐབས་བཅུ་གཅིག་པ། (༡༩༩༦་༦་༢༠༠༡་༩)
༡༽ ཉག་རེ་སྐལ་བཟང་ཡེ་ཤེས། ༡༩༩༦་༦་༥་ ༡༩༩༧་༣་༡༨་བཀའ་ཁྲི།
༢༽ མཛེས་བཅུ་བསོད་ནམས་སྟོབས་རྒྱལ། ༡༩༩༦་༦་༥[ ༡༩༩༧་༤་༧། ནང་སྲིད་བཀའ་བློན། ། ༡༩༩༧་༣་༡༨ [༢༠༠༡་༩། བཀའ་ཁྲི། ༡༩༩༨་༦་༡་ [༡༩༩༨་༩་༢༤། བདེ་སྲུང་། ༡༩༩༩་༣་༣༠ [༡༩༩༩་༩་༢༧། ཆོས་རིག
༣༽ བཀྲིས་དབང་འདུས། ༡༩༩༦་༦་༥ [ ༡༩༩༧་༤་༡། ཕྱི་དྲིལ། ༡༩༩༧་༤་༨ [༡༩༩༩་༩་༢༢། ནང་སྲིད། ༡༩༩༧་༧་༡༠ [༡༩༩༩་༩་༢༣། བདེ་སྲུང། ༡༩༩༩་༩་༢༨ [༢༠༠༡་༩ ཆོས་རིག
༤༽ རིན་ཆེན་མཁའ་འགྲོ། ༡༩༩༦་༦་༥། ༢༠༠༡།ཤེས་རིག།
༥༽ སྲོང་བུ་ཚང་མདོ་སྔགས་བསྟན་འཛིན།༡༩༩༦་༦་༥ [༡༩༩༧་༡་༣༡། བདེ་སྲུང་བཀའ་བློན།
༦༽ བཀྲས་མཐོང་ཚེ་དབང་ཆོས་རྒྱལ། ༡༩༩༧་༤་༢ [༢༠༠༡་༩། ཕྱི་དྲིལ། ༡༩༩༧་༤་༨། ལྡི་ལི་དོན་གཅོད་མཛད་འགན་གཅིག་ལྕོགས།
༧༽ ཨ་ལགས་ཀིརྟི་རིན་པོ་ཆེ། ༡༩༩༧་༤་༨ [༡༩༩༩་༣་༣༡། ཆོས་རིག་བཀའ་བློན།
༨༽ ཨ་ལག་རྩ་ཡུལ་བསྟན་འཛིན་དཔལ་འབར། ༡༩༩༧་༤་༨ [༡༩༩༨་༦་༡། བདེ་སྲུང་། ༡༩༩༧་༧་༧ [༡༩༩༨་༦་༧། ལས་ཁུངས་དམིགས་མེད་བཀའ་བློན།
༩༽ བསྟན་པ་ཚེ་རིང་། ༡༩༩༩་༩་༢༣ [༢༠༠༡་༩་ ནང་སྲིད་བཀའ་བློན།
༡༠༽ དཀར་མཛེས་པདྨ་ཆོས་འབྱོར།༡༩༩༨་༩་༢༥ [༢༠༠༡་༩་བདེ་སྲུང་བཀའ་བློན།
༡༡༽ བླ་བྲང་བཟོད་པ་རྒྱ་མཚོ།༡༩༩༦་༦་༥ [༢༠༠༡་༩།དཔལ་འབྱོར་བཀའ་བློན།
༡༢༽ དབྱངས་སྐྱིད་བསམ་མཁར། ༡༩༩༦་༦་༥ [༢༠༠༡་༩།འཕྲོད་བསྟེན་བཀའ་བློན།
བཀའ་ཤག་སྐབས་བཅུ་གཉིས་པ། (༢༠༠༡་༩་༥་[་༢༠༠༦་༨་༡༤)
༡༽ བོད་མི་མང་གི་འོས་འདེམས་བྱས་པའི་བཀའ་ཁྲི་ཐོག་མ་ཟམ་གདོང་བློ་བཟང་བསྟན་འཛིན། ༢༠༠༡་༩་༥ ནས་༢༠༠༥་༣་༤བདེ་སྲུང་དང་ཕྱི་དྲིལ། ༢༠༠༥་༣་༥། ༢༠༠༦་༨་༡༤། བདེ་སྲུང་དང་ནང་སྲིད་བཀའ་བློན།
༢༽ བློ་བཟང་ཉི་མ། ༢༠༠༡་༩་༢༠ [༢༠༠༥་༣་༤། ནང་སྲིད། ༢༠༠༥་༣་༥ [༢༠༠༦་༨་༡༤། ཆོས་རིག་བཀའ་བློན།
༣༽ ཆ་ཕྲེང་བློ་བཟང་སྙན་གྲགས།༢༠༠༡་༩་༢༠ [༢༠༠༥་༣་༤། དཔལ་འཕྲོད་བཀའ་བློན། ༢༠༠༦་༨་༡༤། དཔལ་ཕྱི་བཀའ་བློན།
༤༽ ཐུབ་བསྟན་ལུང་རིགས། ༢༠༠༡་༩་༢༠། [༢༠༠༥་༣་༤། ཆོས་ཤེས། ༢༠༠༥་༣་༥ [ ༢༠༠༦་༨་༡༤་བར་ཤེས་འཕྲོད་བཀའ་བློན།
བཀའ་ཤག་སྐབས་བཅུ་གསུམ་པ། (༢༠༠༦་༨་༡༥ ༢༠༡༡་)
༡༽ བཀའ་ཁྲི་ཟམ་གདོང་བློ་བཟང་བསྟན་འཛིན།༢༠༠༦་༡༠་༥ ༢༠༡༡ དཔལ་འཕྲོད་བདེ་གསུམ་གྱི་བཀའ་བློན།
༢༽ གོ་འཇོ་ཚེ་རིང་ཕུན་ཚོགས། ༢༠༠༦་༡༠་༥ ༢༠༡༡ ཆོས་རིག་བཀའ་བློན།
༣༽ བསྟན་པ་ཚེ་རིང་། ༢༠༠༦་༡༠་༥ ༢༠༡༡ དྲིལ་བསྒྲགས་བཀའ་བློན།
༤༽ ཐུབ་བསྟན་ལུང་རིགས། ༢༠༠༦་༡༠་༥ ༢༠༡༡ ཤེས་རིག་བཀའ་བློན།
༥༽ སྟག་ལྷ་སྐལ་བཟང་དབྱངས་སྐྱིད། ༢༠༠༦་
༣༽ ཚེ་རིང་དོན་གྲུབ། ༢༠༠༦་
༤༽ བློན་འབྲོང་ཆུང་དངོས་གྲུབ། ༢༠༠༦་
བཀའ་ཤག་སྐབས་བཅུ་བཞི་པ། (༢༠༡༡་༨་༨)
༡༽ བཀའ་ཁྲི་དང་ཤེས་རིག་བཀའ་བློན་གཅིག་ལྕོགས་བློ་བཟང་སེངྒེ།
༢༽ ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ།
༣༽ དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ།
༤༽ བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ།
༥༽ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས།
༦༽ འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག།
དེ་བཞིན་ཕྱི་ལོ་ ༡༩༦༠ ནས་མང་གཙོ་ལམ་བཟང་མགོ་བཙུགས་ཏེ་ད་ལྟ་བར་བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་སྐབས་བཅོ་ལྔ་བར་མི་མང་གི་འོས་འདེམས་ཀྱི་ལམ་འཐུས་མི་འདེམས་ཀྱི་ཡོད་པ་རེད། དེང་རབས་དང་མཐུན་པའི་བཙན་བྱོལ་བོད་མི་རྣམས་ཀྱི་འོས་འདེམས་ཀྱི་ལམ་ནས་མི་འཐུས་འདེམས་བཞིན་ཡོད་དོ། དེ་ཡང་གཤམ་གྱི་ལོ་ཚིགས་འཁྲུངས་འདས་འདི་དག་ནི་ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་ནང་བཀོད་པ་ལྟར་སྒྲིག་ཡོད་པས་དེ་ལུགས་མཁྱེན་པར་མཛོད།
བོད་ཀྱིས་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱི་ཆིངས་ཡིག་བཞག་པ།
དེ་ཡང་ལྕགས་སྟག་ ༧༥༠ ལོར་བོད་དང་རྒྱ་ནག་གི་ས་མཚམས་སུ་དམག་འཁྲུག་ཡང་ཡང་བྱུང་སྟེ་དམག་འབུམ་ཕྲག་གཉིས་རྒྱ་ནག་ཕྱོགས་སུ་དཔུང་འཇུག་བྱེད་དགོས་པས་བཀའ་སྩལ། བོད་དམག་གིས་རྒྱའི་གྲོང་ཁྱེར་མང་པོ་བླངས། མཐར་བོད་དམག་རྣམས་ཆུ་རུད་དྲག་ཏུ་རྒྱུགས་པ་ལྟ་བུའི་དྲག་ཤུགས་ཀྱིས་རྒྱའི་གོང་མ་ཡང་རང་གི་རྒྱལ་ས་སྡོད་བློ་མ་བཟོད་ནས་རྒྱལ་ས་ནས་ཅཱ་རྔན་ཕྱོགས་སུ་བྲོས་དགོས་པ་སོགས་བྱུང་ཡོད། དེ་ནས་རྒྱ་ནག་རྒྱལ་ཡོངས་ལ་གོང་མ་བཀྲིས་ཀྱི་ཁྲི་ལོ་ཡང་ཁྱབ་བསྒྲགས་བྱས། རྒྱ་ནག་ནས་བོད་ལ་ལོ་ལྟར་དཔྱ་ཁྲལ་འབུལ་རྒྱུའི་ཆོད་དོན་ཡི་གེ་བླངས་པར་གྲགས་ལ། ལོ་རྒྱུ་དེ་རྡོ་རིང་གི་ལྷོ་ངོས་སུ་ཡོད་སྐད། ལོ་རྒྱུས་ཡོངས་གྲགས་སུ་བྱས་ན།
ཆུ་ཕག་ཕྱི་ལོ་ ༧༨༣ ལོར་བོད་དང་རྒྱ་ནག་གཉིས་ཞི་བའི་ཆིངས་ཡིག་བཞག་ནས་རྡོ་རིང་ནང་བརྐོས་ཡོད་པ་རེད། དེ་ཡང་བོད་ཀྱི་སྲིད་དོན་རྒྱལ་རབས་ལས། བོད་དང་། རྒྱ་ནག་གཉིས་ཞི་བའི་བཀའ་མོལ་ཞིག་གནང་སྟེ། ཆིང་སུ་ཞེས་པའི་ས་ཆར་ཆིངས་ཡིག་ཅིག་བཞག་ནས་རྒྱལ་ཁབ་ཕན་ཚུན་གཉིས་ཀྱི་ས་མཚམས་དབྱེ་བ་དང་། ཞེས་དང་། དེ་ནས་ཕྱི་ལོ་ ༡༧༨༩ ལོར་ཕྱི་ལོ་ ༨༢༡ གོང་ལ་རྒྱ་བོད་གཉིས་སྐབས་འགར་དམག་འཐབ་པ་དང་སྐབས་འགར་ཞི་ཆིངས་བྱས་པའི་ལོ་རྒྱུས་མང་ན་ཡང་ཀུན་ལ་གྲགས་ཆེ་བ་ནི།
བོད་མི་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཕུལ་བྱུང་གི་མི་རིགས་ཤིག་ཡིན་པ་རྒྱལ་རབས་ལོ་རྒྱུས་ཁག་ནས་མཐོང་ཐུབ་ཀྱི་འདུག་སྙམ།
ཕྱི་ལོ་ ༡༩༤༩ ལོར་བོད་དུས་འགྱུར་ཆེན་པོ་བྱུང་ནས་བོད་མི་གཞིས་བྱེས་གཉིས་སུ་ཁ་འགྱེལ་དགོས་ཐུག་ཡོད། འཛམ་གླིང་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་ནས་དེང་སྐབས་བོད་མིའི་འཚོ་བའི་ཁྲོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད་པ་དེ་རེད། ང་ཚོ་ཚང་མས་མེས་དཔོན་གོང་མ་དེ་དག་གི་ངལ་བ་ཁྱད་བསད་ཀྱིས་བོད་མི་རིགས་ཀྱི་རིག་པའི་གཞུང་ལུགས་སྐྲུན་པ་དེ་དག་ལ་བདག་གཅེས་བྱེད་དགོས་པ་ནི་ད་ལྟ་འཚར་ལོངས་ཡོང་བཞིན་པའི་ན་གཞོན་གྱི་ལག་ཏུ་ཡོད་པས། ཚང་མས་ཧུར་བརྩོན་ཆེན་པོའི་སོ་སོ་མི་རིགས་ཀྱི་ཁྱད་ཆོས་མ་བརླག་པ་བྱེད་དགོས་པ་དེ་རེད། དེ་བཞིན་སྔོན་གྱི་ལོ་རྒྱུས་ཁག་ལ་གཟིགས་ཞིབ་གནང་དགོས་པའི་རང་རེའི་ན་གཞོན་རྣམས་ཀྱི་གལ་ཆེ་གནད་དོན་ཞིག་ཡིན་པ་རེད། གུས་པའི་བོད་ཀྱི་ལོ་རྒྱུས་ཁག་ལ་གཞི་བཅོལ་ནས་བསྒྲིགས་ཡོད་ན་དེ་ལུགས་གཟིགས་པ་པོ་རྣམས་ཀྱིས་དགོངས་མངལ་མཛོད།
བོད་གཞུང་གི་རྒྱལ་ཁབ་གཞན་བར་ཆིངས་ཡིག་བཞག་པའི་གལ་ཆེའི་ཡིག་ཆ་ཁག།
དེ་ཡང་སྤྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་མོར་ལྷ་སར་རྒྱ་གར་དབྱིན་ཇིའི་གཞུང་དང་། བོད་གཞུང་དབར་བཞག་པའི་ཆིངས་ཡིག།
སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པའི་དོན་འབྲས་ཆ་གནས་མིན་དང་། ཆུ་སྦྲུལ་ལོ་ནང་ཚོང་གི་འགྲོ་ལུགས་སྐོར་ཆིངས་ཡིག་ལ། བོད་གཞུང་ཕྱོགས་ནས་ཆིངས་ཡིག་འདི་དག་རྣམས་ལ་བརྩི་འཇོག་མེད་པས་ཐེ་ཚོམ་དང་དཀའ་ངལ་སོགས་བྱུང་རྐྱེན་གྱིས་ཕྱི་བོད་གཉིས་སྔར་ཡོད་གྲོགས་ལམ་མཐུན་ཞིབ་སོགས་ལ་ཟིང་འཁྲུག་བྱུང་གཤིས་གོང་གསལ་ཐེ་ཚོམ་དང་དཀའ་ལས་རྣམས་ཐག་གཅོད་དང་མཐུན་ཞིབ་ལེགས་ལམ་ཡོང་ཕྱིར། ཕྱིན་ཆད་གོང་གསལ་ཕྱི་བོད་གཉིས་ནས་ཆིངས་འདུམ་ཞིག་བཞག་རྒྱུར་མཐུན་ལམ་བྱུང་ནས་གཤམ་གསལ་དོན་ཚན་འཁོད་པ་རྣམས་ལ་ཕྱི་གླིང་གོང་མ་ཆེན་མོ་དང་། དེ་གའི་གཞུང་ནས་དབང་ཆ་སྒང་པོ་སྤྲད་པའི་ཀ་ནལ་ཡང་ཧ་སེ་འབེན་ནས་མཐུན་འགྲིགས་ཆ་གནས་ཞུས་ཡོད་པ་དང་། དེ་ལུགས་བཞིན་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚནགྱིས་བཀའ་ཤག །གདན་ས་སེ་འབྲསལ་དགའ་གསུམ་དང་། གཞུང་ཞབས་ཚོགས་འདུ་སེར་སྐྱ་མི་མང་ནས་བོད་གཞུང་གི་ཆེད་མཐུན་འགྲིགས་ཆ་གནས་ཞུས་པར།
དོན་ཚན་དང་པོར། བོད་གཞུང་ནས་ཁས་ལེན་བྱས་པའི་སྔོན་ལྕགས་སྟག་ལོ་ནང་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པ་དེ་ལ་བརྩི་འཇོག་གི་བོད་འབྲས་གཉིས་ཀྱི་ས་མཚམས་གོང་གསལ་ཆིངས་ཡིག་གི་དོན་ཚན་དང་པོའི་ནང་གསལ་བཞིན་ཆ་གནས་ཐོག་ས་མཚམས་ཐོ་པོ་དེ་དོན་ལྟར་བརྩིག་རྒྱུ་དང་།
དོན་ཚན་གཉིས་པར། བོད་གཞུང་ནས་ཁས་ལེན་བྱས་པའི་རྒྱལ་རྩེ། སྟོད་སྒར། སྣ་གདོང་གསུམ་དུ་ཚོང་ར་འཕྲལ་དུ་འཛུགས་རྒྱུ་དང་། བོད་ཕྱི་གཉིས་ཀྱི་མངའ་ཞབས་ཚོང་མི་རྣམས་རང་འདོད་ལྟར་ཚོང་རར་བསྐྱོད་ཆོག་རྒྱུ། སྣ་གདོང་དུ་ཚོང་འགྲུལ་སྐོར་ཆུ་སྦྲུལ་ལོ་རྒྱ་ཕྱི་གཉིས་ནས་ཆིངས་ཡིག་བཞག་པར་ཧེ་བགས་ཡོད་ཕྱིན་སླད་ཕྱི་བོད་གཉིས་འདོད་མཐུན་བསྐྱར་བཅོས་བྱ་དགོས་རིགས་ཀྱང་གོང་གསལ་ཚོང་ར་རྣམས་ཀྱི་འགྲོ་ལུགས་ནང་ཁུལ་འཇུག་རྒྱུ་བྱས་ཡོད་པ་དང་། གོང་གསལ་ཚོང་ར་རྣམས་ཚུགས་པ་མ་ཟད། བོད་གཞུང་ནས་སྔར་ཡོད་ཀྱི་ཚོང་ལམ་རྣམས་བཀག་བསྐྱིལ་མེད་པར་ཚོང་ཡར་སྐྱེད་བྱུང་ཚེ་ཚོང་ར་གསར་འཛུགས་བྱ་དགོས་ལའང་འགྲོ་ལུགས་གོང་བཞིན་དགོངས་པ་ཆེ་བཞེས་མཛད་རྒྱུ་ཁས་ལེན་བྱས།།
དོན་ཚན་གསུམ་པར། ཆུ་སྦྲུལ་ལོ་ནང་རྒྱ་ཕྱི་གནས་ནས་བཟོས་པའི་ཚོང་གི་འགྲོ་ལུགས་སྐོར་བསམ་ཞིབ་ཀྱི་བསྐྱར་བྱ་རྒྱུ་ཟུར་དུ་བཞག་གཤིས། རྗེས་སུ་ཞིབ་ཆ་བྱ་དགོས་ལ་བོད་ཕྱོགས་སྐུ་ཚབ་དབང་ཆ་ཡོད་པ་བསྐོས་ཏེ་ཕྱི་གཞུང་སྐུ་ཚབ་དང་མཉམ་དུ་བཀའ་མོལ་གནང་རྒྱུ་ལས་ཁས་ལེན་བྱས།
དོན་ཚན་བཞི་པར། ཤོ་ཁྲལ་དེ་བཟིན་ཕྱི་བོད་བཀའ་མོལ་འདོད་མཐུན་གྱིས་བཟོས་པའི་དེབ་གསལ་ལྷག་བོད་གཞུང་ནས་གཞན་དག་མང་ས་ནས་བསྡུ་ལེན་མི་བྱེད་པའི་ཁས་ལེན་བྱས།
དོན་ཚན་ལྔ་པར། ས་མཚམས་ནས། རྒྱལ་རྩེ་ཚོང་ར་བར་དང་། ཡང་སྟོད་ཀྱི་ས་མཚམས་ནས་སྟོད་སྒར་ཚོང་ར་བར་གྱི་ལམ་བཀའ་བསྐྱིལ་སྤུ་ཙམ་མེད་པར་བཞག་ཁར། ཚོང་དང་བསྟུན་པའི་ལམ་བཅོས་ཀྱང་བྱ་དགོས་ཤིང། བོད་ཕྱོགས་ནས་སྣ་གདོང་། རྒྱལ་རྩེ། སྟོད་སྒར་དང་རྗེས་སུ་དོན་ཚན་གཉིས་པ་ནང་གསལ་ཚོང་ར་གཞན་དག་ཚུགས་ཕྱིན་སྐུ་ཚབ་ཅིག་བཞག་པའི་ཕྱི་གཞུང་སྐུ་ཚབ་གོང་གསལ་ཚོང་ར་རྣམས་ལ་ཕྱི་གཞུང་ལྟ་རྟོགས་བྱ་མིན་ནས་བོད་གཞུང་དང་། རྒྱ་ནག་སྐུ་ཚབ་བཅས་ལ་ཕུལ་དགོས་པའི་ཡི་གེ་ཇི་འབྱོར་ལེན་རྒྱུ་བྱས་ཡོད་པ་དང་། བོད་ཕྱོགས་སྐུ་ཚབ་འདི་པས་དེ་འདྲའི་ཡིག་རིགས་ངེས་འཕྲོད་ལེན་སོགས་འཁུར་ཡོང་བའི་ཁས་ལེན་བྱས་ཡོད་པ་དང་།
དོན་ཚན་དྲུག་པ། ཆིངས་ཡིག་བཞག་པར་སོར་གནས་མ་བགྱིས་པར་དེ་དག་གཏན་གཏན་བཟོ་ཕྱིར་ཕྱི་གཞུང་དཔུང་དམག་ལྷ་སར་ཡོང་དགོས་བྱུང་སྐབས། རྩི་འཇོག་མེད་པར་ཕྱི་གཞུང་སྤྱི་ཁྱབ་ངོ་གཡོག་དང་། དེ་གའི་སྐུ་སྲུང་པར་འཛིངས་པར་བརྟེན། དམག་ལས་འགྲོ་སོང་གསེར་ཊམ་འབུམ་ལྔ་ཕྱི་སྒོར་དུ་བརྩིས་པའི་སྒོར་མོ་འབུམ་བདུན་ཅུ་དོན་ལྔ་བོད་གཞུང་གིས་ཕྱི་གཞུང་ལ་ཕྱིར་འབུལ་ཞུ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། འགྲོ་སོང་དེ་བཞིན་ཤིང་སྦྲུལ་ཟླ་ ༡༡ ཚེས་ཕྱི་ལུགས་ཟླ་དང་པོ། འདས་ལོ་ ༡༩༠༦ ནས་འགོ་ཚུགས་པའི་ལོ་ལྟར་ཕྱི་ལུགས་ཟླ་དང་པའི་ཚེས་ ༡ ལ་ལོ་ངོ་བདུན་ཅུ་དོན་ལྔའི་ནང་ཚུན་ལོ་རེ་ཕྱི་སྒོར་འབུམ་རེ་བྱས་བོད་ནང་རུང་། ཕྱི་གླིང་ས་ཆ་རྡོར་གླིང་ངམ། རྫོལ་སྤེ་གུ་རི་གང་འོས་སར་ཕྱི་གཞུང་ནས་སྐབས་སྐབས་སུ་གསལ་བྱ་སྔོན་རྩལ་ཐོག་བོད་གཞུང་ནས་སྤྲོད་རྒྱུ་བྱས་ཡོད་པ་དང་།
དོན་ཚན་བདུན་པར། གོང་གསལ་འགྲོ་སོང་ཕྱིར་སློག་བྱ་ཕྱིར་དང་། ཚོང་རའི་འགྲོ་ལུགས་དོན་ཚན་གཉིས་པ། གསུམ་པ། བཞི་པ། ལྔ་པའི་ནང་གསལ་བཞིན་སྒྲུབ་ཕྱིར་འགྲོ་སོང་ཕྱིར་སློག་མ་ཟིན་བར་དང་། ཚོང་ར་བརྟན་བརྟན་ལོ་གསུམ་མ་ཚུགས་བར་དེ་གཉིས་ནས་རྗེས་སུ་གང་ལུས་དང་བསྟུན་པའི་ཆུ་འབི་ལུང་པའི་ཆུ་འགོ་ཐུབ་ཀྱི་ས་ཆ་ཕྱི་གཞུང་ནས་བདག་འཛིན་བྱེད་རྒྱུ་བྱས་ཡོད་པ་དང་།
དོན་ཚན་བརྒྱད་པ། བོད་གཞུང་ནས་མེ་མདའ་རྒྱག་ས་གསར་བཟོས་དང་། འཛིངས་ར་རྩ་བཤིག་གཏོང་རྒྱུ་དང་། ཕྱི་གཞུང་ས་མཚམས་ནས། རྒྱལ་རྩེ་ལྷ་ས་བར་སྤྱི་ལམ་བཀའ་བྱར་དམག་མི་ཡོད་ཚེ་ཕྱིར་འཐེན་བྱ་རྒྱུ་ཁས་ལེན་བྱས།
དོན་ཚན་དགུ་བར། བོད་གཞུང་ནས་ཁས་ལེན་བྱས་པར་ཕྱི་གཞུང་དང་། བཀའ་བསྟུན་མེད་པར་བོད་ཕྱོགས་ས་ཆ་ཕྲན་བུ་ཙམ་ཡང་རྒྱལ་ཁབ་གཞན་དག་ལ་སྟེར་བྱིན། ཚོང་བསྒྱུར། བོགས་གཏོང་། གཏེ་བཞག་དང་། གཞན་ཡང་བདག་འཛིན་སོགས་བྱེད་དུ་མི་བཅུག་པ་དང་། བོད་ཕྱོགས་ལས་དོན་གང་སར་རྒྱལ་ཁབ་གཞན་དག་བར་དུ་འཇུག་རྒྱུ་མེད་པ་དང་། རྒྱལ་ཁབ་གཞན་དག་གི་སྐུ་ཚབ་ཁས་ལེན་གྱིས་བོད་ནང་བཞག་རྒྱུ་མེད་པ་དང་། རྒྱལ་ཁབ་གཞན་དག་དང་དེ་གའི་མངའ་ཞབས་ཀྱི་ཆབ་འབངས་རྣམས་ལ་རེལ་འཁོར་ལོའི་ལམ། འགྲོ་ལམ། ལྕགས་སྐུད། ས་གཏེར་འདོན་བྱེད་སོགས་དང་། དབང་ཆའི་རིགས་གང་ཡང་སྤྲད་མི་ཆོག་པས་དེ་ལྟར་སྤྲོད་བྱིན་བྱེད་ཚེ་དེ་ནང་བཞིན་གྱི་ཕྱི་གཞུང་ལའང་སྤྲོད་དགོས་ཡོང་བ་དང་། བོད་ཕྱོགས་ཁྲལ་འབབ་འབྲུ་དངུལ་གང་ཐད། རྒྱལ་ཁབ་གཞན་དག་དང་། དེ་གའི་ཆབ་འབངས་རྣམས་ལ་གཏེ་བཞག་དང་སྟེར་བྱིན་སོགས་བྱས་མི་ཆོག་པ་དང་།
དོན་ཚན་བཅུ་པ། ཆིགས་ཡིག་འདི་ལ་སོར་གནས་ཡོང་བའི་དཔང་པོར་བཀའ་མོལ་མཛད་མི་དོ་བདག་ཕན་ཚུན་གཉིས་ཕྱོགས་ནས་ལག་རྟགས་དང་། ཐེའུ་འབྱས་བཅས། ཡུལ་ལྷ་ས་རུ་ཕྱི་ལུགས་ཟླ་ ༩ སེབ་ཀྲེམ་འབར་ཚེས་ ༧ འདས་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི། བོད་ལུགས་ཤིང་འབྲུག་ཟླ་ ༧ ཚེས་ ༢༧ ཚེས་ལ་འདྲ་ལྔ་བཀོད་པའི་རྟགས།
༡༩༠༤ ཟླ་ ༩ ཚེས་ ༧ ཉིན་མོར་ལ་གཏན་འབེབས་བྱས་པའི་ཆིངས་ཡིག་ཁ་སྐོང་།
ཕྱི་ལོ་ ༡༩༠༤ ཟླ་ ༡༡ ཚེས་ ༡༡ ཉིན་མོར་རྒྱ་གར་དབྱིན་ཇིའི་རྒྱལ་ཁབ་དང་། སྤྱི་ཁྱབ་སྲིད་སྐྱོང་གཅིག་ལྕོག་གིས་མིང་རྟགས་བཀོད་པའི་གསལ་བསྒྲགས།
དབྱིན་ཇིའི་གོང་མ་ཆེན་པའི་གཞུང་གི་ཚབ་བྱས་ཏེ། བོད་ཀྱི་ས་མཚམས་དང་འབྲེལ་བའི་གནད་དོན་སྐོར་དབྱིན་ཇིའི་དོན་གཅོད་པ་ཀ་ནལ་ཡང་ཧ་སེ་འབེན། སི། ཨཡི། ཨའི་ཅན་དང་། བོད་གཞུང་གི་ཚབ་བྱས་ཏེ་དགའ་ལྡན་ཁྲི་པ་བློ་བཟང་རྒྱལ་མཚན་དང་། བཀའ་ཤག །གདན་ས་སེ་འབྲས་དགའ་གསུམ། རྒྱལ་ཡོངས་ཚོགས་འདུ། དྲུང་རིགས་སེར་སྐྱའི་སྐུ་ཚབ་བཅས་ཀྱི་དབར་སྤྱི་ལོ་ ༡༩༠༤ ཟླ་ ༩ ཚེས་ ༧ ཉིན་ལྷ་སར་བཞག་པའི་ཆིངས་ཡིག་ལ། རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་དང་། རྒྱ་གར་གྱི་སྤྱི་ཁྱབ་ཆེན་པོས་ངོས་ལེན་གཏན་འབེབས་གནང་ཐོག། །དགའ་པོའི་ངང་ཐུགས་རྗེ་གཟིགས་བསྐྱངས་ཀྱི་བཀོད་ཁྱབ་གནང་རྒྱུར། གོང་གསལ་ཆིངས་ཡིག་དོན་ཚན་ ༦ ནང་གསལ་དབྱིན་གཞུང་ནས་ལྷ་ས་བར་དམག་མི་བཏང་བའི་འགྲོ་སོང་ཆེད་དམག་དོན་གུན་གསབ་ཏུ་བོད་གཞུང་ནས་སྒོར་འབུམ་བདུན་ཅུ་དོན་ལྔ་སྤྲོད་རྒྱུ་ཁས་ལེན་བྱས་པ་དེ་སྒོར་འབུལ་ཉི་ཤུ་རྩ་ལྔ་བར་བཅོག་ཆ་གནང་བ་ཡིན། དོན་ཚན་འདིའི་ནང་གསལ་གྱི་དམག་དོན་གུན་གསབ་ལོ་གསུམ་རིང་ལོ་རེའི་འབབ་ཐོབ་ཆ་ཚང་ཕུལ་ཟིན་མཚམས་ཆུ་བི་ཐང་དབྱིན་ཇིས་དབང་བསྒྱུར་ཕྱིར་འཐེན་བྱ་རྒྱུ། འོན་ཀྱང་ཆིངས་ཡིག་དོན་ཚན་ ༢ པའི་ནང་གསེས་ཚོང་ར་རྣམས་ཆིངས་ཡིག་གི་དོན་གནད་གཞན་ཁག་གི་སྐོར་ལ་བོད་མི་ཚོས་སྒོ་གང་ས་ནས་ལག་ལེན་ཚུལ་བཞིན་བསྟར་དགོས་རྒྱུ་བཅས།
མིང་རྟགས། ཨམ་ཧིལ། རྒྱ་གར་དབྱིན་ཇིའི་རྒྱལ་ཚབ་དང་། སྲིད་སྐྱོང་གཅིག་ལྕོག།
བོད་སོག་བར་བཞག་པའི་ཆིངས་ཡིག།
བོད་དང་། སོག་པོ་གཉིས་མན་ཇུ་༸གོང་མའི་དབང་འོག་ནས་ཐོན་ཏེ་རྒྱ་ནག་ནས་ཁག་ཁག་བྱས། རང་དབང་རང་བཙན་གྱི་གཞུང་ཞིག་བྱས། ལོག་བོད་གཞུང་གཉིས་ཕ་ཚུན་རྒྱུན་དུ་ཆོས་ལུགས་གཅིག་པའི་མཐུན་ལམ་དང་། དེ་སྔོན་གྱི་གྲོགས་པོའི་མཐུན་ལམ་ཉེ་རུ་གཏོང་བའི་ཆེད་དུ། རང་དབང་ལྡན་པའི་སོག་པོའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བློན་ཆེན་ལས་ཚབ་ནིག་ཏ་སྦིལིག་ཐུ། ཏཱ་བླ་མ་རབ་བརྟན་དང་། དམག་སྤྱི་བློན་ཆེན་གྱི་ལས་རོགས། མན་ལི་ཀ་ཀྲར། སྦི་ཙུ། གྲམ་ཀྲིན་འུ་རུན། བོད་ཀྱི་སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་ཚུབ་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་ནས་གཤམ་གསལ་ལྟར་ཁས་ལེན་བྱེད་རྒྱུ། ཞེས་དང་།
དོན་ཚན་དང་པོ། ཞྭ་སེར་བསྟན་པའི་བདག་པོ་རྗེ་བཙུན་དམ་པ་སོག་པོའི་ལུང་པའི་བདག་པོར་ལྕགས་ཕག་ལོ། ཟླ་ ༡༡ ཚེས་ ༩ ཉིན་དྲིལ་བསྒྲགས་བྱས་པ་ལྟར་བོད་ཀྱི་དབུ་འཛིན་ཏཱ་ལའི་བླ་མ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་བྱེད་རྒྱུ།
དོན་ཚན་གཉིས་པ། སྐྱབས་མགོན་ཏཱ་ལའི་བླ་མ་བོད་རང་དབང་བཙན་གྱི་བདག་པོར་སོག་པོ་ལུང་པོའི་བདག་པོ་རྗེ་བཙུན་དམ་པ་ནས་ངོས་འཛིན་དང་། ཁས་ལེན་ཆ་འཇོག་གནང་རྒྱུ།
དོན་ཚན་གསུམ་པ། སོག་བོད་རྒྱལ་ཁབ་གཉིས་ཀ་གོ་བསྡུར་ནན་ཏན་གནང་སྟེ་ནང་པའི་བསྟན་པ་དར་ཞིང་རྒྱས་ཐབས་ལ་དགོངས་བཞེས་གནང་རྒྱུ།
དོན་བཞི་པ། ད་ནས་བཟུང་བོད་དང་། ལོག་པོའི་རྒྱལ་ཁབ་ལ་ཕྱི་དགྲ་དང་། ནང་དགྲ་ག་ནས་བྱུང་རུང་གཅིག་གིས་གཅིག་ལ་རྒྱུན་དུ་རོགས་རམ་གནང་རྒྱུ།
དོན་ཚན་ལྔ་པ། བོད་དང་། སོག་པོའི་ས་ཆའི་ཐོག་ལ་ཆོས་དང་། ཚོང་སོགས་ཀྱི་གཞུང་སྒེར་འགྲུལ་མི་རྣམས་ལ་སྲུང་སྐྱོབ་དང་། རོགས་རམ་བྱེད་རྒྱུ།
དོན་ཚན་དྲུག་པ། བོད་དང་། སོག་པོའི་རྒྱལ་ཁབ་གཉིས་སོ་སོའི་ལུང་པའི་ཐོན་ཟོག་དང་། སེམས་ཅན་སོགས་སྔར་རྒྱུན་ཚོང་ཇི་ཡོད་རྒྱག་རྒྱུ་དང་། ལག་ཤེས་བཟོ་གྲྭ། ཤེས་རིག་སོགས་ཡར་རྒྱུས་གཏོང་རྒྱུ།
དོན་ཚན་བདུན་པ། ད་ནས་བཟུང་དངུལ་གྱི་སྤྲོད་ལེན་རྣམས་གཞུང་གིས་བཀའ་དང་མ་འབྲེལ་པར་སྤྲོད་ལེན་གན་ཡིག་བཞག་མི་ཆོག། །གལ་ཏེ་བཀའ་དང་མ་འབྲེལ་བར་བཞག་པ་བྱུང་ན་གཞུང་ནས་འདེད་ལེན་རྒྱབ་གཉེར་བྱེད་རྒྱུ་མིན། ཆིངས་ཡིག་འདི་མ་རྒྱབ་གོང་ལ་དེ་འདྲའི་ཡིག་ཡོད་པ་དང་། ཐག་མ་ཆོད་པའི་སྤྲོད་ལེན་ཆེན་པོ་ཡོད་པ་ཡིན་ན་གཞུང་ནས་རྒྱབ་གཉེར་གྱིས་སྤྲོད་འཇུག་རྒྱུ། འོན་ཀྱང་བུན་ལོན་འདི་ཚོ་ཤ་ཕོ་ནར་དང་། ཧོ་ཤོན་ཡིན་ན་གཞུང་ནས་ངོས་འཛིན་ཆ་འཇོག་བྱེད་ཀྱི་མ་རེད།
དོན་ཚན་བརྒྱད་པ། ཡིངས་ཡིག་འདིའི་ནང་ལ་ཚུད་པའི་དོན་ཚན་འདྲ་རྗེས་སུ་འཇུག་དགོས་པ་བྱུང་ཚེ་བོད་དང་། སོག་པོའི་གཞུང་གཉིས་ནས་སྐུ་ཚབ་གསར་དུ་བསྐོ་གཞག་ཐོག་ནས་དུས་ཚོད་དང་བསྟུན་པའི་སྣོན་ཕྲི་བྱེད་རྒྱུ།
དོན་ཚན་དགུ་པ། ད་ཉིན་ཆིངས་ཡིག་ལ་ལག་རྟགས་བརྒྱབ་པ་ནས་བཟུང་འདི་དོན་རྩ་འཛིན་རྒྱུན་འཁྱོངས་བྱེད་རྒྱུ་ཡིན། རང་དབང་ལྡན་པའི་སོག་པོའི་གཞུང་གི་ཆིངས་ཡིག་རྒྱག་མི་ཕྱི་རྒྱལ་བློན་ཆེན་ལས་ཚབ་སྦི་ལིག་ཐུ། ཏཱ་བླ་མ་རང་བསྟན། དམག་སྤྱི་ལས་རོགས། མན་ཉི་ལ་ཀྲར། སྦི་ཙུ། གྲམ་ཀྲིན་སུ་རུན། རང་དབང་ལྡན་པའི་བོད་གཞུང་ཏཱ་ལའི་བླ་མའི་ཚིངས་ཡིག་རྒྱག་མི་སྐུ་བཅར་མཚན་ཞབས་མཁན་ཆེ་བློ་བཟང་ངག་དབང་དང་། དངུལ་ཁང་དོ་དམ་མགྲོན་གཉེར་ངག་དབང་ཆོས་འཛིན། དྲུང་ཡིག་དགེ་འདུན་རྒྱལ་མཚན་བཅས་ཀྱི་ལག་རྟགས་དང་། དམ་ཕྲུག་རྒྱབ་ཡོད། སོག་པོ་རང་བཙན་ལོ་གཉིས་པ། ཟླ་ ༡༢ ཚེས་ ༤། བོད་ཆུ་བྱི་ཟླ་ ༡༢ ཚེས་ ༤ ། བོད་ཆུ་བྱི་ཟླ་ ༡༢ ཚེས་༤།
ཕྱི་ལོ་ ༡༩༡༣ ལོར་༸རྒྱལ་མཆོག་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་ཡིན་པའི་བཀའ་རྩ་བསྒྲགས་གཏམ།
ཆུ་གླང་རྩ་ཚིག་ཆེན་པོ།
༈ འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་། ༸རྒྱལ་དབང་འཇིག་རྟེན་མགོན་དུས་ཀུན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་འབོད་པའི་གཏམ། བསིལ་ལྡན་རྭ་བ་དཀར་པོས་ཁོར་ཡུག་ཏུ་བསྐོར་བའི་སྨན་ལྗོངས་ཆེན་པོ་འདིའི་ཁོངས་སུ་གཏོགས་པའི་སྐྱེ་བོ་སེར་སྐྱ་དྲག་ཞན་བར་པ་བཅས་དང་། བྱ་བ་ཞི་དྲག་གི་སྣེ་མོར་མངགས་སླེབས་མཐའ་དདག་བཟློ་བ། འཕགས་པའི་ཡུལ་ནས་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདིས་ཇི་ལྟར་ལུང་དུ་བསྟན་པ་ལྟར་བསིལ་ལྡན་ས་ལའི་ལྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་ཆོས་༸རྒྱལ་མེས་དབོན་རྣམ་གསུམ་ནས་བཟུངས་ད་ལྟའི་བར་སྐྱེ་ཕྲེང་ཟམ་མི་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང་། སྔར་ཇིང་གི་སི་ཁཱ་དང་། ཨལ་ཐན་རྒྱལ་པོ་སོགས་སོག་དུས་དང་། མིང་སོགས་རྒྱ་རྒྱལ་རིམ་བྱོན། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ནས་མན་ཇུ་༸གོང་མ་དང་མཆོད་ཡོན་དུ་འབྲེལ་ཏེ་ཕན་ཚུན་སྐྱོང་རེས་ཀྱི་གནས་བཅས་དེ་ལྟར་ཡང་། བར་ལམ་ཟི་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་དབང་ཤུགས་བརྡབས་མནར་ཚོད་མེད་བྱས་པས་མ་ཚད། ཆིངས་གསལ་ཚོང་རྭ་ཁག་གི་ཁྲིམས་སྲུང་ཡིན་ཚུལ་རྒྱ་དམག་ཁྱོན་ཆེ་རྒྱལ་ས་ལྷ་ལྡན་དུ་ལྷགས་འབྱོར་བྱུང་བ་བཅས་ལ་བརྟེན་རྒྱ་བོད་མཆོད་ཡིན་གྱི་འབྲེལ་བ་ཙམ་ལས། གཅིག་འོག་ཏུ་གཅིག་མེད་པའི་གནས་ལུགས་ཡོང་རྐྱེན་གསལ་བཤད་བྱེད་པར་ངོས་རྒྱལ་བློན་རྣམས་ས་མཚམས་སུ་བསྐྱོད་དེ་པེ་ཅིང་རང་ལ་ལྕགས་སྐུད་ཐོག་ནས་བཀའ་མོལ་ཞུ་རྩིས་དེ་ལྟར་ཡང་། ངོས་ཐོན་པའི་རྗེས་སུ་གསོད་བཟུང་གང་ཐུབ་བྱེད་པར་གོ་མཚོན་ལྡན་པའི་རྒྱ་དམར་གཅིག་རྒྱབ་གཉིས་སྣོན་དུ་བཏང་རྐྱེན་རེ་ཞིག་རང་ས་བརྒལ་ཏེ་མི་འགྲོ་མཐུ་མེད་བྱུང་བ་དང་། རྒྱ་གར་དུ་འབྱོར་མཚམས་རྒྱ་ཕྱོགས་སུ་ལྕགས་འཕྲིན་ཐོག་ནས་གནས་ལུགས་སྔ་རྗེས་ཇི་ལྟར་ཞུང་ཀྱང་གནད་ཡོད་བློན་ཆེན་འགའ་ཤས་རྒྱུ་རྔན་གྱི་རྗེས་སུ་འབྲངས་ཏེ་འདི་བྱེད་གནས་ལན་སྣེ་གཅིག་མེད་མུར། ལས་འབྲས་མི་བསླུ་བའི་མཐུ་ལས་མན་ཇུ་༸གོང་མའི་ཆབ་སྲིད་མི་བརྟན་པའི་དུས་འགྱུར་མི་ཟད་པ་བྱུང་ཐོག།།བོད་རིགས་སྐྱེ་བོ་མཆོག་དམན་ཚང་མས་ཀྱང་རང་ནུས་གང་ཤར་གྱི་རྒྱ་དམག་དང་འཐབ་འཛིངས་མུ་མཐུད་བྱས་པ་བཅས་ལ་བརྟེན་དབུས་གཙང་དུ་ཡོད་པའི་རྒྱ་དམག་ཚང་མ་མཐར་བསྐྲོད་བཏང་ཟིན་ཏེ། ངོས་ཀྱང་རང་གི་སྐྱོང་ཡུལ་ཆོས་ལྡན་གྱི་ཞིང་དུ་བདེ་འབྱོར་ཐོག །ཁམས་ཕྱོགས་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ་བཅས། ད་ཆ་བོད་ཡུལ་འདི་བཞིན་རྒྱ་ཕྱོགས་ནས་མཆོད་ཡོན་ཁ་ལ་འཁྱེར་ཏེ་དོན་དམ་བྲན་གཡོག་ཏུ་བཀོད་རྒྱུའི་བསམ་སྦྱོར་ངན་གཤོམ་དེ་དག་བྱེ་མའི་ཆངས་བུའམ། ནམ་མཁའི་འཇའ་ཚོན་ལྟར་ཅིག་ཅར་དུ་ཞི་ནས་འགྲོ་རྣམས་ཆོས་དང་། འབྱོར་བས་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ཉམས་སུ་མྱོང་བའི་སྐལ་བཟང་ཐོབ་པ་འདི་ནས་བཟུངས། ཁྱོད་རང་གོང་འཁོད་སེར་སྐྱ་དགྲ་ཞན་ཚང་མས་ཉམས་སུ་ལེན་རྒྱུ།
དོན་ཚན་དང་པོ། འཇིག་རྟེན་གྱི་ཁམས་འདིར་ཕན་བདེ་མ་ལུས་པ་གང་ལས་བྱུང་བའི་གཞི་རྩ་༸རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་རྙེད་དང་བཀུར་སྟི་བཅས་ཏེ་ཡུན་དུ་གནས་པ་ལ་རག་ལས་པས་ན། ལྷ་ལྡན་ར་ས་འཕྲུལ་སྣང་དང་། རྒྱབ་བཏབ་ར་མི་ཆེ། ཁྲ་བསམ་སོགས་གནས་ཆེན་ཁག་དང་། གདན་ས་གསུམ་སོགས་རིན་མེད་དགེ་འདུན་གྱི་སྡེ་མཆིས་སོ་ཅོག་ཚང་མའི་མཆོད་རྒྱུན་དང་། འཛིན་སྤྲས་ལ་དོ་དམ་ལྷོད་མེད་དགོས་རྒྱུ།
དོན་ཚན་གཉིས་པ། རིས་མེད་དགོན་སྡེ་ཁག་གི་མཁན་སློབ་དགེ་འདུན་རྣམས་ནས་རང་ལུགས་མདོ་སྔགས་གསར་རྙིང་གི་དམ་པའི་ཕྱག་བཞེས་གཙང་མ་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་གསོར་འཆུད་ཐོག །ཆོ་ག་འཆད་ཉན། ཐོས་བསམ་སྒོམ་གསུམ་ལ་བརྩོན་ཞིང་། ཁས་བླངས་པའི་བཅའ་ཁྲིམས་སོགས་སྲུང་བརྩི་གང་ཆེ་དགོས་རྒྱུ།
དོན་ཚན་གསུམ་པ། སྣེ་མོ་བས་འཛིན་པ་མཆིས་སོ་ཅོག་ནས་ཁྲལ་བསྡུ། ཁྲིསམ་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲང་གིས་གཞུང་འབངས་གཉིས་སྨན་ཐབས་ཚུལ་ལྷོད་མེད་དགོས་རྒྱུ་ལས། མངའ་རིས་སྐོར་གསུམ་དང་། མདོ་སྨད་ཕྱོགས་སོགས་འདི་ནས་ས་ཐག་གིས་བསྐལ་བ་རྣམས་ལ་ལས་བྱེད་བསམ་མེད་རེ་ཟུང་ནས་འབམ་ཚོང་སྤུས་བསྒྱུར། དཔྱད་མཚམས་ལས་བརྒལ་བའི་རྟ་ཁལ་མི་གསུམ་གྲངས་མེད་བསྐུལ་འདེད་སོགས་ཆབ་འབངས་ཆགས་ཐབས་བྲལ་བའི་བརྡབས་མནར་དང་། ལེ་ཐོགས་ཕྲན་བུར་སྙད་དེ་ས་ཁང་གཞུང་ལེན་དང་། དབང་པོ་ཡན་ལག་གཅོད་བྲེགས་སོགས་འདི་ཕྱི་ལས་འབྲས་དང་། གཏམ་དོན་གང་ལའང་མི་བཏུབ་པའི་བྱ་ངན་འདི་རིགས་མིང་ཙམ་མེད་པ་དགོས་རྒྱུ།
དོན་ཚན་བཞི་པ། བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཁྲུལ་ཆས་དང་མི་ལྡན་རུང། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་སྟབས། དེང་དུས་ཞི་དྲག་གི་ལས་དོན་གང་ཅིར་དོ་དམ་ཆེ་བསྐྱེད་ཀྱིས་རང་ས་བརྟན་སྲུང་ཐུབ་པའི་དྲག་པོའི་འདུ་འགོད་རྒྱ་ཆེ་གནང་མུས་ཡིན་ན། འཕྲལ་སྒང་དམག་འཁྲི་དང་། ཁམས་ཕྱོགས་ལམ་འཁེལ་ཁག་ལ་དཀའ་ཚེགས་ཕྲན་བུ་ཡོང་བ་གཞིར་བཅས་གཤིས། རྒྱ་ནག་ནས་མ་དག་བདག་བཟུང་སྔ་ཕྱིར་བྱུང་བའི་རྒྱུ་མཚན་སྔོན་བྱུང་ལ་བསམ་ཞིབ་ཀྱིས་ཚང་མས་མ་བསྐུལ་དང་བླངས་ཐོག་རང་ས་རང་སྐྱོང་དང་། རང་སྡེ་རང་སྲུང་བྱེད་རྒྱུའི་ཐབས་ཚུལ་ལ་ཚང་མས་ལྷག་བསམ་འཁུར་ལེན་ཆེ་བསྐྱེད་དགོས་རྒྱུ་མ་ཟད། སྟོད་སྨད། ལྷོ་བྱང་གི་ས་མཚམས་ཁག་ལ་སོ་སྲུང་ལྷོད་མེད་ཀྱིས་ཕྱི་མིའི་སོ་ཉུལ་ནང་ལྷག་མི་འབྱུང་བའི་དམ་པོས་དམ་བཅིངས་དང་། གལ་ཏེ་དོགས་གླེང་ཕྲ་མོ་ཙམ་བྱུང་རུང་འཕྲལ་འཕྲལ་རྫོང་གཞིས་རྟ་ཤད་བརྒྱུད་ནམ་ཉིན་ཤད་རྩོལ་གྱིས་རྒྱལ་ཁབ་ཏུ་༸སྙན་སེང་དགོས་རྒྱུ་ལས། རང་བཞིན་ལྷོད་ཡངས་དང་། ཡང་དོན་མེད་རྒྱུ་ཆུང་རྐྱེན་ཆེའི་དཀྲོག་རྐྱེན་ཆེད་བཟོའི་རིགས་ནམ་ཡང་མི་ཆོག།།
དོན་ཚན་ལྔ་པ། བོད་འདི་མི་འབོར་ཉུང་ཞིང་། ས་སྟོང་བེད་མེད་ཤིན་ཏུ་མང་པ་ཡོད་རུང་། འབད་རྩོལ་ཅན་འགའ་ཤས་ནས་ཁྲུ་གདུལ་བྱེད་བློ་ཤར་ཡང་། སྣེ་མོ་བ་ནས་བཟའ་དོད་སྙད་འཚོལ་དང་། ས་བདག་རྣམས་ནས་རང་རང་གིས་ཕྲུ་གདུལ་ལག་ལེན་གང་ཡང་བྱེད་མ་ཐུབ་པར། གཞན་གྱི་བྱེད་པར་མི་བཟོད་པའི་ཕྲག་དོག་གིས་རྒྱུ་མཚན་ཅི་རིགས་སྒོ་ནས་ཡུལ་ལུང་ཡར་རྒྱས་ཀྱི་གཞི་རྩ་གཏན་བརླག་གཏོང་སྲོལ་འདི་དག་རང་གཞན་གཉིས་མེད་ཀྱི་རྒྱུ་ལས་དགེ་མཚན་གང་ཡང་མ་མཆིས་པས། ད་ནས་བཟུང་སྤྱི་ས་རི་ཀླུང་བེད་མེད་སྟོང་ལུས་ཇི་ཡོད་ལ་ཁྱིམ་པ་ཉམས་ཅན་རྩོལ་ལྡན་ནས་ས་ཞིང་འདུལ་བ་དང་། སྦྱར་ལྕང་སྐྱེ་ཚེར་ཡན་གྱི་ཕན་བདེ་སྤེལ་བའི་འདེབས་འཁོལ་གང་ཐུབ་བྱེད་པར་གཞུང་སྒེར་ཆོས་བཅས་སུས་ཀྱང་བཀག་འགོག་ནམ་ཡང་མི་ཆོག་ཅིང་། དེ་དག་དགེ་བདེ་ལོ་གསུམ་ཁྲལ་མེད་དུ་སྤྲད་རྗེས་རྒྱ་ཁྱོན་དང་། དགེ་བེད་ལ་གཞིགས་པས་གཞུང་དང་། ས་བདག་གི་ཁྲལ་བོགས་གཉིས་ལོ་འགེལ་འོས་ཐོག །འཛིན་བདག་གཏན་འཇགས་སུ་སྤྲད་པས་གཞུང་འབངས་གཉིས་སླེབས་ཡོང་བ་བྱེད་རྒྱུ་བཅས་གོང་དུ་ཇི་ལྟར་སྨྲོས་པ་བཞིན་ཚང་མས་ཉམས་སུ་བླངས་སན་གཞུང་སའི་བཀའ་དྲིན་གསོ་བའི་ཞབས་འདེགས་སུ་འགྱུར་ཞིང་། རང་གཞན་ཡུལ་གྲུ་ཀུན་ཏུ་བདེ་སྐྱིད་ཀྱི་དགེ་མཚན་རླབས་པོ་ཆེ་ངམ་ཤུགས་ཀྱིས་འཕེལ་ངེས་པས། ཁེ་ཉེན་ལ་བསམ་ཞིབ་ཀྱིས་ལྷ་ཆོས་དང་། མི་ཆོས་ཀྱི་བླངས་འདོར་ཕྱིན་ཅི་མ་ལོག་པ་དང་ལེན་རྒྱུན་འཁྱོངས་དགོས་རྒྱུའི་རྩ་ཚིག་འདི་བཞིན་མངའ་ཁུལ་ཚང་མར་མ་གོ་མ་ཐོས་མེད་པའི་དྲིལ་བསྒྲགས་ཐོག་འདྲ་རེ་འདུ་གནས་ཆེ་སའི་ས་གནས་སུ་སྦྱར་འགྲེམས་དང་། ངོ་མ་རྫོང་གཞིས་སྤྲོད་ཁོངས་ཡིག་རིགས་དཀར་ཆག་ཏུ་བཀོད་ངེས། ལས་བྱེད་རིམ་འབྱོར་ནས་རྩ་འཛིན་མཇུག་གནོན་རྒྱུན་འཁྱོངས་ཚུལ་བཞིན་སྤྱོད་པ་གྱིས། ཞེས་གོ་བར་བྱ་བའི་ཡི་གེ་ཆུ་མོ་གླང་གི་ལོའི་ (༡༩༡༣) ཆོ་འཕྲུལ་ཟླ་བའི་གྲལ་ཚེས་ ༨ དགེ་བར་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ནས་བྲིས།།
ཕྱི་ལོ་ ༡༩༡༤ ཟླ་ ༤ ཚེས་ ༣ ཉིན་གྱི་དབྱིན་བོད་ཟུང་སྦྲེལ་གྱི་གསལ་བསྒྲགས།
སྒེ་རེ་ཊ་སྦི་རི་ཀྲན་དང་། བོད་གཞུང་གི་བཀའ་མངགས་ངོས་སྐུ་ཚབ་རྣམས་ནས་ད་ལམ་གཤམ་གསལ་གྱི་ཚིག་འབྲུ་ཡིག་ཐོག་བཀོད་དོན།
ཆིངས་ཡིག་ཟུར་ཡོད་པ་དེ་བཞིན་དབྱིན་གཞུང་དང་། བོད་གཞུང་ནས་བརྩི་འཇོག་བྱེད་རྒྱུ་ངོས་རྣམས་ངེས་ཡོད། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས་ཤོག་ལྷེ་འདི་བཞིན་ལ་ངོས་རྣམས་ནས་དབྱིན་བོད་ཡི་གེ་འདྲ་གཉིས་རེའི་ཐོག་ཐམ་ཀ་དང་། མིང་རྟོགས་བརྒྱབ་ཡོད། སིམ་ལར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི་ཟླ་བ་འཇུ་ལའི་ཏ་རིག་གསུམ། བོད་ལུགས་ཤིང་སྟག་ཟླ་ ༥ ཚེས་ ༡༠ ལ།
༡༽ དབང་ཆ་ཆ་ཚང་ཡོད་པའ་དབྱིན་གཞུང་སྐུ་ཚབ། ཨི་ཧེན་རི་མེག་མ་ཧོན་གྱི་རྟགས་དང་། ཐམ་ཀ།
༢༽ ཏཱ་ལའི་བླ་མའི་སྦུག་ཐམ།
༣༽ བློན་ཆེན་བཤད་སྒྲའི་རྟགས་དང་། ཐམ་ཀ།
༤༽ འབྲས་སྤུངས་དགོན་པའི་ཐམ་ཀ།
༥༽ སེར་ར་དགོན་པའི་ཐམ་ཀ།
༦༽ དགའ་ལྡན་དགོན་པའི་ཐམ་ཀ།
༧༽ བོད་ལྗོངས་ཚོགས་འདུའི་ཐམ་ཀ།
ཤིང་སྟག་ ༡༩༡༤ ལོར་སིམ་ལར་བཞག་པའི་དབྱིན་བོད་རྒྱ་གསུམ་གྱི་ཆིངས་ཡིག།
ཕྱི་ལོ་ ༡༩༡༤ ཟླ་ ༧ ཉིན་མོར་དབྱིན་བོད་བཟུང་སྦྲེལ་གྱི་གྱི་གསལ་བསྒྲགས་ཀྱི་མཉམ་སྦྱར།
སྒེ་རེགས་འབིརི་ཀྲན། ཨ་ཡེར་ལན་ཌ་དང་། རྒྱ་མཚོའི་ཕ་རོལ་དབྱིན་ཇིའི་རྒྱལ་ཁབ་དང་། རྒྱ་གར་བཅས་ཀྱི་མངའ་བདག་༸གང་མ་ཆེན་མོ་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དྷཱ་ཙུང་དང་། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་རྣམས་ནས་ཕན་ཚུན་ཐུགས་མཐུན་ཐོག །ཨེ་ཤི་ཡ་ཞེས་པའི་ནང་གླིང་དུ་སོ་སོའི་ཆབ་སྲིད་ཀྱི་ཐུགས་དོན་དང་། ༸རྒྱལ་ཁབ་ཕན་ཚུན་མཐུན་ལམ་ཡོང་རྒྱུའི་འགྲོ་ལུགས་ཀྱི་ཆིངས་ཡིག་བཟོ་རྒྱུའི་ཐུགས་འདུན་དངོས་འབྲེལ་བྱུང་བར་སོ་སོའི་གཞུང་ནས་སྐུ་ཚབ་བསྐོ་བཞག་མཛད་པ། སྒེ་རེ་ཊ་འབི་རི་ཀྲན། ཨ་ཡེར་ལནཌ་དང་། རྒྱ་མཚོའི་ཕ་རོལ་དབྱིན་ཇིའི་རྒྱལ་ཁབ་དང་། རྒྱ་གར་བཅས་ཀྱི་མངའ་བདག་༸གོང་ས་ཆེན་པོས་ཆེད་རྩལ། སར་ཨར་ཐུར། ཧེན་རི་མེག་མ་ཧོན། འཇི་སི་འབི་ཨོ་ཀེ་སེ་ཧའི་ཨི། སི་ཨི་སི་ཨའི། རྒྱ་གར་གཞུང་གི་ཕྱི་རྒྱལ་བློན་ཆེན་དང་། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་དྷཱ་ཙུང་ཐུང་ནས་ཆེད་རྩལ། མོན་ཞོར་ཨི་འབེན་ཅན། རིམ་པ་ཅ་ཧོ་ཞེས་པའི་དཔོན་པོ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ནས་ཆེད་རྩལ། བློན་ཆེན་དགའ་ལྡན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་བསྐོ་བཞག་མཛད་ཐོག་ཕན་ཚུན་སོ་སོའི་དབང་ཆ་འཐུས་ཚང་ཡོད་པ་ལག་འཁྱེར་ངོ་མ་མིག་མཐོང་བྱུང་བ་ནས་བཟུང་ཕན་ཚུན་ཡིག་འགྲུལ་མཛད་པ་གཤམ་གསལ་གྱི་ཆིངས་ཡིག་དོན་ཚན་བཅུ་གཅིག་འཁོད་པར་ཆ་གནས་མཛད་ཡོད།
དོན་ཚན་དང་པོར། ཟུར་ཐོར་གསལ་བའི་ཆིངས་ཡིག་གི་ནང་གང་ཡོད་དེ་ད་ལྟའི་ཆིངས་ཡིག་འདི་ལ་བསྒྱུར་བཀོད་དུ་འགྲོ་གཞིའམ། མ་མཐུན་པ། གོ་ལྡོག་ཏུ་འགྱུར་བའི་རིགས་མ་ཡིན་པའི་ཚིག་གཞི་གང་ཡོད་ལ་ཕན་ཚུན་གྱི་དོ་བདག་གཞུང་ས་རྣམས་ནས་བརྩི་འཇོག་གནང་དགོས།
དོན་ཚན་གཉིས་པར། དབྱིན་གཞུང་དང་། རྒྱ་ནག་གཞུང་ནས་བོད་ལྗོངས་འདི་བཞིན་ཕྱི་རྒྱར་རྒྱ་ནག་གི་མངའ་ཁོངས་ཡིན་དབང་བརྩིས་ཀྱང་། བོད་ཕྱི་མའི་ནང་དོན་རྒྱལ་ཁབ་རང་དབང་རང་བཙན་ཡིན་པ་མཁྱེན་ཆོད་ལྟར་ཆ་འཇོག་གནང་ནས་མངའ་ཁོངས་ས་མཚམས་ལ་དབྱེ་ཕྲི་དང་། བོད་ཕྱི་མའི་ནང་དོན་དབང་བྱུས། ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང་། ཁྲི་གསོལ་སོགས་ལ་ཐེ་རྟོགས་གཏན་ནས་མི་བྱེད་པར་ཚད་དབང་གང་ཡོད་ཚང་མ་ལྷ་ལྡན་བོད་གཞུང་རྒྱལ་ཁབ་རང་ནས་གནང་རྒྱུ་ཁས་ལེན་བྱས། རྒྱ་ནག་གཞུང་ནས་བོད་ཡུལ་འདི་ཉིད་རྒྱའི་ཞིང་ཆེན་དུ་མི་འགྱུར་བ་ཁས་ལེན་བྱས། དབྱིན་ཇི་གཞུང་ནས་ཀྱང་བོད་དང་། བོད་ཀྱི་སའི་ཆ་ཤས་ཙམ་ཡང་བདག་བཟུང་མི་བྱེད་པ་ཁས་ལེན་བྱས།
དོན་ཚན་གསུམ་པར། རྒྱ་གར་རྒྱལ་ཁབ་དང་། དེ་འབྲེལ་རྒྱལ་ཕྲན་རྣམས་དང་། བོད་གཞུང་ས་འདྲེས་ལ་བརྟེན་ས་མཚམས་ཉེ་འདབས་བདེ་འཇགས་དང་། བོད་དུ་ཆབ་སྲིད་གཏན་དགོས་པ་དབྱིན་གཞུང་ལ་ཁྱེར་ཆེན་པོ་ཡོད་པར་ཆ་གནས་བྱུང་དོན་རྒྱ་ནག་གཞུང་ནས་ཆིངས་ཡིག་འདིའི་དོན་ཚན་བཞི་པའི་ཚིག་དོན་ལྟར་མ་གཏོགས་བོད་ཕྱི་མར་དམག་མི་མི་གཏོང་བ་མ་ཟད། ཞི་དྲག་དཔོན་རིགས་མི་འཇོག་པ་དང་། རྒྱ་ནག་གི་མི་སེར་ས་ཞིང་འདེབས་འཁོས་ཀྱིས་བོད་དུ་གཞིས་ཆགས་གཏན་སྡོད་བྱེད་མི་འཇུག་པར་ཁས་ལེན་བྱས། རྒྱ་ནག་གི་དཔོན་དམག་དེ་འདྲ་ཆིངས་ཡིག་འདི་བཞིན་རྟགས་འཇོག་སྐབས་བོད་ཕྱི་མའི་ནང་ལ་ཡོད་རུང་། ཟླ་གསུམ་མི་འགྱངས་པར་ཕྱིར་འཐེན་བྱེད་རྒྱུར། དབྱིན་གཞུང་ནས་ཀྱང་འདས་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ལ་དབྱིན་བོད་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་མ་གཏོགས་བོད་ལ་ཞི་དྲག་དཔོན་རིག་མི་འཇོག་པ་དང་། སྐུ་ཚབ་རྣམས་ཀྱི་སྐུ་སྲུང་ལས་ལྷག་པའི་དམག་མི་མི་འཇོག་པ་མ་ཟད། མི་སེར་ས་ཞིང་འདེབས་འཁོས་ཀྱིས་གཞིས་ཆགས་གཏན་སྡོད་མི་འཇུག་པར་ཁས་ལེན་བྱས།
དོན་ཚན་བཞི་པར། གོང་གསལ་དཔྱད་མཚམས་བྱུང་རུང་། ལྷ་སར་རྒྱ་ནག་གི་དཔོན་པོ་ཆེ་བ་གཅིག་བཞག་སྲོལ་འདུག་པར་སྐུ་སྲུང་བབས་མཚུངས་དང་བཅས་བཞག་ཆོག་པ་བྱས་ཡོད། ཡིན་ཀྱང་སྐུ་སྲུང་ཐད་མི་གྲངས་གསུམ་བརྒྱ་ལས་ལྷག་པ་གཏན་ནས་བཞག་མི་ཆོག་པ་བྱས་ཡོད།
དོན་ཚན་ལྔ་པ། བོད་སྐོར་རྒྱ་ནག་དང་། བོད་རྒྱལ་ཁབ་གཉིས་ནང་ཚགས་ལ་ཆིངས་ཡིག་དང་། གན་རྒྱ་བཞག་མི་ཆོག་པ་མ་ཟད། རྒྱལ་ཁབ་གཞན་དང་ཡང་མི་འཇོག་པ་རྒྱ་བོད་གཉིས་ཀྱིས་ཁས་ལེན་བྱས་ཡོད། འོན་ཀྱང་དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ལ་བཞག་པའི་ཆིངས་ཡིག་དང་། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་ ༤ ཚེས་ ༢༧ ལ་དབྱིན་ཇི་དང་། རྒྱ་ནག་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་དབྱིན་གཞུང་དང་ཆིངས་ཡིག་གན་བཞག་ཆོག་པ་བྱས་ཡོད།
དོན་ཚན་དྲུག་པ། དབྱིན་ཇི་དང་། རྒྱ་ནག་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་ ༤ ཚེས་ ༢༧ ལ་བཞག་པའི་ཆིངས་གསལ་དོན་ཚན་གསུམ་པ་འདི་བཞིན་བརྩི་འཇོག་མ་དགོས་པ་བྱས་ཡོད། དབྱིན་བོད་བར་ཕྱི་ལོ་ཆིག་སྟོང་དགུ་དང་བཞི་ཟླ་ ༩ ཚེས་ ༧ ལ་བཞག་པའི་ཆིངས་ཡིག་དོན་ཚན་དགུ་པའི་ང་པར་རྒྱལ་ཁབ་གཞན་དག་ཅེས་པ་དེ་ནང་རྒྱ་ནག་མ་ཚུད་པ་བྱས་ཡོད། རྒྱ་ནག་གམ། རྒྱལ་ཁག་དགའ་ཉེ་གཞན་དག་ལ་གནང་བའི་ཚོང་བྱུང་བདེ་ཐབས་དེ་བཞིན་དབྱིན་ཇིའི་ཚོང་ཟོག་ལ་ཡང་གནང་དགོས།
དོན་ཚན་བདུན་པ། ཀ༽ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་གསུམ་དང་། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ལ་བཞག་པའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་རྣམས་ལ་བརྩི་འཇོག་མེད་པ་བྱེད་རྒྱུ་བྱས། ཁ༽ ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ལ་བཞག་པའི་ཆིངས་ཡིག་གི་དོན་ཚན་གཉིས་པ་དང་། བཞི་པ། ལྔ་པའི་འབྲུ་དོན་ལ་བརྩི་འཇོག་ཡོང་བའི་ཆེད་དུ་བོད་གཞུང་ནས་དབྱིན་ཇིའི་གཞུང་དང་། བོད་ཕྱི་བར་ཚོང་གི་འགྲོ་ལུགས་གསར་བཟོ་ལམ་སེང་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཡིན་ཀྱང་རྒྱ་གཞུང་དང་མ་བསྟུན་པར་ཆིངས་ཡིག་འདིར་བསྒྱུར་བཅོས་སུ་འགྲོ་གཞིའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་མི་འཇོག་རྒྱུ་བྱས།
དོན་ཚན་བརྒྱད་པར། དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་ ༩ ཚེས་ ༧ ལ་བཞག་པའི་ཆིངས་ཡིག་གི་དོན་བཞིན་བོད་གཞུང་ལ་བཀའ་མོལ་ཞུ་དགོས་བྱུང་ན་རྒྱལ་རྩེ་ནས་ཡིག་འགྲུལ་ལ་སོགས་པས་ཐག་ཆོད་མིན་ཡོང་འདུག་པ་རྒྱལ་རྩེར་བཞུགས་པའི་དབྱིན་གཞུང་སྐུ་ཚབ་སྐུ་སྲུང་འཁྲིད་ནས་ལྷ་སར་འགྲོ་ཆོག་པ་བྱས་ཡོད།
དོན་དགུ་པར། ཆིངས་ཡིག་འདིར་རྩ་འཛིན་བེད་(བྱེད)ཆེད་དུ་བོད་ཀྱི་ས་མཚམས་ས་ཁྲ་ཟུར་ཡོད་ལ་རྟགས་དམར་པོ་དང་། བོད་ནང་མ་དང་། ཕྱི་མའི་ས་མཚམས་ལ་རྟགས་སྔོན་པོ་རྒྱབ་ཡོད་པ་ལྟར་ཡིན། ད་ལྟའི་ཆིངས་ཡིག་འདིའི་ཚིག་དོན་གང་ཡོད་རུང་། བོད་ནང་མར་བོད་གཞུང་གི་དབང་ཆ་ཐོབ་ཐང་ཡོད་མུས་ཚང་མ་རང་འཇགས་ལ་ལྷག་དོན་དགོན་ཁག་སོ་སོའི་བླ་མ་བསྐོ་བཞག་དང་། ཆོས་སྡེའི་སྐོར་སོགས་བསྒྱུར་བཀོད་ཀྱི་དབང་ཆ་ཚང་མར་གནོད་འགལ་ཉམས་ཆག་ཏུ་མི་འགྲོ་བ་བྱས་ཡོད།
དོན་ཚན་བཅུ་བར། ད་ལམ་ཆིངས་ཡིག་འདི་བཞིན་དབྱིན་ཡིག། །རྒྱ་ཡིག །བོད་ཡིག་རྣམས་ཡི་གེ་བསྒྱུར་སྐབས་གོ་བསྡུར་གཏན་ཏིག་བྱས་ཡོད་པ་གོ་ཕྱོགས་ལོག་གླེང་བྱུང་ན་དབྱིན་ཡིག་ཏུ་གསལ་བ་དེ་རང་ལ་སོར་གནས་བྱ་རྒྱུ།
དོན་ཚན་བཅུ་གཅིག་པར། ད་ལམ་ཆིངས་ཡིག་འདི་བཞིན་ལག་རྟགས་རྒྱབ་པ་ནས་བཟུང་བརྩི་འཇོག་བྱ་རྒྱུ། ཆིངས་ཡིག་འདི་བཞིན་དབྱིན་རྒྱ་བོད་བཅས་ཀྱི་ཡི་གེ་འདྲ་གསུམ་རེའི་ཐོག་སྐུ་ཚབ་སོ་སོའི་ཐམ་ག་དང་། མིང་རྟགས་འཁོད་ཡོད། སིམ་ལར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི། ཟླ་བ་འཇུ་ལའི་ཏ་རིག་གསུམ། རྒྱ་ལུགས་མེ་སེར་རྒྱལ་ཁབ་ཀྱི་ལོ་གསུམ་པའི་ཟླ་བ་བདུན་པའི་ཚེས་གསུམ། བོད་ལུགས་ཤིང་སྟག་ཟླ་ ༥ ཚེས་ ༡༠ ལ།
བཙན་ཤེད་སྡིགས་རའི་འོག་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན།
སྤྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་པེ་ཅིང་ཀྲུན་ནན་ཧས་ཆིང་ཀྲེན་ཏན་ཞེས་སྲིད་སྐྱོང་ཚོམས་ཆེན་ནང་དུ། རྒྱ་ནག་དབུས་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན། ཞེས་གྲོས་མཐུན་དོན་ཚན་བདུན་ནི།
༡༽ བོད་ཀྱི་མི་དམངས་རྣམས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་ཀྱི་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་དུ་ལོག་དགོས།
༢༽ མི་དམངས་བཅིངས་བཀྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ།
༣༽ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐང་ཀང་ལིང་གི་མི་རིགས་སྲིད་བྱུས་གཞིར་བཟུང་སྟེ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཅིག་བསྒྲིལ་གྱིས་འགོ་འཁྲིད་འོག །བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།
༤༽ བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བསྒྱུར་བཅོས་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་། དབང་ཆ་ལ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམའ་རྣམས་ཀྱང་སྔར་བཞིན་གནས་རྒྱུ།
༥༽ པཎ་ཆེན་ཨེར་ཏི་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནས་དགོས།
༦༽ ཏཱ་ལའི་བླ་མ་དང་། པཎ་ཆེན་ཨེར་ཏི་ནིའི་སྔར་ཡོད་ཀྱི་གོ་གནས་དང་དབང་ཆ་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང་། པཎ་ཆེན་ཨེར་ཏི་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆ།
༧༽ ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་གུང་ཐུང་ཀང་ལིང་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་བྱུས་ལག་ལེན་བྱས་ཏེ། བོད་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང་ཡུལ་གྱི་གོམས་པའི་གཤིས་ལུགས་ལ་སོགས་ལ་བརྩི་འཛིན་བྱེད་རྒྱུ་དང་། དགོན་པ་གྲྭ་ཚང་ལ་སྲུང་སྐྱོབས་བྱེད་རྒྱུ། དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།
༨༽ བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་བཀྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྲུང་བའི་དྲག་ཤུགས་ཁག་གཅིག་ཏུ་བསྒྲུབ་རྒྱུ།
༩༽ བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་སྟེ། རིམ་གྱིས་བོད་རིགས་སྐད་ཆ་དང་། ཡི་གེ །སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།
༡༠༽ བོད་ཀྱི་གནས་ཚུལ་དངོས་ཡོད་གཞིར་བཟུང་སྟེ། རིམ་གྱིས་བོད་ཀྱི་སོ་ནམ་དང་། འབྲོག་ལས། བཟོ་རིགས། ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོང་རྒྱུ།
༡༡༽ བོད་ཀྱི་ལས་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ཀྱི་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང་། མི་དམངས་ནས་ལེགས་བཅོས་བྱེེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནས་ཐག་གཅོད་རྒྱུ།
༡༢༽ སྔར་ཕན་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་དང་ཉེ་འབྲེལ་བྱེད་པའི་དཔོན་རིགས་ནས། ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇོགས་བྱས་ཆོག་པར་སྔར་བྱས་ལ་བརྩད་གཅོད་མི་བྱེད།
༡༣༽ བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་གིས་གོང་གསལ་དོན་ཚན་རྣམས་ཀྱི་སྲདི་བྱུས་ལ་སྲུང་བརྩི་བྱེད་རྒྱུ་མ་ཟད། ཉོ་ཚོང་དྲང་བཞག །མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་མི་ལེན།
༡༤༽ ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ཀྱི་ས་གནས་སུ་བྱུང་བའི་ཕྱི་འབྲེལ་གྱི་ལས་དོན་མཐའ་དག་གཅིག་བསྒྲིལ་གྱི་སྒོ་ནས་བྱེད་རྒྱུ་དང་། འདྲ་མཉམ་གཉིས་ཕན། ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོག་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུ་མ་ཟད། དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་དུ་གཏོང་རྒྱུ།
༡༥༽ གྲོས་མཐུན་འདི་ལག་ལེན་དུ་བསྟར་བའི་འགན་ལེན་ཕྱིར། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང་། ཀྲུང་དབྱང་ནས་བཏང་བའི་ལས་བྱེད་མ་ཚད། བོད་ཁུལ་གྱི་ལས་བྱེད་ཀྱང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ། དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང་། ཡུལ་ཕྱོགས་སོ་སོ། དགོན་པ་གཙོ་ཆེ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང་། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་གཞག་གནང་བ་ཞུ་རྒྱུ།
༡༦༽ དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྤྱི་ཁང་། བོད་བསྐྱོད་མི་དམངས་བཅིངས་བཀྲོལ་དམག་བཅས་ཀྱི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ། བོད་ཀྱི་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་བཀྲོལ་དམག་ལ་འབྲུ་དང་། གཞནང་ཡང་ཉེར་མཁོ་བསྒྲུབ་རྒྱུ། སྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ།
༡༧༽ གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ་བཅས་རེད།
གྲོས་མཐུན་དེར་མིང་རྟགས་བཀོད་མཁན།
ཀྲུང་དབྱང་མི་མང་སྲིད་གཞུང་གི་འཐུས་མི། གཙོ་བོ་འཐུས་མི་རླི་འུས་ཧན། འཐུས་མི་ཀྲང་ཅིན་ཨུ། ཀྲང་ཀོ་ཧཱ། སུང་ཀྲེ་ཡོན། བོད་གཞུང་གི་འཐུས་མི། གཙོ་བོ་འཐུས་མི། ང་ཕོད་ངག་དབང་འཇིགས་མེད།
འཐུས་མི་ཁེ་སྨད་བསོད་ནམས་དབང་འདུད། ཐུབ་བསྟན་བསྟན་དར། ཐུབ་བསྟན་ལེགས་སྨོན།
བསམ་ཕོ་བསྟན་འཛིན་དོན་གྲུབ། བཅས་ཡིན་པ་རེེད།
བོད་ཀྱི་གནད་དོན་ཐོག་ལ་མཉམ་སྤྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་བཞག་པ།
ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༡༠ ཚེས་ ༢༡ ཉིན་གྱི་གྲོད་ཆོད་ནི། སྐབས་དེར་བོད་དོན་བཀའ་བསྡུར་སྐབས་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གྲངས་ ༤༨ དང་། ངོ་རྒོལ་བྱེད་མཁན་རྒྱལ་ཁབ་གྲངས་ ༩ ། བར་བཞུགས་བྱེད་མཁན་རྒྱལ་ཁབ་གྲངས་ ༢༦ ། ཚོགས་ཞུགས་མི་བྱེད་མཁན་རྒྱལ་ཁབ་གྲངས་ ༣ བཅས་བྱུང་སྟེ་མང་མོས་ཀྱི་རྒྱལ་ཁའི་གྲོས་ཆོད་བྱུང་བ།
༡༩༤༨ ལོ་ཕྱི་ཟླ་ ༡༢ ཚེས་ ༡༠ རྒྱལ་ཚོགས་ཚོགས་ཆེན་ནས་ཁས་བླངས་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་འགྲོ་བ་མིའི་ཐོང་ཐང་དང་། རང་དབང་གི་རྩ་དོན་རྣམས་དྲན་གསོ་བྱ་རྒྱུ། བོད་མི་མང་ལ་གཞན་དག་ཡོངས་དང་འདྲ་བར་ཆོས་སྲིད་བྱ་བཞག་གི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་གང་ཅིར་དབྱེ་བ་མེད་པའི་རང་འདོད་ཀྱི་ཐོབ་ཐང་ཡོད་པར་སེམས་བཞག་ཡོད་མུས་ཡིན།
བོད་མི་མང་གིས་སྔར་ནས་བརྒྱུད་འཛིན་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང། སྔར་སྲོལ་རང་སྲིད་འཛིན་སྐྱོང་བཅས་ལའང་དོ་སྣང་བྱེད་བཞིན་ཡོད། ༸གོང་ས་ཏཱ་ལའི་བླ་མ་སྐུ་ངོ་མའི་གསུང་བཤད་ཀྱིས་མཚོན་གནས་ཚུལ་ཁག་ནང་གསལ་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་རྣམས་བཙན་ཤེད་ཀྱིས་འཕྲོགས་འདུག་པར་བློ་ཕམ་ཧ་ཅང་གི་ཆེན་པོ་ཡོད།
འགན་འཁུར་ཅན་གྱི་དབུ་ཁྲིད་རྣམ་པས་ཉེན་ཚབས་ཆེ་བའི་གནས་ཚུལ་ལྷིང་འཇགས་གཏོང་བ་དང་། རྒྱལ་སྤྱིའི་འབྲེལ་བ་ཡར་རྒྱས་སུ་གཏོང་རྒྱུར་དོན་དམ་འབད་བརྩོན་གནང་བའི་སྐབས་སུ་བྱེད་རྐྱེན་འདི་དག་གིས་རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེ་དང་། མི་མང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བ་འདི་ལ་བློ་གཡེང་ཤིན་ཏུ་ཆེན་པོ་ཡོད། ཁྲིམས་ལུགས་དྲང་འཛིན་གྱི་གཞི་རྩའི་ཐོག་ནས་འཛམ་གླིང་ཞི་བདེ་གོང་སྤེལ་ཆེ་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་འཇོག་ངེས་པར་བྱ་རྒྱུར་ཡིད་ཆེས་ཤུགས་ཆེ་ཡོང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། ཁོང་ཚོའི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་གི་གནས་སྟངས་ལ་བརྩི་འཇོག་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཞེས་གསལ་ཡོད།
༡༩༦༡ ཟླ་ ༡༢ ཚེས་ ༢༠ ཉིན་གྱི་གྲོས་ཆོད།
སྐབས་དེར་བོད་དོན་སྐོར་བཀའ་བསྡུར་སྐབས་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གྲངས་ ༥༦ དང་། ངོ་རྒོལ་བྱེད་མཁན་རྒྱལ་ཁབ་གྲངས་ ༡༢ ། བར་བཞུགས་བྱེད་མཁན་རྒྱལ་ཁབ་གྲངས་ ༢༧ ། ཚོགས་ཞུགས་མི་བྱེད་མཁན་རྒྱལ་ཁབ་གྲངས་ ༨ བཅས་བྱུང་སྟེ་མང་མོས་ཀྱི་རྒྱལ་ཁའི་གྲོས་ཆོད་བྱུང་བ།
༡༩༥༩ ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཚོགས་ཆེན་ཐེངས་ ༡༤ པའི་སྐབས་སུ་བོད་དོན་སྐོར་གྲོས་ཆོད་ཨང་ ༡༣༥༣ འཁོད་པ་བཞག་པར་དྲན་གསོ་བྱ་རྒྱུ།
བོད་དུ་བོད་མི་མང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་འགལ་དང་། ཁོང་ཚོས་སྔར་ནས་སྲོལ་འཛིན་བྱེད་བཞིན་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་གི་གནས་སྟངས་ཐོག་ཏུ་བཙན་གནོན་སོགས་ཀྱི་གནས་ཚུལ་རྒྱུན་བསྟུད་དུ་ཡོད་པ་འདི་ལ་བློ་ཕམ་ཧ་ཅང་གི་ཆེན་པོ་ཡོད། གནས་ཚུལ་འདི་དག་གིས་རྐྱེན་པས་བོད་མི་མང་ལ་དཀའ་སྡུག་ཤིན་ཏུ་ཆེན་པོ་བྱུང་བ་ནི། ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བོད་མི་བཙན་བྱོལ་བ་ཕོན་ཆེ་བྲོས་འབྱོར་ཡོང་མུས་ནས་ར་འཕྲོད་ཡོད་པ་ལྟར་འདི་ཐད་ལ་སྙིང་ནས་བློ་གཡེང་ཆེ་བའི་མཐོང་ཚུལ་ཞིག་བྱུང་།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ནང་གསལ་བའི་མི་མང་ཡོངས་དང་། རྒྱལ་ཁབ་ཁག་གི་རང་ཐག་རང་གཅོད་ཀྱི་གནད་དོན་དང་བཅས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩ་འགལ་དང་། རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེ་དང་། མི་མང་དབར་གྱིས་འབྲེལ་བ་ཇེ་སྡུག་ཏུ་གཏོང་བའི་བློ་ཕམ་གྱི་གནད་དོན་འདི་དག་ལ་བསམ་ཞིབ་བྱས་པར།
༡༽ཁྲིམས་ལུགས་དྲང་འཛིན་གྱི་གཞི་རྩའི་ཐོག་ནས་འཛམ་གླིང་ཞི་བདེ་གོང་སྤེལ་ཆེད་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། ཡོངས་ཁྱབ་གསལ་བསྒྲགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་བཀུར་ངེས་པར་དགོས་པ་ཞེས་བསྐྱར་ནན་ཆེན་པོས་བརྗོད་རྒྱུ།
༢༽ བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གིས་མཚོན་ཁོང་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་བཙན་འཕྲོག་བྱེད་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་ཞེས་སླར་ཡང་དོ་གལ་ཆེན་པོས་འབོད་སྐུལ་བྱ་རྒྱུ།
༣༽ འཐུས་མིའི་རྒྱལ་ཁབ་ཁག་ནས་ད་ལམ་གྱི་གྲོས་ཆོད་འདིའི་དོན་གནད་རྣམས་འགྲུབ་ཕྱིར་འསོ་ཤིང་འཚམས་པའི་ཐབས་ཤེས་ཅི་ཡོད་ཕྱག་ལེན་མཛད་རྒྱུར་རེ་འདུན་ཞུ་བཞིན་ཡོད་ཅེས་བཀོད་ཡོད།
ཕྱི་ལོ་ ༡༩༥༦ ཟླ་ ༡༢ ཚེས་ ༡༠ ཉིན་གྱི་གྲོས་ཆོད།
སྐབས་དེར་བོད་དོན་སྐོར་བཀའ་བསྡུར་སྐབས་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་གྲངས་ ༤༣ དང་། ངོ་རྒོལ་བྱེད་མཁན་རྒྱལ་ཁབ་གྲངས། ༢༥། བར་བཞུགས་བྱེད་མཁན་རྒྱལ་ཁབ་གྲངས ༣༦ ། ཚོགས་ཞུགས་མི་བྱེད་མཁན་རྒྱལ་ཁབ་གྲངས་ ༢༤ བཅས་བྱུང་སྟེ་མང་མོས་ཀྱི་རྒྱལ་ཁའི་གྲོས་ཆོས་བྱུང་བ། རྒྱལ་ཚོགས་ཚོགས་ཆེན་ནས་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་ནང་ཁྱབ་བསྒྲགས་བྱས་དོན། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ཁག་དང་། འབྲེལ་ཡོད་སྙིང་དོན་རྣམས་ཡིད་ལ་བཞག་སྟེ།
བོད་དོན་སྐོར་ ༡༩༥༩ ཟླ་ ༡༠ ཚེས་ ༢༡ འཁོད་གྲོས་ཆོད་ཨང་ ༡༣༥༣ དང་། ༡༩༦༡ ཟླ་ ༡༢ ཚེས་ ༢༠ འཁོད་གྲོས་ཆོད་ཨང་ ༡༧༢༣ བསྐྱར་དུ་ཁས་ལེན་གཏན་འབེབས་དང་འབྲེལ། རྒྱ་དམར་ནས་བོད་མི་མང་གི་གཞི་རྩའི་ཐོབ་ཐང་དང་། རང་དབང་ལ་མུ་མཐུད་བརྩི་མེད་དང། བོད་མི་ཚོའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ཀྱི་འཚོ་བར་མུ་མཐུད་བཙན་གནོན་བྱེད་ཀྱི་ཡོད་པ་ནི། ཁྱིམ་མཚེས་ཡུལ་ཁག་ནང་བཙན་བྱོལ་བ་མུ་མཐུད་བྲོས་འབྱོར་ཡོང་བཞིན་པ་བཅས་ནས་མངོན་སུམ་དུ་ར་འཕྲོད་བྱུང་བ་ལྟར་བློ་གཡེང་དཔག་ཏུ་མེད་པ་བྱུང་།
༡༽ བོད་མི་མང་གི་གཞི་རྩའི་ཐོབ་ཐང་དང་། རང་དབང་ཁག་ལ་བརྩི་མེད་བྱས་པར་སྙིང་ནས་བློ་ཕམ་དངངས་འཚབས་ཆེན་པོ་ཡོད།
༢༽ ཁྲིམས་ལུགས་དྲང་འཛིན་གྱི་གཞི་རྩའི་ཐོག་ནས་འཛམ་གླིང་ཞི་བདེ་གོང་སྤེལ་ཆེད་དུ་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་། ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ལ་བརྩི་བཀུར་ངེས་པར་དགོས་པ་ཡིན་ཞེས་བསྐྱར་ནན་ཆེན་པོས་བརྗོད་རྒྱུ།
༣༽ བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ཁག་ལ་བརྩི་མེད་དང་། བོད་མི་མང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། ཆོས་ཀྱི་འཚོ་བར་བཀག་སྡོམ་བཙན་གནོན་བྱེད་པ་འདི་ནི། རྒྱལ་སྤྱིའི་གནས་ཚུལ་ཉེན་ཚབས་ཇེ་ཆེར་གཏོང་བ་དང་། མི་མང་དབར་གྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་བ་ཞིག་ཡིན་པར་ཡིད་ཆེས་ཡོད་ཅེས་གསལ་བསྒྲགས་བྱ་རྒྱུ།
༤༽ མི་མང་ཚོས་རྒྱུན་དུ་ལོངས་སྤྱོད་མྱོང་བའི་འགྲོ་བ་མིའི་ཐོབ་ཐང་དང་། གཞི་རྩའི་རང་དབང་ཁག་བཙན་འཕྲོགས་ཀྱི་བྱ་སྤྱོད་མཐའ་དག་མཚམས་འཇོག་དགོས་ཞེས་སླར་ཡང་དོ་གལ་ཆེན་པོས་འབོད་སྐུལ་བྱ་རྒྱུ་བཅས་གསལ་ཡོད། ཅེས་པ་འདི་དག་རང་རིགས་བློ་གསར་བ་རྣམས་ལ་ཕན་ཐོགས་ཕྲན་བུ་ཞིག་བྱུང་ན་བསམ་ནས་བོད་ཀྱི་ལོ་རྒྱུས་དང་ཁྲིམས་ལུགས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞེས་པ་ནང་བཀོད་དོན་ལྟར་བསྒྲིགས་ཡོད་ན་དེ་ལུགས་དགོངས་མངའ་མཛོད།
ཅེས་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༡༡ ལོར་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༡༤ ལོར་མཇུག་རྫོགས་པར་བྱས་པའོ།
ཟུར་བལྟས་ཡིག་ཆ་ནི།
༡༽ བོད་ཀྱི་སྲིད་དོན་རྒྱལ་རབས།
༢༽ བོད་རྒྱལ་རབས་ལོ་རྒྱུས་དོན་བསྡུས།
༣༽ ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ།
༤༽ བོད་ཀྱི་རྒྱལ་རབས་དེབ་ཐེར་དཀར་པོ།
༥༽ བོད་ཀྱི་རྒྱལ་རབས་ལོ་ཚིགས་འཁྲུལ་སྤོང་ཟིན་བྲིས།
༦༽ བོད་སིལ་བུའི་བྱུང་བ་བརྗོད་པ་ཤེལ་དཀར་ཕྲེང་བ།
བོད་རྗེ་གཉའ་ཁྲི་བཙན་པོའི་ཕ་བོད་པ་དང་། མ་བོད་མོ་ཞིག་ལས་གཞན་གང་ཡང་མ་རེད་སྙམ་ལགས།