བོད། ལྷ་ཀླུ་གཉན་གསུམ
དེང་གི་དུས་འདི་ནི་བོད་ཀྱི་ཤ་རུས་འཐོར་བཞིན་སྒང་ཞིག་ཆགས་ཡོད། འཐོར་ལུགས་ལ་རྣམ་གྲངས་མི་འདྲ་བ་ཞིག་ཆགས་ཡོད། ངས་འདི་ནས་ཤ་རུས་འཐོར་བཞིན་འདུག་ཞེས་བཤད་ན། ཁ་ཤས་ཀྱིས་ཤ་རུས་ཇི་ལྟར་འཐོར་གྱི་ཡོད་དམ་སྙམ་ངེས་རེད། ཤ་རུས་འཐོར་སྟངས་འདི་ནི་དངོས་ནས་བསམ་བློ་ཞིབ་དུ་བཏང་དུས། དངོས་ནས་ཉེན་ཁ་ཆེ་བ་དང་འཇིགས་སུ་རུང་བ་ཞིག་རེད་འདུག་མོད། དེ་ལ་བོད་མི་ཚོས་ཉམ་སྣང་མེད་པར་འཐོར་དུ་འཇུག་བཞིན་ཡོད། ཤ་རུས་འཐོར་བའི་འགོ་ནི་ཆེས་སྔ་མོ་ཞིག་བཙུགས་ཟིན་པ་ནའང་། དེ་དུས་དེ་འདྲའི་ཉེན་ཁ་ཅན་ཞིག་མིན་ལ། དེ་དུས་སུ་ཤ་རུས་ཚུར་སྤུངས་བཞིན་ཡོད་པ་ལས། ཕར་ལ་འཐོར་མེད་ཅེས་བཤད་ན་འགྲིག་པ་ཡིན།
དེང་གི་དུས་སུ་ཤ་རུས་འདི་ནི་ཕར་ལ་སྤྲོད་བཞིན་ཡོད་ལ། སྤྲོད་སྟངས་དེ་ཡང་འདོད་ནས་སྤྲོད་པ་དང་མ་ཤེས་པར་སྤྲོད་པ་སོགས་ཀྱི་བར་ནས་འཐོར་བཞིན་ཡོད། འཐོར་ལུགས་དེ་ནི་དངོས་ནས་བསམ་བློ་ཞིབ་ཚགས་པོ་ཞིག་བཏང་ནས་འོང་དུས། དེ་ནི་དངོས་ནས་སྐྱི་ཡ་བ་དང་སེམས་སྡུག་པ་ཞིག་ཆགས་ཡོད། བོད་མི་ཆེས་མི་ཉུང་བ་ཞིག་གིས་རང་ཉིད་དེ་ཡི་ནང་དུ་འཚུད་ཡོད་པར་ཁག་འཇོག་པའམ་ཡང་ན་འཚུད་ཟིན་པ་དག་ལ་བལྟ་བཞིན་རང་ཉིད་དེ་རུ་མཆོང་བཞིན་ཡོད་ལ། ཉེ་འགྲམ་དུ་མཆོང་དུ་འགྲོ་བའི་མི་དེ་དག་ལ་དེ་ལྟར་བྱེད་མི་རུང་བའི་ཁ་བརྡ་བྱེད་མཁན་མེད་པ་དང་། ཡོད་པ་རེ་ཟུང་གི་སྐད་ཆ་ཡང་མགོ་གཉིས་ཤིག་ཡིན་དུས། མཆོང་མཁན་དག་ནི་མཆོང་རྐྱང་དང་། མཆོང་བའི་སྐྱེ་སུ་སྐེ་རུ་འཆི་ཐག་གོན་རྗེས་སུ། འཆི་ལམ་ལས་འགྲོ་ས་མེད་པ་རྟོགས་དུས། འགྱོད་ཀྱང་ཕྱིས་ཟིན་པའི་སྐོར་རང་གི་རིགས་ལ་བཤད་མ་འཕོད་པར་འགྲོ་བཞིན་ཡོད། འདི་ནི་ཡོངས་གྲགས་སུ་དེང་སང་ཟ་ལེ་རྒྱལ་དང་ཟ་མོ་སྐྱིད་དུ་འབོད་པ་འདི་དག་ཡིན།
འདི་དག་གི་བཟའ་ཚང་བྱེད་པའི་མི་རིགས་ལ་དབྱེ་བ་མེད་ལ། ཆོས་ལུགས་ལ་དེ་བས་ས་མཚམས་མེད་པའི་མི་དག་གི་མཉམ་དུ་གཉེན་སྡེབ་བཞིན་ཡོད་ལ། ཤ་འདོག་ལ་དཀར་ནག་གི་ཁྱད་པར་མེད་པར། བོད་ཀྱི་བུ་དང་བུ་མོ་ཆེས་མི་ཉུང་བ་ཞིག་གིས་བོད་མི་རིགས་ཀྱི་རིགས་རུས་འཐོར་བཞིན་ཡོད་ལ། རིགས་རུས་འཐོར་བཞིན་པའི་བར་ནས་བོད་ཀྱི་རིག་གཞུང་གི་ནང་སྙིང་ཡང་བོར་ནས་འགྲོ་བཞིན་ཡོད། ད་དུང་། མི་འདིའི་རིགས་ཀྱིས་རང་ཉིད་ནི་མི་འཇོན་ཐང་ཅན་ཞིག་ལ་རློམ་བཞིན་ཡོད་ཀྱང་། དོན་དངོས་ཐོག་མི་རིགས་ཤིག་གི་མི་རབས་གཅིག་གི་ཁྲོད་ཀྱི་ཆེས་ནག་ཅན་དུ་འགྱུར་འགྲོ་བཞིན་ཡོད་པ་ཤེས་མཁན་གཏན་ནས་མེད་པ་ནས་ཡོད་ཙམ་དུ་གྱུར་བའི་སྔ་གཞུག་ལ། འཛམ་གླིང་ཡུལ་གྲུ་གང་ས་ནས་འཚར་བཞིན་པའི་བོད་ཀྱི་རུས་རྐང་གི་རྒྱུད་པ་དེ་དག་མི་རིགས་གཞན་གྱི་ཁྲོད་དུ་ཆུ་ཐིགས་རྒྱ་མཚོར་འཐིམ་པ་བཞིན་འཐོར་ནས་འགྲོ་བ་འདི་དག་མཐོང་ནས་འོང་དུས། དངོས་ནས་སེམས་བསམ་པའི་གཏིང་ནས་སྐྱོ་བ་དང་གཞིས་ལུས་མི་མང་ལས་རེ་ས་ལུས་མེད་པའི་སྣང་བ་དང་། གཞིས་ལུས་མི་མང་གསོན་མ་ཐུབ་པའི་ཉིན་མོ་དེར། བོད་མི་རིགས་ཟེར་བ་ནི་གཏན་ནས་མེད་པར་གྱུར་བར་ངང་ཚབ་ཅིག་སྐྱེ་རུ་བཅུགས་སོང་།
བོད་ཀྱི་ཤ་རུས་འཐོར་སྟངས་ནི། དངོས་ནས་རྒྱལ་ཁབ་གཞན་དག་གི་མི་དང་བསྡུར་ན་ཧ་ཅང་མགྱོགས་པོ་ཡིན། ད་ལྟ་བོད་མི་རྒྱལ་ཁབ་འདྲ་མིན་གྱི་མི་དང་གཉེན་སྒྲིག་ནས་ཡོད་པའི་རྒྱལ་ཁབ་ཉུང་མཐར་སུམ་བཅུ་ནས་བཞི་བཅུ་ལ་སླེབས་ཡོད། རྒྱལ་ཁབ་དེ་དག་གི་ནང་དུ་བོད་ཀྱི་ཤ་རུས་འཐོར་ནས་ཡོད་ལ། འཐོར་སྟངས་དེ་ཡང་རྒྱའི་བོད་དུ་བཙན་འཛུལ་བྱས་པ་མི་འདྲ་བར། བོད་མིས་སེམས་སུ་དཔལ་འབྱོར་གྱི་བཙན་འཛུལ་ལས་མི་རིགས་ཤིག་གི་ལར་ཞེན་གྱི་བཙན་འཛུལ་དང་མི་རིགས་རང་ལུགས་ཀྱི་ལ་རྒྱ་དེ་མེད་པས་ལན་པ་ཡིན། ལན་པ་འདི་སུ་ལ་ཡོད་མེད་དེ་ནི་དངོས་ནས་སྐད་ཆ་ཞིབ་མོ་ཞིག་འདྲི་དགོས་བྱུང་ན། ད་ལྟའི་མི་ཐོག་རྒན་པ་འདི་དག་གིས་རང་རང་གི་བུ་ཕྲུག་དག་འཚར་ལོངས་བྱུང་ས་དང་ཁོར་ཡུག་བསྐྲུན་སྟངས། སློབ་གསོ་རྒྱགས་སྟངས་ལ་ནོར་འཁྲུལ་ཤོར་བ་ཡིན་པར་ངེས་འཛིན་བྱེད་དགོས་ཀྱི་ཡོད། ངས་དྲ་ངོས་ནས་བོད་མི་རེ་ཟུང་ཕྱི་རྒྱལ་གྱི་གོམ་གཤིས་ཀྱི་སྨྱོས་ནས་རང་ཉིད་བོད་རིགས་ཡིན་པ་བརྗེད་བཞིན་པའི་སྐོར་དེ་དག་མཐོང་ནས་འོང་དུས། ང་དངོས་ནས་སེམས་པ་སྐྱོ་ཞིང་། མིག་ཆུ་ཁྲག་དུ་གྱུར་ནས་འོང་གི་འདུག
ཁྱེད་རང་གིས་གསུངས་པ་དེར་རྒྱབ་སྐྱོར་ཡོད། བོད་མི་རིགས་ཀྱི་འཐོར་ལུགས་དེ་ཡང་ཕྱོགས་མང་པོ་ཞིག་ནས་བལྟ་དགོས་ཀྱི་འདུག དང་པོ་དེ་སློབ་གསོ་དང་ཐད་ཀར་འབྲེལ་བ་ངེས་ཅན་ཡོད། འོན་ཀྱང་ཕྱོགས་ཡོངས་ནས་གཞིགས་ཚེ་ཕྱི་མི་དང་གཉེན་འདེབས་མཁན་མང་ཆེ་བ་རང་རིགས་ཤེས་ཡོན་ཅུང་ཡོད་མཁན་གྲས་ཡིན། དེའི་རྐྱེན་རྩ་གཙོ་བོ་ནི་དཔལ་འབྱོར་གྱི་བཙན་འཛུལ་ཡིན་པར་྄ངོས་འཛིན་བྱེད་དགོས།
དང་པོ་རང་ཉིད་ནས་མགོ་བརྩམས་ན་འོས་པར་བསམ།
བོད་རིགས་ངེས་བར་དུ་གཞན་དུ་གཉེན་སྒྲིག་བྱེད་དགོས་ཤིང་དེ་ལྟར་བྱས་ན་འཇིག་རྟེན་ཀུན་གྱི་གནས་ཚུལ་རྟོགས་པ་ཕན་ཐོགས་ཡོད། བསམ་བློ་གུ་དོག་མ་བཏང་། ཕྱི་རྒྱལ་དང་གཉེན་སྒྲིག་མི་བྱེད་ནཁན་ལུང་པ་སུ་ཞིག་ཡོད། ཡིན་ཡང་བོད་མི་ཡོད་ཚད་གཞན་དང་གཉེན་སྒྲིག་བྱེད་མི་སྲིད་ལ་བོད་ཀྱིས་འདོད་ཀྱང་གཞན་གྱིས་མི་འདོད། བསམ་བློ་སྐོར་ལོག་མ་བཏང་།
འཛམ་གླིང་ཐོག་འགོག་ཐབས་མེད་པའི་ཚིག་གཉིས་ཡོད་པ་ནི་འདྲ་མཉམ་དང་གཅིག་གྱུར་ཟེར་བའི་ཚིག་འདི་གཉིས་རེད། ཚིག་གདི་གཉིས་ནི་འཇིག་རྟེན་མ་འཇིག་གི་བར་དུ་མདུན་ནས་མདུན་དུ་ཡར་རྒྱས་འགྲོ་ངེས་ཡིན་ཙང་། ཡོང་ངེས་ཡིན་པའི་དོན་དག་འདི་ལ་ནུས་ཤུགས་ག་འདྲ་ཞིག་གིས་ཀྱང་འགོག་ཐབས་མེད་པ་མ་ཟད། དེ་ནི་རང་བྱུང་འབྱུང་བ་དང་འདྲ་བ་ཡིན་པས་སེམས་འཁུར་བྱེད་པ་ནི་དོན་མེད་རེད་སྙམ།
འོན་ཀྱང་། ཡར་རྒྱས་འགྲོ་ཚད་ཤུན་ཏུ་མྱུར་བའི་འདྲ་མཉམ་དང་གཅིག་གྱུར་ཟེར་བའི་ཚིག་འདི་གཉིས་ཀྱི་ཁྲོད་ན་མི་རིགས་འདྲ་མཉམ་དང་མི་རིགས་གཅིག་གྱུར་འདུས་ཡོད་པ་མ་ཟད། རྒྱལ་ཁབ་འདྲ་མཉམ་དང་རྒྱལ་ཁབ་གཅིག་གྱུར་ཡང་ཚུད་ཡོད།
ད་ལྟའི་དུས་ཚོད་ནི་མི་རིགས་འདྲ་མཉམ་དང་མི་རིགས་གཅིག་གྱུར་ཡོང་བཞིན་པའི་སྒང་ཡིན། ག་ལེ་ག་ལེར་འཛམ་གླིང་ཐོག་གི་མི་རིགས་ཡོངས་སུ་གཅིག་གྱུར་ཆགས་ཟིན་རྗེས་འཛམ་གླིང་ཐོག་གི་རྒྱལ་ཁབ་དག་ཀྱང་ཡོངས་སུ་གཅིག་གྱུར་ཆགས་་ངེས་ཡིན་པས་ན་དོན་དག་བཟང་བོ་འདི་གཉིས་ལ་མི་སུ་འདྲ་ཞིག་གི་ཀྱང་་སྡུག་བསྔལ་བྱེད་མི་རུང་།
བཙན་པོ་བུ་ལགས། ཉིད་ནས་བདག་གི་བསམ་ཚུལ་དེར་རྒྱབ་སྐྱོར་གནང་བ་དེར་དགའ་གུས་ཞུ། ཉིད་ནས་གསུངས་པ་བཞིན་རེད། དཔལ་ཡོན་གྱི་བཙན་འཛུལ་འདིས་ན་ཟུག་མ་སངས་ན། བོད་མི་རིགས་ཀྱི་གོད་ཆག་ཆེ་རུ་འགྲོ་བ་ལས་ཆུང་དུ་འགྲོ་བར་རེ་བ་ཆུང་གི
རིག་པའི་བུ་ལགས། ཉིད་ཀྱི་མིང་དང་དོན་མཚུངས་ཀྱི་མི་འདུག ངས་འདི་ནས་བཤད་བཞིན་པ་བོད་མི་རིགས་ཀྱི་ཤ་རུས་ཀྱི་འཐོར་ལུགས་འདི་ཉིད་མི་རིགས་གཞན་དང་གཉེན་སྒྲིག་པའི་མཐར་ཐུག་གི་མཇུག་འབྲས་ཤིག་ལ་སེམས་ཁུར་བྱས་པ་ལས། ཁྱེད་རང་བཞིན་འཛམ་གླིང་གཅིག་གི་རྨི་ལམ་ཡོད་རབས་བཤད་ནས། རང་མི་རིགས་ག་ས་གར་ནས་འཐོར་བཞིན་ཡོད་པ་དེ་ལ་འགན་མི་འཁུར་བའི་གྲངས་དུ་བསྡོད་འདོད་མ་བྱུང་། རྒྱུ་མཚན་ནི་རང་ཉིད་ཀྱི་ཉམ་མྱོང་དང་ནག་ཉེས་ལ་གཞི་བཞག་ནས་གླེང་བཞིན་ཡོད་པ་ལས། མི་རིགས་གཞན་དག་ནི་བཟང་སྤྱོད་མེད་པ་དང་རྒྱུད་བཟང་ཡིན་མིན་སོགས་ཀྱི་སྐོར་ནས་གླེང་གི་མེད། མི་རིགས་སུ་ཞིག་ཡིན་ན་གསོན་དགོས་པ་དང་གསོན་པ་དེ་ཡང་མི་རིགས་རང་ཉིད་ལ་འགན་ཡོད་པ་ལས་མི་རིགས་གཞན་སུ་ལའང་འགན་འཁྲི་ཡོད་པ་ཞིག་གཏན་ནས་མིན་པ་ཐུགས་སུ་འཇག་པར་འཚལ།
གཡུ་བྲག་ལགས། སྐད་ཆ་དེ་ནི་བདེན་པ་རེད། འོན་ཀྱང་། མི་ཞིག་གིས་རང་ཉིད་ཀྱི་ནོར་འཁྲུལ་དེ་དག་གཞན་དག་ལ་མི་འོང་བའི་ཆེད་དུ། སྐད་ཆ་དེ་ལྟར་ཞུས་ན་འགྲིག་གི་ཡོད་ལ། དེ་ཡང་འགན་ཞིག་དང་འགྱོད་གཤེགས་བྱེད་སྟངས་ཤིག་དུ་བསམ་ཡོད་ལགས།
འདོད་ལྷ་ཁམས་པ་ལགས། དང་བོ་ཉིད་ནས་འདྲ་མཉམ་དང་གཅིག་གྱུར་ཟེར་བའི་ཚིག་འདི་གཉིས་རེ་རེ་བྱས་ནས་བཤད་ན་འགྲིག་གི དང་བོའི་ཆ་ནས་བོད་མི་རིགས་འདི་ལ་མི་རིགས་གཞན་དག་དང་འདྲ་བར་འདྲ་མཉམ་རེག་གི་ཡོད་མེད་ཀྱི་སྐོར་ནས་བསམ་གཞིགས་ནན་ཏན་དང་སྐད་ཆ་བསམ་ནས་གསུང་ཡོད་ན་ཅི་མ་རུང་། དེ་ནས་གཅིག་གྱུར་ཟེར་བའི་མིང་ཚིག་དེ་ནི་བསམ་བློ་དང་རིགས་རུས་གཅིག་གྱུར་ཟེར་བ་ཞིག་བསྐལ་བའི་མཐའ་ལ་ཐུག་ཡང་མི་འོང་བའི་གནད་དོན་ངོ་མ་ཞིག་ཡིན། དེ་ནི་སྲིད་དོན་པ་དག་གིས་རང་ཉིད་ཀྱི་སྲིད་ཁྲི་བརྟན་ལྷིང་གི་ཆེད་དུ་ཡིན་པ་ལས། དོན་དངོས་ཐོག་གཅིག་གྱུར་ལ་བརྩོན་པའི་སྲིད་འཛིན་ཞིག་ད་ལྟའི་བར་དུ་བྱུང་མྱོང་མེད་ལ། ཕྱིས་སུ་ཡང་མི་འབྱུང་བར་སེམས་ཐག་བཅད་ནས་བཤད་ཆོག དེ་མིན་བོད་མི་རིགས་འདི་ཉིད་འདྲ་མཉན་གྱི་བདག་དབང་ཐོབ་པའི་རྗེས་སུ། གཟོད་ནས་ཉིད་ཀྱིས་དེ་ལྟར་གསུང་ན་ངས་གང་ཡང་མི་ཞུ། དེ་དུས་ཁྱེད་ཀྱིས་རང་གི་བསམ་ཚུལ་འདི་དག་སླར་ཡང་གསུང་ན་འགྲིག་གི་རེད། ད་ལྟའི་འཆར་ནི་བོད་ནང་གི་རྒྱ་དམག་གིས་མེ་མདའི་འོག་ནས་བོད་མི་དག་མེད་པར་བྱས། ཕྱི་ནས་བོད་མི་རང་དབང་གི་ཁོར་ཡུག་ལ་ཡོད་མཁན་དག་གིས་རིགས་རུས་འདི་ལྟར་འཐོར་དུ་བཅུགས་ན་འགྲིག་གི་ཡོད་མེད་ཀྱི་ཐད་དུ་སྐད་ཆ་དྲང་མོ་ཞིག་གསུང་རོགས་ཞུ།
ཧ་ཧ་རོགས་གཅེས་ང་ཚོ་མི་ཟེར་བར་འདི་ཚོ་ཁོ་ཚོ་ཟར་དོན་ཅི།
འབའ་བློ་ལགས། ང་ཚོ་ཟེར་བ་འདི་ལས་གལ་ཆེ་བ་ཞིག་སྐྱེ་བོ་སུ་ལའང་མེད་དུས། ངས་ང་ཚོའི་དོན་དུ་ང་ཚོ་རང་ཉིད་ནས་འགན་འཁྲི་ལེན་དགོས་པར་སྐུལ་མ་གཏོང་གི་ཡོད། རང་རང་གི་ནོར་འཁྲུལ་ངེས་ལེན་བྱེད་པར་དྲན་སྐུལ་གཏོང་གི་ཡོད་ལགས།
ལྷ་ཀླུ་ལགས།
ལྟ་ལན་གསུངས་བ་ཡག་བྱུང་། བོད་མི་རྣམས་གཞན་དང་གཉེན་སྒྲིག་བྱེད་དགོས་ཤིང་མི་རིགས་ཡིན་པའི་ཆ་ནས་གཞན་ཆང་ས་རྒྱག་མཁན་དགོས། མི་རིགས་རྒྱུན་སྲིང་དགོས་ན་རྩ་བའི་ཆ་རྐྱེན་ནི་གྲྭ་འབོར་ཉུང་དུ་བཏང་རྒྱུ་དེ་རེད། དེ་ལས་ལྷག་ཅིག་མི་འཕེལ་རྒྱས་ལ་ཕན་པའི་ལམ་ཞིག་མེད།
རིག་པའི་བུ་ལགས། གྲྭ་འབོར་ཉུང་དུ་གཏོང་དགོས་ཟེར་ནས་སྐད་རྒྱགས་དགོས་དོན་མེད། ཉུང་དུ་བོད་ནས་རྒྱ་ནག་གིས་གཏོང་བཞིན་ཡོད་ལ། བྱེས་སུ་རང་དབང་གིས་གྲྭ་བ་ལོག་བཞིན་ཡོད། དེ་ནི་གནད་དོན་ངོས་མ་རེད། འུ་གཉིས་ཀྱི་གླེང་གཞི་གཙོ་བོ་ནི། རིགས་རུས་འཐོར་བཞིན་པའི་སྐོར་གྱི་ཁ་བརྡ་རེད། མི་རིགས་གཞན་དག་གཉེན་སྒྲིག་པ་ནི་རིགས་རུས་འཐོར་བ་ཡིན་མིན་གྱི་སྐོར་ནས་གསུང་ཞིག དེ་ནས་ཁ་བརྡ་ལྷོད་ཀྱིས་བྱོས་ཆོག
མི་རིགས་གང་ཞིག་ཡིན་དེ་ཡིན་པའི་འདུ་ཤེས་གཙོ་བཟུང་བྱེད་དགོས་བ་ལས་རིགས་གལ་མིན། རིགས་ནི་མི་ཀུན་དང་པོ་རིགས་གཅིག་ཡིན་པ་ལསགཉིས་མེད། བྱེ་བྲག་ཏུ་མི་རིགས་སུ་འདྲ་ཞིག་ཡིན་རུང་གཞན་མ་འདྲེས་བ་རང་རྐྱ་ཐུབ་པའི་མི་རིགས་ཤིག་མེད། དེ་ནི་དོན་མེད་ཀྱི་སྡུག་ངལ་རེད།
རིག་པའི་བུ་ལགས། རིགས་གལ་ཆེན་མིན་ན། རིགས་རུས་དེ་བས་ཀྱང་གང་དུ་འཐོར་ན་འགྲིག་གི་ཡོད་པར་བཤད་ཀྱི་ཡོད་ཚེ། ཁྱེད་རང་གི་སྤུན་མཆེད་ཅིག་གིས་རྒྱ་ཁ་ཆེ་ཞིག་ལ་བཟའ་ཚང་བྱེད་ཀི་ཡིན་ཟེར་ན། ཁྱེད་རང་གིས་སེམས་ཐོག་ལ་ལག་པ་བཞག་ནས་ལན་ཞིག་ཐོབས་དང་། ཁྱེད་ཀྱིས་དེ་ལ་རྒྱབ་སྐྱོར་བྱེད་ཐུབ་ཀྱི་ཡོད་དམ། མི་རིགས་ཟེར་བ་ནི་རེ་རེ་བཞིན་ལོག་ག་ངེས་འཛིན་བྱེད་ས་ཞིག་ཡོད་པས་ན། རིགས་ཟེར་བ་ལས་གཅིག་དུ་རིགས་འདྲིས་པ་མི་རིགས་གཅིག་གི་མིང་ཐོབ་ཐབས་མེད་པ་ཤེས་ན་རེད་ལགས།
མི་རིགས་གཞན་ལ་གཉེན་སྒྲིག་བྱས་པ་དེས་མི་རིགས་གཙང་ཉར་བྱ་རྒྱུར་འགོག་རྐྱེན་ངེས་ཅན་བཟོ་གི་ཡོད་པ་ནི་བདེན་པ་ཡིན། མན་འཇུ་ལྟ་བུར་མཚོན་ནའང་རྒྱ་རིགས་དང་གཉེན་སྒྲིག་བྱས་པ་དེས་མི་རིགས་རྩ་མེད་བཟོ་བར་ཤུགས་རྐྱེན་ངེས་ཅན་འཐེབས་ཡོད། མི་རིགས་གང་ཞིག་རང་ཡུལ་དུ་གྲངས་ཉུང་ཆགས་པའི་དབང་གིས་དེའི་འཚོ་ལས་ལ་ཉེན་ཁ་ཆེ་ཤོས་ནི་མི་རིགས་གཞན་དང་གཉེན་སྒྲིག་བྱས་པ་དང་རང་རིགས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་ཀྱི་དབང་ཤ་ཤོར་བ་དེ་གཉིས་རེད།
ཧ་ཧ་འ་རོགས་རིགས་རིགས་མ་ཟེར་ཡ་་ཁྱོད་ཀྱི་བུ་མོ་དང་བུ་གཉིས་ཧ་ཧ་ད་མི་བཤད་གནོད་ན་ཐང་
བོད་མི་རིགས་ཀྱི་གྲངས་འབོར་སྤེལ་འདོད་ན་མི་རིགས་གཞན་པ་ལ་ཆང་ས་རྒྱོབས། བོད་མི་ས་ཡ་དྲུག་གིས་མནའ་མ་མག་པ་ས་ཡ་དྲུག་བླངས་པ་ཡིན་ན་ས་ཡ་བཅུ་གཉིས་ཆགས་པ་རེད། ནང་ཚགས་ལ་ཆང་ས་བརྒྱབ་བསྡད་ན་མི་གྲངས་ལ་ཡར་འཕེལ་རྒྱུ་རྩ་ནས་ཡོད་པ་མ་རེད།
གོ་ན་རྣ་བའི་བདུད་རྩི་གྱིས། མ་གོ་གླུ་ལ་འབྲེལ་བ་མེད།
འབའ་བློ་ལགས། ཁྱེད་རང་གི་སྐད་ཆ་བཤད་ཕྱོགས་ལ་བལྟས་ན། ང་རང་ཤེས་མཁན་ཞིག་ཡིན་ས་རེད། དེ་ཁྱད་པར་མེད་ཀི ངས་རང་ཉིད་ཀྱི་ནོར་འཁྲུལ་ལ་ཕྱིར་མིག་བལྟས་དེ་བཤད་ཀྱི་ཡོད། ཉམ་མྱོང་གི་སྟེང་ནས་བཤད་ཀྱི་ཡོད། སྙིང་གི་སྐད་ཆ་བཤད་ཡོད། ཉན་མིན་སྤུན་ཟླ་ཚོས་བསམ་གཞིགས་བྱེད་དགོས་པ་ཞིག་ཡིན། འབོད་སྐུལ་ཡང་སེམས་ནས་ཞུས་པ་ཡིན། སེམས་ནང་དུ་སེམས་པ་འཇོག་མཁན་ཡོད་ན་ཞོག་ཞིག
མགོན་པོ་ཕྱག་གཉིས་པ་ལགས། མི་རིགས་གཞན་ལ་ཆང་ས་རྒྱགས་རོགས་ཞུ་ཟེར་ནས་ཞུ་བ་བྱེད་མི་དགོས་པ་ཞིག་རེད། དེ་ནི་ཕྱི་བསྡོད་བོད་མི་ཆེས་མི་ཉུང་བ་ཞིག་གི་གཙོ་བའི་བོད་ནང་དུའང་ཕྱི་རྒྱལ་མི་ལ་གཉེན་སྒྲིག་པར་དགའ་མོས་བྱེད་མཁན་ལོ་རེ་ནས་མང་དུ་འགྲོ་བཞིན་འདུག དེ་ནི་ཡོད་ཚད་དཔལ་འབྱོར་གྱིས་དེད་པའི་ནད་ཚ་ཞིག་གིས་རིགས་རུས་འཐོར་ཚུལ་རེད། དངོས་ནས་བོད་མི་རིགས་ཞེས་པ་དེ་འཇིག་དང་མ་འཇིག་ལ་ཁྱད་པར་འདྲ་མེད་ན། ཉིད་ཀྱིས་གསུངས་པ་དེ་ལྟར་བྱས་ན་ངོ་གསོ་བསྟོད། དེ་མིན་ན། དངོས་ནས་ང་ལྟ་བུ་ནོར་འཁྲུལ་ཅན་དག་གིས་རང་རང་གི་ནོར་འཁྲུལ་ལ་འགྱོད་གཤེགས་དང་། ཉམ་མྱོང་གི་དཀའ་ཚེགས་སོགས་རིགས་རུས་ཀྱི་མི་ལ་ཤ་ཚ་བའི་གཏམ་ཞིག་བཤད་ན་བཤད་རན་ལ་སླེབས་ཡོད་པ་ཡིན། དེ་དོན་ཐུགས་འཇག་ཡོད་པ་ཞུ།
ངས་ལན་འདེབས་མི་དགོས་བ་མདའ་ཚན་པས་ལན་བཏབས་ཟིན་པས་མང་པོ་མི་བཤད། ངའི་སྤུན་མཆེད་ཆང་ས་སུ་ཞིག་ལ་རྒྱག་མིན་ཕྲན་གྱིས་བཀག་འགོག་མེད་ལ། ཁོས་གང་ཞིག་གདམས་པ་ངས་ནམ་ཡང་རྒྱབ་སྐྱོར་ལས་བཀཀ་འགོག་མེད།
ད་ངས་གནད་དོ་འདི་གནད་དོན་གཞན་ཞིག་ནས་འཇུས་ཏེ་བཤད། རིགས་རྒྱུད་དང་ཁྲག་རྒྱུད་ལ་ལྟོས་ཏེ་གྲང་རིམ་དབྱེ་བའི་བསམ་ཕྱོགས་དེ་གསོ་རིགས་ཡར་རྒྱས་ཀྱིས་བཏོར་ཟིན་པ་རེད། དེ་ཡང་དེ་སྔོན་ཨ་ཧྥི་རི་ཁའི་གླིང་ཆེན་ལ་སོགས་པའི་འཛམ་གླིང་ས་ཕྱོགས་མང་པོའི་ནང་རང་ཉིད་ཀྱི་ཁྲག་རྒྱུད་གཙང་ཉར་བྱེད་རྒྱུ་དེ་ནི་གྲལ་རིམ་གྱི་ངོ་བོའི་ཐོག་ནས་གལ་ཆེར་བརྩི་བཞིན་ཡོད་པ་རེད། འོན་ཀྱང་བཤག་བཅོས་ཀྱི་ལག་རྩལ་ཤུགས་ཆེར་དར་བའི་རྗེས་སུ་ཁྲག་རྒྱུད་གཙང་ཉར་བྱེད་པའི་ལུགས་སྲོལ་དེ་རིམ་པས་བཏོར་བ་རེད། དེ་ཡང་གང་ཟག་སུ་ཞིག་ལ་བཤག་བཅོས་བྱེད་སྐབས་མཚམས་རེ་ཟུངས་ཁྲག་མི་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་སྟབས་གཞན་ནས་ཟུངས་ཁྲག་ཉོ་བའམ་སློང་ཏེ་རང་ཉིད་གསོན་པོར་འཚོ་ཐབས་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཙམ་དུ་མ་ཟད་དེང་སྐབས་སྨན་ཁང་མི་ཉུང་བ་ཞིག་གི་ནང་ཁྲག་མཛོད་ཀྱང་ཡོད་པ་རེད། དེས་ན་ཁྲག་རྒྱུད་འཛིན་པ་ཟེར་བ་དེ་ཧ་ལམ་ཡལ་ལ་ཉེ་བའི་གནད་དོན་ཞིག་རེད། གནད་དོན་དེའི་ཐོག་ནས་མི་རིགས་གཞན་དང་གཉེན་སྒྲིག་བྱས་པ་དེས་རང་མི་རིགས་ཀྱི་རྩ་བ་བརླགས་པའི་གཞི་བྱེད་ལུགས་བརྗོད་པ་ལས་ཁྲག་རྒྱུན་གཙང་ཉར་བྱས་མིན་བརྗོད་ཀྱི་མེད།
མི་རིགས་ཟེར་བ་དེ་ཁྲག་རྒྱུད་འཛིན་མི་འཛིན་ཞིག་ལ་ཐུག་ཡོད་ན་འཛམ་གླིང་ཐོག་གི་མི་རིགས་ཕལ་ཆེ་བ་ཉམས་ཚར་ཡོད་པ་རེད། ང་ཚོས་བསམ་བློ་ཙམ་ཡང་གཏོང་མི་དགོས་པར་བཤད་ཐུབ་པ་དང་ཡིག་ཐོག་ཏུ་མཐོང་རྒྱུ་ཡོད་པ་ནི། མི་རིགས་གང་དེའི་ཁྲག་རྒྱུན་ལ་ལྷད་གཏོང་མཁན་དང་ཉམས་སུ་འཇུག་མཁན་གཙོ་བོ་དག་ནི་རྒྱལ་པོ་ཆེན་པོ་དག་ཡིན་པ་རེད།
མི་རིགས་ཟེར་བ་དེ་གཙོ་བོ་ཁྲག་རྒྱུན་གྱི་ཐོག་ནས་བཞག་ན་འགྲིགས་ཀྱི་མེད་པ་རེད། གཙོ་བོ་ནི་སྐད་དང་ཡི་གེ།རིག་གཞུང་གོམས་སྤྱོད། དེ་དག་གིས་གྲུབ་པའི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐོག་ནས་འཇོག་དགོས་པ་རེད་འདོད།
མདའ་མཚན་པ་ལགས། ངས་མི་རིགས་ཟེར་བ་དེ་ཁྲག་རྒྱུད་འཛིན་མ་འཛིན་གནད་དོན་དེར་ཟེར་གྱི་མེད། དེ་བས་ཁྲག་རྒྱུད་འཛིན་པའི་གནད་དོན་དེ་ནི་སྤྱི་ཚོགས་ཀྱི་གྲལ་རིམ་རྣམ་པ་མཚོན་པའི་བསམ་པའི་འདུ་ཤེས་འཛིན་སྟངས་དེར་ཟེར་གྱི་ཡོད། འདུ་ཤེས་དེ་ཇི་ལྟར་བ྄ཏོར་ཟིན་མིན་ངས་དཔེ་མཚོན་གྱི་སྒོ་ནས་གོང་དུ་བརྗོད་ཡོད། དེ་གཅིག་ཡིན། མི་རིགས་གཅིག་དང་རིག་གཞུང་གི་སྐོར་ནས་གླེང་ན། རིག་གཞུང་ཞེས་པ་དེ་མི་རིགས་ག་གེ་མོ་ཞིག་ལ་མཐུན་མོང་དུ་ལྡན་པའི་བསམ་བློའི་ཁྱེར་བཟོ་་དེར་འདོད། བསམ་བློའི་ཁྱེར་བཟོ་དེ་མི་རིགས་དེ་དང་དེར་ཡོད་པའི་སྐད་ཡིག་དེ་བརྒྱུད་སྤྲོད་བྱེད་ཀྱི་ཡོད་པ་རེད། དེས་ན་སྐད་ཡིག་ནི་མི་རིགས་ཤིག་གི་རིག་གཞུང་བརྒྱུད་སྤྲོད་བྱེད་མཁན་གྱི་བང་ཆེན་དེ་རེད།
ནང་པའི་གཞུང་དུ་མིའི་རིགས་ལ་དབྱེ་འབྱེད་མེད་ཀྱང་མི་རིགས་ཀྱི་ཁྱད་པར་ཕའི་རྒྱུད་པ་ནས་འཇོག་དགོས་པ་གསལ་བོ་རེད། ཁ་ཆེ་བ་དང་ལྗེའུ་ལྟ་བུ་ཆོས་ལུགས་ཀྱི་ཡིན་པ་ལས་མི་རིགས་ཀྱི་ཐད་ནས་མིན་པ་དང་། རྒྱ་གར་བ་རྣམས་རིགས་ལ་གཙིགས་ཆེན་དུ་འཛིན་པས་ཤཱཀྱ་ཐུབ་པ་རྒྱལ་རིགས་སུ་འཁྲུངས་ཚུལ་དགོས་དབང་གིས་ཡིན་པ་དང་། སྲས་སྒྲ་གཅན་འཛིན་ནས་ཤཱཀྱའི་གདུང་རྒྱུད་ཆད་པ་ཡིན་གསུང་བ་ཡང་ཕའི་རྒྱུད་ནས་འདེད་པ་གསལ་བོ་རེད། མི་རིགས་ཤིག་གི་སྐད་ཆ་བཤད་ཡོང་དུས་ཕའི་རྒྱུད་ནས་འདེད་པ་དཀའ་མོ་རེད། བོད་པའི་མི་རིགས་ལ་རྒྱུད་པ་ཁ་ཆེ་དང་རྒྱ། ཧོར་སོགས་ཡོད་པ་ཡང་རིགས་པས་གྲུབ་ལ། ལུང་ཁུལ་ཁ་ཤས་ལ་རྒྱ་དང་སོག་པོའི་མིང་མ་འགྱུར་བར་ཡོད་པ་དང་། ལྷག་པར་དེང་སང་རིགས་རྒྱུད་ཤ་མདོག་གིས་འདེད་པ་ཡང་ཁག་པོ་རེད།
རིག་པའི་བུ་ལགས། མདའ་ཚན་པ་དང་ཁྱེད་་གཉིས་མི་གཅིག་མིན་ལ། སེམས་པ་ཡང་གཅིག་ནི་མ་རེད་མོད། འོན་ཀྱང་། ཁྱེད་གཉིས་ཀྱི་བསམ་ཚུལ་གཅིག་ཡིན་ན་ནི་གནས་ཚུལ་ཁག་ཁག་རེད། གལ་སྲིད་ཁྱེད་རང་གི་ཉེ་འབྲེལ་སུ་ཞིག་གཞན་མི་དང་གཉེན་སྒྲིག་བྱེད་པར་བཀག་འགོག་མེད་པའི་དབང་དུ་བཏང་ན། དེ་ཡི་ཕྲུ་གུ་དེ་དག་གིས་བོད་སྐད་མི་བཤད། བོད་ཡིག་མི་ཤེས་ན་ཁྱེད་རང་གི་ག་རེ་དྲན་སྲིད་དམ། དེ་ལ་ལན་ཞིག་ཐོབས་ཡ།
བཙན་པོའི་བུ་ལགས། ཉིད་ནས་བདག་གི་རྩོམ་ཡིག་འདིའི་ཁ་བྱང་ཡང་ཡག་པོ་ཞིག་ཀློག་མེད་པ་འདྲ།
མདའ་ཚན་པ་ལགས། ངས་སྔོན་ཆད་ཅིག་ལ་དྲ་ཐོག་གི་སྤུན་ཟླ་དག་ལ་འདི་འདྲ་ཞིག་ཞུ་མྱོང་ཡོད། བོད་ཀྱི་སྐད་དང་ཡི་གེ་གཉིས་མེད་ཉིན་ནས། བོད་ལ་རང་དབང་དང་རང་བཙན་དགོས་དོན་མེད། དེ་ལྟར་རེད། ངས་འདི་ནས་ཤ་རུས་འཐོར་སྟངས་སྐོར་ནས་གཞན་མི་དང་གཉེན་སྒྲིག་བྱེད་མི་རུང་བར་དྲན་སྐུལ་བྱེད་དོན་ཡང་། ཕྱོགས་རུས་དང་བསམ་བློ་ཀུ་དོག་པོ་ཡིན་པའི་རྐྱེན་གྱིས་མ་ཡིན་པར། ང་ཚོའི་སྤུན་ཟླ་གཞིས་ལུས་མི་མང་གི་སྙིང་སྟོབས་དང་བདེན་པའི་ཡར་བླངས། ཤེས་རབ་ཀྱི་མེ་ལྕེ། སྟོབས་ཤུགས་ཀྱི་མེ་ལྕེ་བཅས་ཀྱི་སྔ་གཞུག་ལ་བསམ་བློ་རབ་དང་རིམ་པ་བཏང་ནས་རང་ཉིད་དང་བཅས་པའི་ཕྱི་བསྡོད་སྤུན་ཟླ་དག་གིས་འགན་ཞིག་འཁུར་ན་འཕྱི་མེད་ན་སྔ་མེད་ཚོད་ཡིན་པའི་བརྡ་སྐུལ་ཡིན་ལགས།
མིག་བརྒྱད་པ་ལགས། ནང་བའི་ཕ་རྒྱུད་འདེད་ཀྱི་ཡོད་ཀྱང་། རྗེའུ་མི་རིགས་ཀྱིས་ཆོས་ལུགས་འདེད་ཀྱི་མེད་པར་མ་རྒྱུད་འདེད་ཀྱི་ཡོད། མ་རྗེའུ་མི་རིགས་ཡིན་ན་དེ་ཡི་རྒྱུད་ལས་མཆེད་པའི་བུ་དང་བུ་མོ་གང་ཡིན་ཡང་མི་རིགས་དེ་ཉིད་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད་པ་རེད། བོད་རིགས་ཁྲོད་དུ་རྒྱ་དང་ཁ་ཆེ་གཉིས་མཆེད་པའི་རིགས་ཡོད་པར་གླེང་གི་ཡོད་པ་དེ་ནི་བདེན་ཤས་ཆེ་ནའང་། ད་ལྟའི་འཆར་མི་རིགས་གཞན་དག་ལས་མཆེད་པའི་བོད་རིགས་སུ་འགྲོ་བ་མང་བོ་ཞིག་བྱུང་ཟིན་པ་དང་བྱུང་དང་བྱུང་བཞིན་ཡོད་པ་རེད། དེ་ནི་མི་རིགས་སོ་སོའི་མིང་འདོག་ཚུལ་དང་ཡིད་ཆེས་བྱེད་ཕྱོགས་ཤིག་རེད། བོད་ཀྱི་ཤ་རུས་འཐོར་ལུགས་འདི་ནི་ངའི་རྩོམ་ཡིག་འདིར་སྔ་དང་མི་འདྲ་བར། དེང་སང་འཐོར་ལུགས་འདི་ཉེན་ཁ་ཅན་ཞིག་ཆགས་ཡོད་པ་བསྟན་ཡོད། སྤྱིར་བཏང་བཤད་ན་སྔ་བོའི་དུས་ནས་བཟུང་། ཤ་རུས་འཐོར་ཡོད་ནའང་། ཤ་རུས་ཚུར་ལ་སྤུངས་པ་ཡིན་པ་ལས། ཕར་ལ་འཐོར་བ་མིན། དེང་དུས་སུ་ཕར་ལ་འཐོར་བ་ལས་ཚུར་ལ་སྤུངས་ཀྱི་མེད་པ་ཡིན། དེ་གཉིས་ཀྱི་ཁྱད་པར་ལ་བསམ་གཞིགས་ནན་ཏན་བྱོས་དང་། གཟོད་ནས་ཤེས་ངེས་ཡིན་ལགས།
ཆེས་གདོད་མའི་དུས་སུ་ཕ་རྒྱུད་གཙོ་བོ་མིན་པར་མ་རྒྱུད་གཙོ་བོར་འཛིན་གྱི་ཡོད་པ་རེད། མ་རྒྱུད་ཚོ་བ་ཟེར་དོན་ཡང་ཨ་མའི་རྒྱུད་ལ་ཐུག་ཡོད་པས་རེད། བོད་ལ་མཚོན་ནའང་། གནམ་གྱི་ཁྲི་བདུན་སོགས་ཀྱི་མིང་གི་དང་པོ་དེ་ཨ་མའི་མིང་ཟུར་ལས་དྲས་ཏེ་མིང་བཏགས་ཡོད་པ་ལྟར་རོ།
ཁོའི་ཕྲུ་གུའི་བོད་སྐད་མ་ཞིང་བོད་པ་ཡིན་པའི་འདུ་ཤེས་མེད་ན་བློ་ཕམ་བྱུང་བ་ངོས་འབྲེལ་རེད། ཕྲུ་གུ་ལ་བོད་པ་ཡིན་པའི་འདུ་ཤེས་སླེབས་མིན་ནི་ཁོར་ཡུག་སྟེ། ཁོར་ཡུག་གི་ནང་ནས་ཕ་མ་ལ་རག་ལས་ཡོད། ཕྱོགས་གཞན་ཞིག་ནས་མི་རིགས་གཞན་དང་ཆང་ས་རྒྱབ་ན་བོད་ལ་ཚ་བུ་ཚ་མོ་མང་དུ་འགྲོ་པས་དགའ་འོས་ཤིག་རེད། རིགས་རྒྱུད་དར་དགོས་ན་ཚ་བོ་ཚ་མོ་ལོས་དགོས། ཁ་ཆེ་རྣམས་མི་རིགས་གཞན་དང་ཆང་ས་རྒྱབ་ཅིང་ཆོས་ལུགས་སམ་རིགས་རུས་བསྒྱུར་ཐུབ་ན་དགེ་བ་སྒོམས་པས་ད་ལྟ་ཁ་ཆེ་རྣམས་འཛམ་གླིང་གང་ས་ཡོད་ལུང་པ་མང་པོ་ཞིག་ཁོང་མིན་ཡང་ད་ལྟ་བདག་ཟིན། ཨ་མདོའི་འགྲམ་གྱི་ཁ་ཆེ་རྣམས་དཔེ་མཚོན་ཡང་ཤོས་རེད། དེ་སྔོན་གནས་དེ་ནི་བོད་ས་ཡིན་ཡང་ད་ལྟ་ཁ་ཆེ་ལུང་པ་ཆགས་པ་རེད། དེ་སྔོན་གནས་དེ་རུ་ས་སྐྱེས་རྡོ་སྐྱེས་ཀྱི་ཁ་ཆེ་བ་གཅིག་ཀྱང་མེད་ཀྱང་། ཕྱིས་སུ་ཀ་ཆེའི་ཚོང་པ་ཁ་ཤས་ཀྱིས་གནས་ཚང་གཡར་ཞིང་གནས་དེ་རུ་གཏན་གཞི་བྱས་བས་ད་ལྟ་ཁ་ཆེ་ལུང་པ་ཆགས་པ་རེད། བློ་ཕམ་ཞིག་ང་ཚོའི་རིགས་རྒྱུད་དར་སྤེལ་ཚབ་ཏུ་གྲྭ་བ་བཟོས་བས་ད་ལྟ་མི་འབོར་མེད་ཅིང་འཛམ་གླིང་གང་ས་བོད་དང་བོད་ཀྱི་ཚ་བོ་ཚ་མོ་ཉུང་བས་ལུང་གཞན་ལ་དབང་སྒྱུར་བྱེད་པ་ལྟ་ཅི་རང་སའང་རང་ལ་མ་དབང་པ་རེད། བུ་རྒོད་པོ། ཨེ་གཟི་རལ་ནས་བོད་ཀྱི་ཚ་བོ་ཚ་ཚ་མོ་མང་པོ་སྐྱེད་སྲེང་བྱོས་དང་། དེ་ལྟར་བྱས་ན་མ་འོངས་བ་ཁོ་ཚོ་གནས་དེ་རུ་བོད་མིའི་སྐུ་ཚབ་ལྟ་བུ་འགྱུར་ངེས་རེད། གལ་སྲིད་ཁྱེད་རང་ད་ལྟ་གྲྭ་བ་ཡིན་ཚེ་བོད་ལ་ཚ་བུ་ཚ་མོ་ལྟ་ཅི། ལྟོ་གོས་ཀྱི་རང་དབང་མི་ཐོབ་པ་ཚེ་གང་གཞན་ལ་བརྟེན་དགོས་བ་ཀ་ཁ་རེད།
མདའ་ཚན་པ་ལགས། བོད་ཀྱི་སྲོལ་རྒྱུན་གྱི་བཤད་སྲོལ་ཞིག་ལ། རུས་ཕ་དང་། ཁྲག་མ་ཟེར་བ་རེད། དེང་དུས་རྒྱུད་པ་ཟེར་ནས་འོང་དུས། ཤ་རུས་གང་ལ་འདེད་ཀྱི་ཡོད་མེད་དེ་ནི་ཁ་གསལ་བོ་ཞིག་ཡོད་ན་བཟང་གི རྗོའུ་མི་རིགས་ལྟ་བུ་ཡིན་ན། མ་རྒྱུད་འདེད་སྟངས་འདི་ནི་ཤ་རུས་ཚང་མར་བཤད་ཀྱི་འདུག དེ་ནི་ཁོང་ཚོས་མ་རྗོའུ་ཡིན་ན་བུ་དང་བུ་མོ་གང་སྐྱེ་ནའང་ཁོང་ཚོའི་མི་རྒྱུད་ཡིན་པར་ངེས་འཛིན་བྱེད་ཀྱི་ཡོད། ང་ཚོས་འདི་ནས་གླེང་གཞི་གཙོ་བོ་ནི། ཤ་རུས་འཐོར་ཚུལ་འདི་ལ་འགན་ཇི་ལྟར་བླངས་ན་འགྲིག་མིན་སྐོར་ཞིབ་དུ་གླེང་ན་འོས་པར་སྙམ་མོ།
རིག་པའི་བུ་ལགས། ཉིད་ནས་ང་རང་གསལ་བོ་དག་པོ་གང་དུ་ཡོད་མེད་གང་བྱེད་ཀྱི་ཡོད་མེད་ཤེས་མཁན་གྱི་ནང་ཚགས་ཤིག་ཡིན་ས་རེད། གང་ལྟར། དེར་མི་སྐྱོན། འུ་གཉིས་ཀྱི་གླེང་གཞི་ནི་ཤ་རུས་འཐོར་ཚུལ་སྐོར་ཡིན། ཉིད་ནས་གསུངས་མ་ཐག་པའི་ཁ་ཆེ་བའི་བོད་ཀྱི་ས་ཁུལ་ཆེས་མི་ཉུང་བ་ཞིག་བདག་བཟུང་བྱས་ཟིན་པའི་སྐོར་གྱི་དངོས་སྒྲུང་དེ་བཞིན། བོད་མི་དག་གཉེན་གཞན་དང་སྒྲིག་རྗེས་སུ་ས་ཤོར་བ་ཙམ་མི་ཡིན་པར། མི་རིགས་ཤིག་ཤོར་བཞིན་ཡོད་པ་རེད། མི་རིགས་ཤིག་ཤོར་བ་དང་ས་ཤོར་བ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ས་ཤོར་ན་ལེན་ཐུབ་ངེས་ཡིན། མི་རིགས་ཤོར་སོང་ན་ས་ཐོབ་ཀྱང་དེ་ལ་རྒྱུ་མཚན་གང་ཡང་མེད་པ་རེད། དཔེར་ན། དེང་དུས་ཀྱི་རྒྱ་ནག་གི་ཁྲོད་དུ་སིམ་ཚར་བའི་མན་ཇུའི་མི་རིགས་ལྟ་བུ་རེད། དེའི་ཕྱིར་ངས་ཤ་རུས་འཐོར་ཚུལ་འདི་ནི་ཉེན་ཁ་ཅན་ཞིག་མཐོང་གི་ཡོད། ང་ལྟ་བུ་དག་གིས་བུ་ཕྲུག་ག་ཚོད་བསྐྱེད་སྲུང་བྱས་ནའང་། ཁོང་ཚོ་ལ་བོད་རིགས་ཀྱི་ཤ་རུས་ཀྱི་སྙིང་སྟོབས་དང་། ལར་ཞེན་དང་བོད་མི་རིགས་ཀྱི་འཆི་གསོན་ལ་འགན་འཁུར་བའི་འདུ་ཤེས་སོགས་ཟབ་མོ་ཞིག་ཡོང་ཐབས་མེད་པ་ཡིན། དེ་ཡི་སྟབས་ཀྱི་བོད་གནའ་བོའི་རིང་གི་ཤ་རུས་འཐོར་ཚུལ་དེ་དང་དེང་དུས་ཀྱི་ཤ་རུས་འཐོར་ཚུལ་ལ་ཁྱད་པར་འགྲོ་བཞིན་ཡོད་པ་དེ་དྲན་སྐུལ་དང་འགྱོད་གཤེགས་བྱེད་ཀྱི་ཡོད་ལགས།
དྲ་གྲོགས་ཚོས། བོད་མི་རིགས་འཆི་གསོན་གྱི་འགག་རྩ་ལ་ཐུག་པའི་འགན་ཁུར་དང་བསམ་བློའི་འདུ་ཤེས་ཡོད་པའི་གནད་དོན་འདི་རིགས་གལ་ཆེན་པོ་མཐོང་གི་འདུག་ལ་འདིའི་སྐོར་ལ་བསམ་ཚུལ་གང་མང་སྤེལ་ཐུབ་ན་དགེ་མཚན་ཆེ། བོད་ཀྱི་ཤ་རུས་འཐོར་བཞིན་པའི་ཉེན་ཁ་འདི་ལས་སྐྱོབ་དགོས་ན་ཆུང་ས་ནས་གཉེན་སྒྲིག་གི་གནད་དོན་དང་ཆེ་ས་ནས་ཆབ་སྲིད་ཀྱི་གནད་དོན་ལ་ཐུག་པ་རེད། གྲྭ་བའི་གྲངས་འབོར་གྱི་ཆ་ནས་མི་རིགས་འཕེལ་རྒྱས་ལ་ཉེན་ཁ་དེ་ཙམ་མཐོང་གི་མེད། དེང་སང་བོད་ཀྱི་གྲྭ་བའི་གྲངས་འབོར་ཉུང་དུ་ཕྱིན་པ་དང་ལྷག་དོན་བླ་མ་གྲྭ་དགེ་བཤེས་སོགས་བོད་ཀྱི་བསམ་བློ་བ་མང་པོ་ཞིག་རྒྱའི་བཙོན་ཁང་འོག་མནར་གཅོད་དང་དཀའ་ངལ་ཚད་མེད་འོག་འདས་གྲོངས་ཕྱིན་པ་འདི་ཡང་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་གི་འདུག །བསམ་བློའི་སྣེ་ཁྲིད་མཁན་མང་པོ་ཞིག་འདི་ལྟར་གྲོང་སོང་ན་མི་རིགས་འདིའི་བསམ་བློ་སྣེ་ཁྲིད་མཁན་མེད་པས་འདི་ཡང་ཉེན་ཁ་ཞིག་རེད་ལ། བོད་མི་རིགས་འཇིག་པའི་ཉེན་ཁ་དེ་བས་ཀྱང་ལོས་ཡིན། ཕྱོགས་གཅིག་ནས་རང་གི་ཁོར་ཡུག་འདི་དང་ཁ་བྲལ་སོང་ན་རིགས་རྒྱུད་རྩ་སྟོང་དུ་འགྲོ་ངེས་ཡིན་པ་ཚན་རིག་པས་བཤད་པ་ལྟར་གནའ་བོའི་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་དང་གཏུམ་འབྲུག་སོགས་སྲོག་ཆགས་མང་པོ་ཞིག་འཛམ་གླིང་འདིའི་སྟེང་རང་གི་ཁོར་ཡུག་དང་ཁ་བྲལ་ནས་རྩ་སྟོང་ཕྱིན་པ་རེད། ལྷག་པར་མི་རིགས་ཤིག་ཡིན་ན་དེའི་ཁྱད་རྟགས་སྐད་དང་ཡི་གེའི་སྒང་ན་ཡོད་པས་འདི་འཇིག་སོང་ན་ཉེན་ཁ་ཆེ་བ་མན་ཇུའི་མི་རིགས་ལྟ་བུ་རེད། གྲྭ་བཙུན་ཚན་རིག་གི་སློབ་ཁྲིད་སྦྱིན་བདག་ཆེན་མོ་ལྗེའུ་མི་རིགས་ཡིན་པ་བྷོ་གར་མཆོག་གིས་ང་ཚོ་ལ་འདི་ལྟར་བཤད་མྱོང་། ཁྱོད་ཚོས་རང་གི་སྐད་དང་ཡི་གེ །རིག་གཞུང་འདི་མ་ཉམས་པར་རྒྱུན་འཛིན་དང་ཚན་རིག་སྦྱངས་ནས་མ་འོངས་བར་འཛམ་གླིང་ཞི་བདེའི་སྣེ་ཁྲིད་བྱེད་དགོས། ཅེས་དང་། ང་ཚོའི་ལྗེའུ་མི་རིགས་ཐོག་འཇར་མན་དམར་ཕྱོགས་དམག་གིས་དམར་བསད་དང་མནར་གཅོད་ཚད་མེད་བཏང་རྐྱེན་ལྗེའུ་མི་རིགས་ཁ་ཐོར་དུ་ཕྱིན་ནས་ལོ་ངོ་ཆིག་སྟོང་ཕྱིན་ཀྱང་རང་གི་སྐད་དང་ཡི་གེ །རང་གི་རིག་གཞུང་མ་ཉམས་པར་གཅེས་འཛིན་བྱས་ཡོད། ད་ཆ་ལྗེའུ་མི་རིགས་ལ་རང་དབང་ཐོབ་པ་རེད། ཁྱེད་ཚོ་བོད་པ་དང་ང་ཚོའི་ལྗེའུ་མི་རིགས་གཉིས་ལས་དབང་གཅིག་པ་འདྲ་བོ་ཞིག་མཐོང་བས་ཁྱོད་ཚོའི་སྙིང་སྟོབས་དང་བསམ་བློའི་རིག་གཞུང་འདིས་མ་འོངས་བར་ཁྱེད་ཚོ་ལ་རང་དབང་གི་ཉི་མ་ཞིག་འཆར་ངེས་རེད། ཅེས་གསུངས་སོང་།
མིག་བརྒྱད་པ་ལགས། ཉིད་ནས་བསམ་ཚུལ་ལྷུག་པོར་གསུངས་པ་དེར་དགའ་གུས་ཞུ། ད་ལྟ་ཉིད་ནས་ལུང་དྲངས་པའི་ཇེའུ་མི་རིགས་ཀྱི་རྒྱལ་ཁབ་དུ་ད་ལྟ་ང་རང་་འཚོ་གནས་བྱེད་ཀྱི་ཡོད། དངོས་ནས་ང་ཚོས་ཁོང་ཚོའི་མི་རིགས་ཀྱི་ཤ་རུས་ལ་བདག་པོ་རྒྱགས་སྟངས་ལ་སློབ་སྤྱོང་བྱེད་རྒྱུ་ཆེས་མང་བོ་ཞིག་ཡོད་ཀི ཁ་ཤས་ཤིག་དུས་རབས་དང་མི་འཚམ་པའང་ཡོད་ཀི ལྷག་པར་དུ་ཇེའུ་མི་རིགས་ཀྱི་ཇེའུ་ཆོས་ལུགས་པ་དག་གི་ཤ་རུས་ལ་བདག་པོ་རྒྱགས་སྟངས་དེ་ནི་དངོས་ནས་ཧ་ལས་པའི་དམ་པོ་རེད་འདུག ནང་ཁུལ་ལ་མ་གཏོགས་ཆང་ས་མི་རྒྱགས་པ་མ་ཟད། ནང་ཁུལ་དུའང་དབྱེ་བ་རྣམ་གྲངས་མ་འདྲ་བ་ཁ་ཤས་ཤིག་ཡོད། ཁོང་ཚོས་མི་རབས་འདིའི་རང་ཉིད་ཇེའུ་མི་རིགས་ཡིན་པར་ཁས་ལེན་གྱི་ཡོད་ནའང་། ཇེའུ་ཆོས་ལུགས་པ་ཡིན་པར་མི་ལེན་མཁན་ཡང་ཁོང་ཚོས་མི་རིགས་ཁྲོད་དུ་ཆེས་མང་བོ་ཞིག་ཡོད་ཀྱང་། ཆོས་ལུགས་གཞན་ལ་ཞུགས་ཡོད་མཁན་ད་ལྟའི་འཆར་ནང་བ་ལ་ཞུགས་མཁན་ཁ་ཤས་ཤིག་མཐོང་བ་ལས་གཞན་པའི་གང་ཡང་མཐོང་མྱོང་མེད། འོན་ཀྱང་། ཁོང་ཚོས་ནང་ཆོས་སློབ་གཉེར་གྱི་རྨིང་གཞི་ཡང་དབྱིན་སྐད་ནས་སྤྱོང་གི་འདུག དེ་ལྟར་རེད། ཉིད་ནས་གསུངས་པ་ལྟར། ང་ཚོས་ཤ་རུས་འཐོར་ཚུལ་འདི་ལ་ཕྱོགས་སྣེ་སྣ་མང་རེད། བོད་ས་རང་ནས་ཤ་རུས་འཐོར་ཚུལོ་དང་། ཕྱི་ཡུལ་ནས་འཐོར་ཚུལ་ཡང་མི་འདྲ་བ་འདུག་ལགས། དེ་ཡི་ཐད་ནས་ང་ཚོས་སྐད་ཆ་མི་ཉུང་བ་ཞིག་གནད་དོན་ཡོད་ས་ནས་ཤུགས་ཆེན་པོ་གླེང་ཐུབ་པ་ཡིན་ན་དངོས་ནས་ཡག་པོ་རེད་སྙམ་གྱི་འདུག་ལགས།