ར་མདའ།
ཁྱེད་རང་བོད་ནང་སློབ་གྲྭར་འགྲིམས་མྱོང་མཁན་ཞིག་ཡིན་ཚེ། འཛིན་གྲྭ་གཉིས་པའི་སྐད་ཡིག་སློབ་དེབ་ནང༌། རྒྱ་ནག་གི་གསར་བརྗེ་དོན་དུ་རང་སྲོག་བློས་བཏང་བྱེད་མཁན་ལོའུ་ཧིཾུ་ལན་ཟེར་བའི་དཔའ་མོ་ཆུང་ཆུང་དེ་ཁྱེད་ཀྱི་སེམས་ན་ཁྲིགས་ཁྲིགས་ཡིན་རྒྱུ་རེད།
ལྷོ་ཕྱོགས་ཕོ་ཉ་སྤྱིའི་འདོན་ཐེངས་ ༧༥ པའི་ཤོག་ངོས་བདུན་པ༼འཚོ་བའི་རྒྱབ་མདུན།༽གྱི་ལེ་ཚན་ནང༌། བསྟན་འཛིན་ཆོས་འཕེལ་ཟེར་བ་ཞིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་པའི་བཟོ་ལྟ་བསྟན་ནས་ཁོ་རང་གིས་ད་ལོ་གསུམ་བཅུ་དུས་དྲན་སྐབས་ནས་བལ་ཡུལ་དུ་བོད་དོན་ལས་འགུལ་སྤེལ་བར་བརྟེན་ ༥༩ ཟེར་ན་མི་ཤེས་མཁན་མེད་རབས་དང་སྐད་གྲགས་ཡོད་རབས་བཤད་འདུག་ནའང༌། ཚིག་གི་ངོས་ཟུར་གང་ནས་བརྟགས་ཀྱང་བཅར་འདྲི་བྱས་པ་ཞིག་མ་ཡིན་པར་བཅར་འདྲི་བྱ་མཁན་དང་བྱ་ཡུལ་གཉིས་ཆ་ཁ་མཐུན་ནས་བཅར་འདྲི་བཟོས་པའི་ཉམས་ཐོན་འདུག ཡང་གཅིག་བཤད་ན། ད་ལོ་གསུམ་བཅུ་དུས་དྲན་ཉིན་ནས་ང་ཡང་སྐད་འབོད་དང་ཁྲོམ་བསྐོར་བྱེད་སར་སོང་བ་ཡིན་ལ། སྤྱི་ཟླ་ ༣ ཚེས་ ༣༠ ཕྱི་དྲོ་ད་གཟོད་ང་རྒྱ་གར་དུ་ཕྱིར་ལོག་པ་ཡིན། ཕྱིར་མ་ལོག་གོང་ང་ཡང་སྐད་འབོད་བྱེད་ས་གང་ས་གང་དུ་སོང་མྱོང་ནའང་ངས་ ༥༩ ཟེར་བའི་སྐད་གྲགས་ཅན་ཞིག་མཐོང་མ་བྱུང་ལ། སྐད་གྲགས་ཡོད་པ་ཡང་ཤེས་མ་བྱུང༌། འོན་ཀྱང་ངས་རང་ཉིད་ཀྱིས་མ་མཐོང་བ་དང་མ་ཤེས་པ་རྒྱུ་མཚན་དུ་བྱས་ནས་ ༥༩ ཟེར་བའི་ཕོ་གསར་ཞིག་སྐད་འབོད་དང་ཁྲོམ་སྐོར་ལ་སོང་མེད་ཅེས་བཤད་མི་ཐུབ་ལ། བཤད་འདོད་ཀྱང་མི་འདུག འོ་ན་ཁྱེད་ཀྱིས་ ༥༩ སྐོར་ཅི་ཡང་ཤེས་ཀྱི་མེད་ན། དེ་རིང་ ༥༩ ཁ་ནང་བླངས་ནས་ཅི་ཞིག་བཤད་རྩིས་ཡིན་ནམ་ཞེ་ན། ངའི་སེམས་ལ་ནམ་རྒྱུན་རྒྱ་ནག་གཞུང་ཚབ་ཁང་དང༌། མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་བཅས་ཀྱི་སྒོ་ནང་སོགས་ལ་ངོ་རྒོལ་བྱེད་མཁན་གྱི་གཙོ་མོ་ཞིག་ཡང་སེ་ཡང་སེ་དྲན་ཡོང་གི་འདུག་པས། ངས་འདིར་དེ་རིང་ཐད་ཀར་བཤད་འདོད་པ་ནི་ཁོ་མོའི་སྐོར་ཡིན།
ཁོ་མོ་ནི་ཉི་མ་སྒྲོལ་དཀར་ཟེར་བའི་ཨ་ཅག་ཅིག་རེད་ལ། ངས་ཁོ་མོ་སྐད་འབོད་བྱེད་ས་དང་བཙོན་ཁང་ནང་བཀག་ཉར་སྐབས་སུ་མཐོང་བ་མ་གཏོགས། ཁོ་མོའི་སྡོད་གནས་དང་ལས་གནས་སོགས་ཀྱི་སྐོར་ང་ལ་ཆ་རྒྱུས་ཅི་ཡང་མེད་ལ། ཐ་ན་ངས་ཁོ་མོ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མྱོང་མེད།
ང་ལ་མཚོན་ནས་བཤད་ན། ཁོ་མོའི་སྡོད་གནས་དང་ལས་གནས་སོགས་ཀྱི་སྐོར་ཤེས་དགོས་དོན་ཡང་མི་འདུག
ངས་ད་ལྟཧཕྱིར་དྲན་ བྱེད་དུས། ངས་ཁོ་མོ་ཐོག་དང་པོ་མཐོང་ས་ནི་ཁོ་མོ་དང་ཁོ་མོའི་རོགས་པ་མི་བཅུས་བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སྒོ་ནང་དུ་མ་ཤི་བར་ཟས་བཅད་ངོ་རྒོལ་བྱེད་རྒྱུ་མགོ་བཙུགས་ཀྱང་བལ་ཡུལ་ཉེན་རྟོགས་པས་ཟས་བཅད་ངོ་རྒོལ་ བྱེད་དུ་མ་བཅུག་པར་བརྟེན། རང་བདེན་ཚོགས་ཆུང་དུ་ཕྱིར་ལོག་བསླེབས་སྐབས་ཡིན། དེའི་རྗེས་ངས་ཁོ་མོ་ཁྲོམ་བསྐོར་བྱེད་ས་གང་ས་གང་དུ་མཐོང་བྱུང༌།
གོ་ཐོས་ལྟར་ན། ཁོ་མོའི་སྐྱེས་ཡུལ་ལྷ་ས་ནས་ཡིན་པ་དང༌། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པའི་ནང་ཁོ་མོ་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ བྱེད་མཁན་གྲས་དངོས་སུ་ཞུགས་མྱོང་ཡོད་འདུག
ད་ལྟ་ཟླ་ཚེས་གསལ་པོ་ཞིག་མི་དྲན་ནའང༌། ཉིན་གཅིག་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་སྒོ་འགྲམ་ལ་སྐད་འབོད་དུ་བསྐྱོད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སླེབས་ལ་ཉེ་སྐབས། བལ་ཡུལ་ཉེན་རྟོགས་པས་འཇུ་བཟུང་བྱས་ནས་དགོང་མོ་གློད་གྲོལ་བཏང་བྱུང་ནའང༌། ནུབ་མོ་མཚན་ན་ཕྱིར་ཡོང་སྐབས། ཡང་བསྐྱར་མཆོད་རྟེན་བྱ་རུང་ཁ་ཤོར་ཉེ་འཁྲིས་ཀྱི་ཉེན་རྟོགས་པས་སྐད་འབོད་བྱེད་མཁན་ཚོ་ཕྱིར་ཡོང་སྤྱད་རླངས་འཁོར་རྗེས་མ་དེ་བཀག་ཉར་བྱས་ཤིང༌། མི་བཅུ་རེ་བང་བསྒྲིགས་ནས་པར་བརྒྱབ་པ་དང༌། གལ་སྲིད་སང་ཉིན་ཁྱེད་ཚོ་ཡང་བསྐྱར་སྐད་འབོད་བྱེད་དུ་ཡོང་ན་རྒྱ་ནག་གཞུང་ལ་རྩིས་སྤྲོད་རྒྱུ་ཡིན་ཚུལ་འཇིགས་སྐུལ་བྱས་པར་མ་ཟད། ཉི་མ་སྒྲོལ་དཀར་ཉེན་རྟོགས་དཔོན་གྱིས་ཤུལ་དུ་བཀག་ནས་ཁོ་རང་ལ་འོ་བྱ་དགོས་པའི་རེ་བ་བཏོན་པར་མ་ཟད་དེ་ལྟར་ བྱས་ཚེ་དོ་ནུབ་གློད་རྒྱུ་ཡིན་ཚུལ་བཤད་པར་ཉི་མ་སྒྲོལ་དཀར་ཧ་ཅང་ཁོང་ཁྲོ་ལངས་ནས་ཉེན་རྟོགས་དཔོན་ལ་གཤེ་གཤེ་དྲག་པོ་བཏང་བར་བརྟེན། ཉེན་རྟོགས་དཔོན་ངོ་ཚ་དང་རླུང་མཉམ་དུ་ལངས་ནས་ཉི་མ་སྒྲོལ་དཀར་ལ། སང་ཉིན་ནས་ཁྱེད་རང་སྐད་འབོད་ བྱེད་སར་ཡོང་ཚེ་ངས་གོ་སྐབས་ཤིག་དང་བསྟུན་རྗེས་ཁྱེད་དང་ཁྱེད་ཀྱི་ནང་མི་ཡོངས་རྫོགས་དམར་གསོད་གཏང་གི་ཡིན་ཞེས་འཇིགས་སྐུལ་གྱི་ཐ་ཚིག་བསྒྲགས་ནའང༌། ཉི་མ་སྒྲོལ་དཀར་འཇིགས་ཞུམ་སྤུ་ཙམ་མེད་པར་དེའི་རྗེས་སུ་ད་དུང་མུ་མཐུད་ངོ་རྒོལ་ཁྲོམ་བསྐོར་དུ་བསྐྱོད་བཞིན་པ་མཐོང་སྐབས། སྔོན་ཆད་ང་ཆུང་ཆུང་སྐབས་ཡིད་སྨོན་སྐྱེས་སའྀ་རྒྱ་ནག་གི་དཔའ་མོ་ཆུང་ཆུང་ལོའུ་ཧིཾུ་ལན་དྲན་བྱུང་ལ། དེ་དང་ཆབས་ཅིག་ངའི་སེམས་ལ། ཁོ་མོ་ནི་ང་ཆེན་པོ་ཆགས་རྗེས་ཀྱི་ཡིད་སྨོན་སྐྱེས་སའི་བོད་ཀྱི་ལོའུ་ཧིཾུ་ལན་ཡིན་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་བྱུང༌།
རྒྱ་ནག་གི་ལོ་རྒྱུས་ནང་དུ་བུད་མེད་དེ་འདྲའི་དཔའ་མོ་གྲགས་ཆེན་ཞིག་ཡོད་པ་བདེན་ན་ཡང་། ང་ཚོ་ལ་ལོ་རྒྱུས་ནང་དུ་འགོད་མ་ཐུབ་པས་དཔའ་མོ་ནི་དངོས་ནས་གྲངས་ལས་འདས་པ་ཞིག་སྔོན་ཆད་ལྔ་དགུ་ལོའི་ཆེས་མུན་མག་གི་དུས་ཚོད་དེ་བྱུང་ཡོད་པ་རེད་ལ། ད་དུང་ཡང་འདི་ལྟར་བྱུང་བཞིན་ཡོད་པ་ནི་དངོས་ནས་རྒྱབ་སྐྱོར་བྱེད་འོས་པ་ཞིག་རེད་འདུག་གོ
ལིའུ་ཧུའུ་ལན་ཡིན་ན། རང་སྲོག་བློང་བཏང་མེད་པ་ཅི་རེད། བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་རོགས་གནང་།
ལིའུ་ཧུའུ་ལན་དཔའ་མོ་ཞིག་ཡིན་པ་འདྲ། མོའི་ལོ་རྒྱུས་ཞིབ་ཚགས་པོ་གང་ཡང་མི་ཤེས། རྒྱ་ནག་གིས་ ་་དམར་ཞིང་མཁས་པའི་གསར་བརྗེའི་རྒྱུད་འཛིན་པ་་ མང་པོ་ཞིག་སྐྱེད་སྲིང་བྱེད་པ་དང་གཞན་ལ་ངར་ཆུ་ལྡུད་པའི་སླད་དུ་རབ་བཏགས་བྱས་ཡོད་པ་ཡང་ཉུང་ཉུང་མིན།
ང་ཚོར་གཤེགས་ཟིན་པའི་དཔའ་མོ་སྟག་མོ་འདྲ་བ་མང་པོ་བྱུང་ཡོད་པ་ཉེ་སྔོན་གྱི་ལོ་རྒྱུས་དེ་ཚོར་ལྟོས་དང་ཤེས་ཐུབ། ད་རུང་གཤེགས་མེད་པའི་ནང་ཡང་དཔའ་མོ་སྟག་མོ་འདྲ་བ་མང་པོ་ཞིག་ཡོད་པ་མཛུབ་མོས་བགྲང་རྒྱུ་ཡོད་པ་ཞིག་རེད། ཨ་མ་ཨ་དེ། ཨ་ནེ་དཔའ་ཆེན། རང་བཙན་ཨ་མ། ངག་དབང་སངས་གྲོལ་སོགས་མང་པོ་དང་། ད་ལོ་གཅིག་པོར་ཡང་མང་པོ་བྱུང་ཡོད་པ་རེད། ཁྱེད་རང་གི་དཔེ་དེར་དཔེ་ཅན་མཆོག་དང་དཔེ་དམའ་དྲགས་པའི་སྐྱོན་ཞིག་འདུག
ཟླ་བ་ལགས། བོད་ཀྱི་དཔའ་མོ་ཡིན་ན་ཡིན་གཅིག་མིན་གཅིག་རང་གི་སྲོག་ཤོར་དུ་འཇུག་དགོས་པ་ཞིག་ཡིན་ནམ། དེ་འདྲ་ཡིན་ན་ནི་མགོན་པོ་ཕྱག་གཉིས་པས་དྲངས་པས་བུད་མེད་དེ་དག་ནི་བོད་ཀྱི་དཔའ་མོ་ལ་མི་འགྲོ་བ་ཡིན་ནམ།
དེ་ཚོ་ལིའུ་ཧུའུ་ལན་ལྟ་བུའི་དཔའ་མོ་མ་རེད།