༼གཏན་དུ་བཞུད་སོང་བའི་ཚེ་སྲོག་དེ་དག་གི་སླད་དུ།༽
དྷི་ལྷ་ལྡན།
ཆེས་བཀུར་བར་འོས་པའི་རང་རིགས་ཀྱི་མཁས་པའི་དབང་པོ་དང་། ན་གཞོན་ཤེས་ཡོན་པ། ད་དུང་རང་དང་འགྲོག་འདྲིས་མང་བའི་རྩོམ་གྲོགས་དམ་པ་དག་ལ་སེམས་ཀྱི་གུས་འདུད་དང་བཅས་བདག་གིས་འདི་ལྟར་ཞུ་བར་འདོད།
མི་ལོ་ལྔ་བཅུ་ལྷག་གི་ཡར་སྔོན་ཏེ། ཕྱི་ལོ ༡༩༥༩ ལོར་སྐྱབས་མགོན་རྒྱལ་བའི་དབང་པོས་གཙོས་བོད་རིགས་སྤུན་ཟླ་མང་པོ་ཞིག་གིས། རང་ཁྱིམ་དྲོན་མོ་རྒྱབ་ཏུ་བསྐྱུར་ཏེ་རྒྱལ་ཁབ་གཞན་ཞིག་ཏུ་སྐྱབས་བཅོལ་ལ་ཕེབས་དགོས་བྱུང་བའི་ཉིན་མོ་ནས་བཟུང་དེ་རིང་གི་བར་ཏེ། མི་ལོ་ལྔ་བཅུ་ལྷག་གི་རིང་ལ་བོད་དམངས་དང་རྒྱ་ནག་སྲིད་གཞུང་བར་འགལ་རྩོད་རབ་དང་རིམ་པ་བྱུང་ཞིང་། སྲིད་གཞུང་དང་མི་དམངས་གཉིས་ཀ་ཆེས་ལྷིང་འཇགས་མ་ཡིན་པ་དང་། བག་ཕེབས་མ་ཡིན་པ། ཕན་ཚུན་ཡིད་རྟོན་མེད་པ་དང་། རྣམ་རྟོགས་ཟ་རེས་སོགས་ཀྱི་སྒོ་ནས་གནས་དགོས་བྱུང་ཡོད་པ་ནི་གསང་ཐབས་མེད་པའི་དོན་དངོས་ཤིག་ལགས་ཤིང་།
གནས་ཚུལ་དེས་ནི་བོད་དམངས་རྣམས་ཀྱིས་ཉིན་རེའི་འཚོ་བའང་འཇིགས་སྔངས་སྐྲག་གསུམ་གྱི་སྒོ་ནས་སྐྱེལ་དགོས་བྱུང་ཡོད་པར་མ་ཟད། རྒྱ་ནག་སྲིད་གཞུང་ལ་མཚོན་ནའང་། ཁོ་ཚོས་རྒྱུན་དུ་སྒྲོག་གིན་པའི་བརྟན་བརླིང་དང་གཅིག་གྱུར་སོགས་ཡོང་དཀའ་བར་བཟོས་ཤིང་། འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་ཁག་གི་མིག་ལམ་དུ་སྣང་བརྙན་སྐྱི་གཡའ་བ་མང་དུ་བཟོ་དགོས་བྱུང་ཡོད།
ལྷག་པར་དུ་ཉིས་སྟོང་བརྒྱད་ནས་བཟུང་ཛ་དྲག་གི་རྣམ་པ་ཧ་ཅང་ཆེ་རུ་སོང་སྟེ། འུ་ཚོའི་བརྩེ་བར་འོས་པའི་སྤུན་ཟླ་ག་ཚོད་ཅིག་མི་རིགས་དང་བདེན་དོན་གྱི་སླད་དུ་ཚེ་སྲོག་ཤོར་བ་དང་། སྤུན་ཟླ་ག་ཚོད་ཅིག་མུན་ནག་གི་བཙོན་དུ་འགྲོ་དགོས་བྱུང་ཡོད་པ་ནི་ཤེས་གསལ་ལྟར་ལགས་ལ། ད་ལྟ་ནི་དེ་ལས་ཀྱང་ཆེས་ཡ་ང་ཞིང་སེམས་སྨྲེང་བར་བྱེད་པའི་གནས་ཚུལ་ཏེ། ལང་ཚོ་དར་ལ་བབས་ཤིང་མི་ཚེའི་སྣེ་མོ་ནས་མུ་ཏིག་གི་འཕྲེང་བ་གསར་དུ་སྒྲུག་གིན་པའི་གཞོན་སྐྱེས་གང་མང་ཞིག་གིས། རང་ལུས་མཆོད་འབུལ་བྱས་ཏེ་བདེན་པ་རྒྱང་འབོད་དང་རྒྱུ་འབྲས་གསལ་སྟོན་བྱེད་དགོས་བྱུང་བའི་ཚད་དུ་ཐོན་ཡོད་པ་རེད།
མི་སུ་ལ་མཚོན་ནའང་རང་རང་གི་འཚོ་གནས་དང་གཅེས་སྲོག་ནི་ཅི་འདྲའི་རིན་ཐང་ཆེ་ཞིང་། རང་རང་གི་འཇིག་རྟེན་དཀར་ངོགས་ནི་ཅི་འདྲའི་བློས་མི་ཐོངས་པ་ཞིག་ཡིན་ཨང་། ཁོ་ཚོས་གཏོང་མི་འདོད་པའི་རང་ཉིད་ཀྱི་ཡོད་ཚད་རྒྱབ་ཏུ་གཡུག་ནས། སུ་ཞིག་གི་སླད་དུ་མུན་ནག་གི་གྲུ་ག་དེར་གཅིག་རྗེས་གཉིས་མཐུད་ཀྱིས་བཞུད་ཀྱིན་འདུག་ན། དོན་འདི་ནི་མཁས་པའི་དབང་བོ་དང་བྱམས་སེམས་ཀྱི་བདག་ཉིད་ཅན་དུ་གྲགས་པའི་ཆེན་པོ་དག་གིས་ལོགས་སུ་སྣང་མེད་དུ་བསྐྱུར་འོས་པ་ཞིག་གཏན་ནས་ཡིན་མི་སྲིད་ཅིང་། སྒེར་ཚུགས་དང་དྲང་སྙོམས་གཤིས་སུ་གྲུབ་པར་རློམ་པའི་དཔྱོད་ལྡན་ཤེས་ཡོན་པ་དག་གིས་ཀྱང་རྒྱབ་ཏུ་གཡུག་ཆོག་ཆོག་ཅིག་ཁྱོན་ནས་ཡིན་མི་སྲིད་པས།
ད་ནི་འུ་ཚོས་ཀྱང་འདི་ལྟར། མི་རིགས་དང་བདེན་དོན་གང་ཞིག་གི་སླད་དུ་འཇིག་རྟེན་འདི་ནས་གཏན་དུ་གཤེགས་ཟིན་པའི་སྤུན་ཟླ་དེ་དག་གི་ཚེ་སྲོག་གིས་བཞེངས་པའི་སེམས་ཀྱི་རེ་འདུན་སྐོང་བའི་ཕྱིར་དང་།
མི་རིགས་དང་རིག་གཞུང་གི་འཇིག་ཉེན་གྱི་སླད་དུ་མུན་ནག་གི་བཙོན་དུ་ལུས་ཡོད་པའི་སྤུན་ཟླ་དེ་དག་གི་ཉེས་སེལ་དཀར་འདོན་གྱི་ཕྱིར་དང་།
ཆེས་ཡ་ང་ཞིང་སེམས་སྨྲེང་བར་བྱེད་པའི་ད་ལྟའི་ཛ་དྲག་གི་གནས་ཚུལ་དེ་དག་གི་མཇུག་དྲིལ་བ་སོགས་ཀྱི་ཕྱིར་དུ། ཐབས་བརྒྱ་ཇུས་སྟོང་དང་ཡོད་ཚད་བློས་གཏོང་གིས་ཐབས་ལམ་ཞིག་འཚོལ་བ་ལ་ཅིས་ཀྱང་འབད་རན་པ་མིན་ནམ་ཞེས་སྐུལ་ཞིང་གསོལ་བ་འདེབས་པར་འདོད།
ང་ཚོ་ནི་བདེན་དོན་དང་གནས་ལུགས་སྲོག་ལས་ཀྱང་གཅེས་སུ་འཛིན་པའི་ཤེས་ཡོན་པ་དང་། མི་རིགས་ཀྱི་བདེ་སྡུག་དང་རིག་གཞུང་གི་དར་རྒུད་འགན་དུ་འཁྱེར་བའི་མི་རིགས་ཀྱི་མགྲིན་ཚབ་པ་དང་། ཁ་བཤད་དོན་གནས་དང་དོན་འབྲས་ལྷུར་ལེན་བྱེད་པའི་མི་རིགས་ཀྱི་སྣེ་ཁྲིད་པ་སོགས་སུ་སྒྲོག་གིན་ཡོད་ན། སྐད་ཆ་འདི་དག་བདེ་དུས་སྐྱིད་དུས་སུ་བཤད་པའི་གཞན་སེམས་བྲིད་བྱེད་ཀྱི་གཡོ་འཕྲུལ་ཙམ་ཞིག་ག་ལ་ཡིན་སྲིད།
དེ་བས་ཤེས་ཡོན་པ་དང་རྩོམ་པ་པོ་སོགས་ཀྱི་མིང་གིས་བརྒྱན་པའི་འུ་ཚོས། དུས་ད་ལྟ་མི་རིགས་ཀྱི་མགྲིན་ཚབ་བྱེད་པའི་དུས་ལ་བབས་ཤིང་། མི་རིགས་ཀྱི་སྣེ་ཁྲིད་བྱེད་པའི་དུས་སུ་ཐོན་ཏེ་ཡོད་ན། འདི་ལྟར་བགྱི་བ་ནི་འུ་ཚོ་ཤེས་ཡོན་པ་དང་རྩོམ་པ་པོ་དག་གི་བཟློག་མེད་ཀྱི་འགན་འཁྲི་དེ་ཡང་མ་ཡིན་ནམ། དེ་ལྟ་མིན་ཚེ་མི་རིགས་ཀྱི་མགྲིན་ཚབ་པ་དང་སྣེ་ཁྲིད་པ་ཡིན་ཚུལ་སོགས་ཀྱིས་མི་རིགས་དང་སྤྱི་ཚོགས་ཀྱི་མགོ་བོ་ ཅི་ཕྱིར་རྨོངས་སུ་འཇུག་ཨང་།
དེ་ཡང་ཆོས་ལྡན་མི་རིགས་ཀྱི་གཤིས་ལུགས་དང༧གོང་ས་རྒྱལ་བའི་དབང་བོའི་ཐུགས་བརྗེད་གང་ཐད་ནས་བལྟས་ཀྱང་། འུ་ཚོས་སྣེ་ཁྲིད་བྱེད་སྟངས་དེ་དམག་འདྲེན་གསོད་གཏུབས་ཤིག་ཡིན་མི་སྲིད་ཅིང་། རྡུང་གཅོག་འཕྲོག་བསྲེག་གི་དོན་རྐྱེན་ཞིག་ཀྱང་མ་ཡིན་པར་འཚེ་མེད་ཞི་བ་ཡིན་དགོས་ཤིང་། དེ་ཡང༧སྐྱབས་མགོན་རྒྱལ་བའི་དབང་པོས་གསུངས་པ་ལྟར། “དུས་རབས་འདི་གྲོས་མོལ་གྱི་དུས་རབས་ཤིག”ཡིན་པའི་དབང་དུ་བཏང་ན་ང་ཚོས་ཀྱང་གྲོས་སུ་བགྱི་བ་སྟེ། ད་ལྟ་ རྒྱ་ནག་ལའང་འུ་ཚོ་དང་བསམ་བློ་གཅིག་མཐུན་གྱི་ཤེས་ཡོན་པ་གཟུར་གནས་མང་དག་ཅིག་མཆིས་པས། དེ་དག་ལ་བསམ་ཚུལ་ཐད་བརྗོད་ཀྱིས་གཅིག་ཏུ་བསྟུན་ཞིང་། སྲིད་གཞུང་ལ་བོད་དོན་ཐག་ཆོད་ཐད་བདེན་པ་སྲོག་ཏུ་བཟུང་བའི་གཉིས་སྨན་ཞི་གྲོས་ཤིག་ཅིས་ཀྱང་བྱེད་འཚལ་ཞེས། འུ་ཚོ་ཐུན་མོང་གིས་ནུས་ཤུགས་བསྒྲིམ་ཞིང་ཐུན་མོང་གིས་རེ་བ་འབུལ་རྒྱུ་དེའོ། །
དེ་ལྟ་མིན་པར་འུ་ཚོ་བོད་ཀྱི་ཤེས་ཡོན་པ་དག་གིས་ཀྱང་རང་རང་གི་ལྟ་གྲུབ་ཕྲན་བུ་ཞིག་གམ། འདོད་ཚུལ་ཉི་ཚེ་བ་ཞིག་གི་སླད་དུ་ཕན་ཚུན་གཅིག་གིས་གཅིག་ལ་རྣམ་རྟོག་དང་སོམ་ཉི་ཡི་ངང་དུ་གནས་པ་དེས་ཐུན་མོང་གི་སྟོབས་ཤུགས་མངོན་མེད་དུ་བྱས་ཤིང་། རང་རང་གི་ལ་རྒྱ་ཞིག་འཆོར་བར་དོགས་ཏེ་སོ་སོའི་ས་ནས་ཆེ་ཚུགས་དང་སྒམ་མདོག་གིས་བསྡད་པ་དེས་གཅིག་གྱུར་གྱི་ནུས་པ་འཐུས་ཤོར་དུ་གྱུར་ཡོད། དེ་བས་འུ་ཚོའི་གནས་སྐབས་ཀྱི་ལྟ་གྲུབ་མཐུན་མིན་གང་ལྟར་ཀྱང་རུང་། སྐབས་ཐོག་གི་འདོད་ཚུལ་གཅིག་མིན་ཅི་ཡིན་ཀྱང་བླ་ཡི་མ་བགྲོས་ཐུན་མོང་གི་དམིགས་ཡུལ་ཞིག་དང་། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་ཞིག་ཅིས་ཀྱང་ཡོད་ངེས་པས་ཚང་མས་གཅིག་སེམས་གཅིག་ལ་བསྟན་ཞིང་གཅིག་བློ་གཅིག་ལ་འཁེལ་བར་བྱས་ཏེ། ཕྱི་གསལ་ནང་གསལ་གྱི་སྒོ་ནས་ཐུན་མོང་གི་ནུས་ཤུགས་ཕྱུང་སྟེ་ཐུན་མོང་གི་རེ་འདུན་དང་ཐུན་མོང་གི་བསམ་ཚུལ་རྗོད་རྒྱུ་ནི་གནད་ཀྱི་དོན་ནོ། །
འདི་ལྟར་བསྒྲུབས་པའི་ཉིང་དགོས་ནི་བོད་མི་རིགས་གཅིག་པུའི་ཁེ་ཁ་ཞིག་གཏན་ནས་ཡིན་མི་སྲིད་དེ། གལ་ཏེ་སྲིད་གཞུང་དང་བོད་རིགས་བར་འགྲིག་མཐུན་བྱུང་བའི་དུས་དེར་ནི། རྒྱལ་ཁབ་འདིར་ཡང་ཁོ་པ་ཚང་གིས་རྒྱུན་དུ་གླེང་གིན་པའི་བརྟན་བརླིང་དང་གཅིག་གྱུར་ཡོང་ངེས་པས་སོ། །དེ་ཡང༧སྐྱབས་མགོན་རྒྱལ་བའི་དབང་པོས་གཉིས་སྨན་དབུ་མའི་ལམ་གྱི་དགོངས་དོན་ལྟར་ན་འུ་ཚོ་ཡང་རྒྱལ་ཁབ་འདི་ཡི་ཆ་ཤས་ཤིག་ཡིན་ངེས་པས། འདི་ནི་འུ་ཚོའི་རྒྱལ་ཁབ་འདིའི་མི་སེར་དཀྱུས་མ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ལ་རེ་ཞུ་ཞིག་གི་ཁོངས་སུ་ཡང་གཏོགས་ཆོག
བོད་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མཆོད་འབུལ་བྱེད་དགོས་བྱུང་བའི་ཚད་དུ་སླེབས་ཤིང་། རྒྱ་ནག་སྲིད་གཞུང་ལ་མཚོན་ནའང་འཛམ་གླིང་གི་རྒྱལ་ཁབ་ཁག་གི་མིག་ལམ་དུ་སྣང་བརྙན་བཙོག་པོ་ཞིག་མངོན་དགོས་བྱུང་བའི་དུས་འདིར། ད་དུང་དམངས་སྲིད་གཉིས་ཀྱིས་ཕན་ཚུན་སྤྱང་གྲུང་རྩེ་རེས་དང་ཁ་གཏད་གཅོག་རེས་ཁོ་ནས་ཉི་མ་སྐྱེལ་བར་བྱེད་པ་ནི་ཆེས་ཡ་ང་ཞིང་ཡིད་ཆད་པའི་དོན་ཞིག་མ་རེད་དམ། དེ་བས་ད་ནི་འུ་ཚོས་མཚང་འབྱིན་རེས་དང་རྣམ་རྟོགས་ཟ་རེས་འདི་མཚམས་འཇོག་བྱས་ཏེ། ཕན་ཚུན་གཉིས་གར་སྨིན་ཞིང་། ཀུན་པོར་འཚམས་པའི་ཐབས་ལམ་ཞིག་གི་སྟེང་ནས་བདེན་དོན་སྲོག་ཏུ་བཟུང་བའི་ཞི་གྲོས་ཀྱི་ལམ་བུ་ཞིག་འཚོལ་དགོས་ཤིང་། འདི་ལྟར་བགྱི་ཞིང་བགྲོ་བ་ནི་ཤེས་ཡོན་པ་དང་རྩོམ་པ་པོ་དག་གི་འོས་འགན་ཉག་གཅིག་ཡིན་ཏེ། དེ་ཡང་འདི་ལྟར།
༡. དམངས་ཚོགས་དག་གིས་ནི་རང་རང་གི་འདོད་བློ་དེ་ཁ་ཐོག་གི་སྐད་འབོད་ཅུང་ཟད་ཙམ་ཕུད་ཤུལ་གྱི། གཞན་ཕལ་ཆེ་བ་ལུས་ཀྱི་རྣམ་འགྱུར་སྟེང་ནས་མངོན་པ་ཙམ་ཡིན་ཞིང་། ཁོ་ཚོའི་རྣམ་འགྱུར་དུ་མངོན་པའི་འདོད་བློ་དེ་དག་ཡིག་ཐོག་ནས་སྲིད་གཞུང་ལ་གསལ་བཤད་དང་། ཡོངས་ཁྱབ་ལ་འབྲེལ་མཐུད་ཀྱི་བརྡ་སྤྲོད་པར་བྱེད་པ་ནི་སྨྱུག་ཐོག་པ་དག་གི་ལས་འགན་ཏུ་ཉག་གཅིག་ཏུ་འཁུམས་ཏེ། ང་ཚོ་ནི་ནམ་ཡང་མི་རིགས་ཀྱི་མགྲིན་ཚབས་པ་དང་། མི་རིགས་ཀྱི་སྣེ་འཁྲིད་པར་སྒྲོག་གིན་ཡོད་པས་སོ། །
༢. ང་ཚོས་འཛམ་གླིང་ལོ་རྒྱུས་ལས་མངོན་པའི་མི་རིགས་སོ་སོའི་ལོ་རྒྱུས་དང་རྒྱལ་ཁབ་སོ་སོའི་འཇིག་ཉེན་དག་མཐོང་ཞིང་གླེང་གིན་ཡོད་ལ། རླབས་ཆེ་བའི་མི་སྣ་རེ་རེས་སྐབས་དེ་དང་དེ་ཤེད་དུ་རང་སྲོག་འབེན་ལ་བཞག་ནས། བདེན་པ་སྲོག་ཏུ་བཟུང་བའི་ལས་དོན་ག་ཙམ་བསྒྲུབས་པར་བྱས་པ་དག་ནི“འདི་ལྟར་དགོས་སོ་”ཞེས་ང་ཚོས་གཞན་ལ་སློབ་ཅིང་སྟོན་པར་བྱེད་ཀྱིན་ཡོད། འོན་ཀྱང་གནས་ཚུལ་དེ་དག་ནི་ད་ལྟ་ང་ཚོའི་ཉེ་འཁོར་དུ་མངོན་དུ་གྱུར་ཏེ་ཡོད་པས། དེ་ལ་ཇི་ལྟར་ཁ་གྲགས་དགོས་མིན་དང་། ཇི་ལྟར་ཐག་གཅོད་དགོས་མིན་རང་སྟེང་ནས་བསམ་གཞིགས་བྱེད་རྒྱུ་ནི་ཤེས་ཡོན་པ་ཞིག་གི་ཆེས་རྩ་བའི་བླངས་བྱ་ཡིན་པས་སོ། །
༣. བདེན་པ་སྲུང་བ། རྒྱུ་འབྲས་བརྩི་བ། གནས་ལུགས་ལེན་པ། སྲོང་པོར་སྨྲ་བ། མི་དོན་གླེང་བ། ལེགས་པར་ཞུགས་པ་སོགས་ནི་ང་ཚོའི་ཁ་དང་འབྲལ་མེད་ཡིན་ཞིང་། སྒེར་ཚུགས། དཔྱོད་ཤེས། ཆོད་སེམས། རྟོགས་སད། སྤོབས་སེམས། རང་རྟོན་སོགས་ནི་ང་ཚོས་སྐད་གསང་མཐོན་པོས་སྒྲོག་རྒྱུ་དེ་ཡིན་ན། ཤེས་ཡོན་པ་ཞིག་ལ་མཚོན་ན་འདི་འདྲའི་དཀའ་གནད་ཀྱི་སྐབས་སུ་ལྷག་པར་དེ་དག་ཉམས་སུ་ལེན་ཞིང་ལག་ཏུ་བསྟར་ཏེ་བདེན་པ་སྲུང་དགོས་པས་སོ། །
༤. བྱུང་ཟིན་པ་དག་ནི་མི་གླེང་སྟེ། དེ་རིང་གི་དུས་འདིར་ཡང་བརྩེ་བར་འོས་པའི་འུ་ཚོའི་སྤུན་ཟླ་དང་རླབས་ཆེ་བའི་རྩོམ་གྲོགས་ག་ཚོད་ཅིག་བཙོན་དུ་ཡོད་པ་ཚང་མས་ཤེས་གསལ་ལྟར་ལགས་ལ། ཁོ་ཚོ་ནི་མི་རིགས་ཀྱི་འདོད་བློ། རྒྱལ་དམངས་བར་གྱི་འགལ་འདུམ་སོགས་ཀྱི་སླད་དུ་ཁྲིམས་སུ་ལྷུང་བ་ཡོད་ལ། མ་ཉེས་ཁ་ཡོག་དང་ལེགས་ཉེས་གོ་འཛོལ་གྱིས་ལྷུང་བའང་ཡོད་སྲིད། ང་ཚོས་ཁྲིམས་སུ་ལྷུང་བའི་སྤུན་ཟླ་དེ་དག་བཙོན་དོང་དུ་གོ་མེད་ཚོར་མེད་དུ་རང་གར་བསྐྱུར་ནས། རང་ངམ་གཞན་ཞིག་གླེང་སྟེ་བསྡད་པ་ནི་ཤེས་ཡོན་པ་ཞིག་གི་ངོས་ནས་ཆེས་འགན་མ་འཁུར་བའི་ལས་ཀ་དེ་མ་ཡིན་ནམ། དེ་བས་ང་ཚོས་དེ་དག་གི་ཉེས་འགེལ་ལ་ཉེས་སེལ་དང་ནོར་འཛོལ་ལ་ཡོ་བསྲིང་སོགས་ཀྱི་སྐད་ཆ་ཞིག་བཤད་པ་ནི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་ཏུ་ངེས་པས་སོ། །
༥. དེ་ལས་ཀྱང་ཆེས་འཇིགས་ཤིང་སྨྲེང་དགོས་པ་ཞིག་ནི། གོང་བཤད་ལྟར་ལོ་འདི་གའི་རིང་ལ་ལང་ཚོ་དར་ལ་བབས་པའི་ན་གཞོན་མང་པོ་ཞིག་གིས་རང་ལུས་མེ་རུ་བསྒྲོན་ཏེ་བདེན་པ་རྒྱང་འབོད་གཏོང་གིན་འདུག་ན། ང་ཚོས་མི་རིགས་དང་སྤྱི་ཚོགས། ལྷག་ཏུ་སྤུན་ཟླ་རེ་རེའི་ཚེ་སྲོག་གི་སླད་དུ་རྒྱལ་ཁབ་ལ་བདེན་པའི་ཨུ་ཚུགས་ཀྱི་སྒོ་ནས་གཏམ་རྗོད་བྱེད་དགོས་པ་སྟེ། འདི་ནི་བདེན་དོན་དང་དྲང་སྙོམས་སྲོག་ཏུ་བཟུང་ཞིང་། མི་རིགས་དང་སྤྱི་ཚོགས་ཀྱི་གནད་དོན་ཕྲག་ཏུ་འཛིན་པར་སྒྲོག་པའི་ཤེས་ཡོན་པ་དག་གི་འོས་འགན་ཡིན་པས་སོ། །
༦. ཕྱི་སྡོད་བོད་རིགས་སྤུན་ཟླ་དག་དང་སྲིད་གཞུང་གི་བར་ལ་གྲོས་མོལ་ཐེངས་མང་ཙམ་བྱས་མོད་ཀྱི། གཅིག་སེམས་གཅིག་ལ་དོག་ཅིང་། གཅིག་བློ་གཅིག་ལ་མ་འཁེལ་བའི་གནས་ཚུལ་དེས་དོན་དངོས་སྟེང་ནས་འབབ་གཞི་གཅིག་ཏུ་འཁེལ་མིན་ལ་མ་ལྟོས་པར། ཕན་ཚུན“རྣམ་རྟོགས་ཟ་རེས་དང་། སྤྱང་གྲུང་རྩེ་རེས་”ཀྱི་ངང་དུ་ད་བར་ལུས་དེ་ཡོད་པ་ལས་གྲུབ་འབྲས་ཆེན་པོ་ཞིག་བྱུང་མེད་པ་རེད་ལ། ཐག་མ་ཆོད་པའི་བར་བླགས་དེ་ནས་གནས་ཚུལ་ཡ་ང་བ་མང་པོ་བྱུང་དང་འབྱུང་བཞིན་པ་རེད། དེ་བས་གཞིས་ལུས་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ་དག་གིས་ལྷག་ཏུ་ཡང་འགན་འཁྲི་འདི་ཕྲག་ཏུ་འཁྱེར་དགོས་པ་ཞིག་མིན་ནམ།
བདག་གི་ཞུ་ཡིག་འདི་ཁར་སང་དེ་རིང་གི་གནས་ཚུལ་དག་གིས་སེམས་ཁམས་དཀྲུགས་ཤིང་སྔངས་བར་བྱས་ཏེ། བོད་ཀྱི་ཤེས་ལྡན་དག་ལ་རེ་ཞུའམ་དང་སེམས་གཏམ་དྲོན་མོ་ཞིག་གི་སླད་དུ་གློ་བུར་བྲིས་པ་ལགས་ཤིང་། རྗོད་སྒྲོས་དང་སྒྲིག་ཚགས་སོགས་འབྲེལ་མ་ཆགས་པ་དང་བརྡ་མི་འཕྲོད་པ་ཅི་རིགས་ཤིག་བྱུང་ཡོད་སྲིད་པས་དགོངས་དག་ཞུས་པ་ཡིན་ལ། གུས་པར་འོས་པའི་བོད་ཀྱི་ཤེས་ལྡན་པ་དག་གིས་ཞུ་མཁན་དང་ཞུ་ཡུལ་གཉིས་ཀྱི་ཐོབ་དང་འབྱོར་བ། རིག་རུས་དང་ཡོན་ཚད་སོགས་ཀྱི་བར་ཐག་ལ་རྒྱང་འཛིན་མི་བྱེད་པར་ད་ལྟའི་བོད་ཀྱི་གནས་བབས་དང་། ཞུ་འཕྲིན་འདིའི་བསྟན་དོན་ལ་ཐུགས་གཞིགས་ལན་གཅིག་བྱེད་པར་འཚལ་ཞེས་ཀྱང་གསོལ་བ་འདེབས་པ་ལགས་སོ། །
ཞེས་ ༢༠༡༡ ལོའི་ཟླ་ ༡༠ ཚེས་བདུན་ཉིན་དྷི་ལྷ་ལྡན་དུ་འབོད་པས་མགྱོགས་པོར་སྦྱར་ཏེ་བཀུར་བར་འོས་པའི་བོད་ཀྱི་ཤེས་ལྡན་དག་ལ་གུས་འདུད་གྲངས་མེད་དང་བཅས་རྟབ་རྟབ་པོར་ཕུལ་བ་ལགས།
༼སྤྱིར་བདག་གི་ཞུ་ཡིག་འདི་ཆེས་ལག་ཏུ་འཕྲོད་ཅིང་བཀླགས་ན་འདོད་པའི་བོད་ཀྱི་ཤེས་ཡོན་པ་ལྔ་བཅུ་ལྷག་ཅིག་དང་། རང་དང་འགྲོག་འདྲིས་ཅུང་མང་བའི་རྩོམ་གྲོགས་སྐོར་ཞིག་བྲིས་པ་ཡིན་ཏེ། ཁོ་ཚོའི་ལག་ཏུ་འཕྲོད་ཅིང་བཀླགས་པར་བྱས་ན་འདི་ལྟར་དགོས་མིན་དང་ཉིང་དགོས་ལྡན་མིན་ནི་མི་བུ་ཆེ་དེ་དག་གིས་ཐག་གཅོད་པར་འགྱུར་བས་སོ་སྙམ་པ་ཡིན། འོན་ཀྱང་རྗེས་སུ་འདི་ནི་ཤེས་ཡོན་པ་ཡོངས་ལ་ཕུལ་བ་ལགས་པས་དམིགས་བསལ་གྱི་མིང་འགའ་ཞིག་བཀོད་ན་ཕྱོགས་སུ་ལྷུང་བར་དོགས་ཏེ་ཕྱིར་བླངས་བཞག་པས། བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་དག་གིས་ཡིན་མིན་གྱི་དབྱེ་འབྱེད་དང་། དགོས་མིན་གྱི་ཐུགས་གཞིག་ཅིག་ཅིས་ཀྱང་བྱེད་པར་འཚལ་ཞེས་ཡང་བསྐྱར་ཞུའོ། །༽
ཞུ་འཕྲིན་འདི་དྲྭ་གནས་དང་ཚགས་དེབ་སོགས་གང་འདོད་དུ་བཀོད་ཆོག་པར་མ་ཟད། རྩོམ་པ་པོའི་རེ་འདོད་ཀྱང་ཡིན།
༼རང་དབང་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས་པ་ལགས།༽
རྡོར་དབང་ཁྱོད་མགྱོགས་པོ་འདུག ངས་ཀྱང་རྩོམ་ཡིག་འདི་ཁ་བརྡར་བཀོད་ན་བསམ་བསྡད་ཡོད། བཀའ་དྲིན་ཆེ།
དགོངས་ཚུལ་འདིའི་སྟེང་རྩོམ་པ་པོའི་མིང་འཛིན་མཁན་ཚང་མས་ད་ཅིག་གནང་རེན་རེད་འདུག་ཡ་ངོ་མ་
ད་ལྟ་རང་བཀླགས་ཟིན་པས་མ་བསྐུལ་དྭངས་བླང་ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་ཞིག་རེད་འདུག་ལགས།
རྩོམ་པ་བོ་སུ་ཡིན་མ་ངེས་ཀྱང་། ཁྱེད་ཀྱིས་གསུང་པ་ལ་ང་མོས་མཐུན་ཡོད། ལྷག་པར་དུ་ཁྱེད་ཀྱིས་ནང་ཁུལ་གྱི་སྤྱང་གྲུང་རྩེ་རེས་དང་། ཁ་གཏད་གཅོག་རེས་སོགས་ནི་ཡ་ང་བའི་གནས་སུ་གཟིགས་པ་དེ་ཡང་བདེན་པར་སྣང་། དེ་ལྟར་ང་ཚོ་ནང་ཁུལ་ཁ་གཏད་གཅོག་རེས་བྱས་སྡད་ན་སའི་བྲོ་ལེན་ས་ནས། རུམ་གྱི་རྡོ་ལྷུང་ཟེར་པའི་དཔེ་རུ་འགྱུར་ཉེན་ཆེ་བས་རང་གཞན་རོགས་གསུམ་གྱིས་བློ་རྩེ་གཅིག་ཏུ་སྒྲིམ་ནས། རང་སྲོག་གཏོང་མཁན་གྱི་དཔའ་བོ་རྣམས་ཀྱི་བདེན་པའི་གནས་ལུགས་དེ། བདེན་པའི་གདན་ཆའི་ཐོག་འཇོག་ཐུབ་པ་བྱེད་རྒྱུ་ནི་འུ་ཇག་གི་འགན་འཁྲི་ཡིན་པ་ཤེས་པའི་ཐོག་ནས་གཞུང་སྒེར་གཉིས་ཀས་ཁུར་དུ་ལེན་པའི་དུས་སུ་སླེབས་འདུག ད་ལྟ་ནི་ང་ཚོ་ཆེས་ཛ་དྲག་ནས་ཛ་དྲག་གི་ཡང་རྩེར་སླེབས་ཡོད་པ་འདི་ཛ་དྲག་ཡིན་པ་ཡང་རྒྱལ་སྤྱིའི་ཐོག་ཛ་དྲག་གིས་སྐྱེལ་དགོས་པ་དེ་ཡང་ང་ཚོའི་འགན་འཁྲི་ཡིན། ལྷག་དོན་ང་ཚོ་ལ་འཚེ་མེད་ཞི་བའི་ལམ་སྟོན་པ་བོ་ད་སྣ་འདྲེན་པ་བོས་ནི་ནམ་ཡང་མི་སླུ་བ་ཡིན་པ་ཡང་ཤེས་པའི་ཐོག་ནས། ཕྱི་ནང་གཉིས་ཀས་ལམ་དེ་ཉམས་སུ་ལེན་པ་རྒྱུན་འཁྱོངས་དང་སྙུགས་སྲེང་བྱེད་རྒྱུ་དེ་ཡང་གལ་གནད་ཆེ།
མདོ་དོན་གཞིས་ལུས་དཔའ་བོ་རྣམ་པའི་ཚེ་སྲོག་དེ་ང་ཚོའི་ངོས་ནས་ཆུད་ཟོས་འགྲོ་མི་ཆུག་པ་དང་། རྒྱ་ནག་གཞུང་ལ་ནག་གསུབ་གཏོང་མི་ཆུག་པར་རྒྱལ་སྤྱིའི་གདན་ཆའི་སྟེང་འཇོག་ཐུབ་པ་བྱེད་རྒྱུ་ཡང་འུ་ཇག་གི་འགན་འཁྲི་ཡིན།
དགོངས་ཚུལ་ལྷུག་པོར་སྤེལ་བར་བསྔགས་བརྗོད་ཞུ།
འཆི་ལ་ཁད་པའི་གདོང་དམར་མི་རིགས་འདི་ཡི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་ཁོང་ཚོར་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ཐབས་ཤེས་ཡོད་རྒུ་བཏོན་པའི་དུས་ལ་བབ་འདུག
ལས་འགུལ་སྤེལ་ཕྱོགས་སྐོར་ཚང་མས་དགོངས་ཚུལ་ལྷུག་པོར་གསུངས་རོགས།
བོད་ཀྱི་ཤེས་ཡོན་པ་དག་གི་འགན་འཁྲི་ཟེར་ན། རང་མ་གཏོགས་མི་མེད་སྙམ་པའི་ང་རྒྱལ་གཅིག་བུས་སྒེར་ཚུགས་བཟུང་བའི་རང་རློམ་པ་དག་ལ་ཟེར་གི་མ་རེད། ཡུན་ནས་ཡུན་དུ་བོད་ཀྱི་རིག་གནས་དང་སྐད་ཡིག་དར་རྒྱས་གཏོང་དགོས། སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས། ལྷག་བསམ་ཡོད་དགོས། བོད་མི་རིགས་ཀྱི་རྩ་དོན་ལ་ཕན་པའི་ཕྱག་ལས་གནང་དགོས།
རྩོམ་པ་པོ་སྐུ་ཉིད་ནས་ཚེ་སྲོག་གིས་བསྐྲན་པའི་སྐད་ཆ་གཉིས་པ་ཞིག་དབུ་
འཛུགས་གནང་འདུག་པར་བཀའ་དྲིན་ཆེ།
མི་རིགས་ཀྱི་སྣེ་ཁྲིད་པ་ནི་སྨྱུག་ཐོག་པ་མིན་ཞིང་ཉམ་ཆུང་གི་སྨྱུག་ཐོག་པ་རྣམས་ནི་བསམ་ཚུལ་སྟོན་མཁན་ཙམ་ལས་དོན་དངོས་ཀྱི་སྣེ་ཁྲིད་པ་ནི་ཆབ་སྲིད་པ་དང་ཆོས་དཔོན། འབྱོར་ལྡན་པ་དག་ཡིན། གནས་ཚུལ་འདི་ངོས་ཟིན་རྒྱུ་གལ་གནད་དུ་མཐོང་།
དྷི་ལྷ་ལྡན་དང་ཞོགས་དུང་སོགས་རང་སྲོག་དམར་པོ་གཏའ་མར་བཞག་ནས་རྩོམ་ཡིག་གི་མཚོན་ཆས། རྒྱ་དམར་པོའི་རྫུན་གདོང་སིལ་བར་གཏོར་མཁན་གྱི་དཔའ་བོ་འདི་དག་ལ་སེམས་གཏིང་ནས་གུས་བརྩི་ཞུ།
བཀའ་བློན་ཁྲི་བ་ཟེར་ན་བོད་རྒྱ་ཆེ་མི་དམངས་ཀྱི་མགྲིན་ཚབ་པ་རེད། བོད་ནང་ལས་འགུལ་གང་འདྲ་ཞིག་སྤེལ་རུང་ཁོང་གིས་མ་ཤེས་པ་ཡོང་སྲིད་ཀྱི་མ་རེད། ལས་འགུལ་དེའི་རྒྱབ་ལྗོངས་ངོ་མ་ཅི་ཞིག་ཡིན་འདུག་པ་དང་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཅེས་འབོད་ཚིག་བསྒྲགས་པ་ཡིན་ན་འདི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་བརྩི་གི་ཡོད་པ་རེད། རྒྱ་དམར་གྱི་རྣ་ཅོག་ནང་དུ་ལྕགས་ཞུན་བླུགས་པ་དང་འདྲ་བས་ལམ་སང་འུར་ལངས་གི་རེད། རྒྱ་ནག་གི་ཆབ་སྲིད་དམག་ཤུགས་ལ་བརྟེན་པའི་དབང་གིས་མནར་གཅོད་དང་རྡུང་རྡེག་ནི་ཅི་ཡང་བརྩི་གི་མ་རེད། ཛ་དྲག་གི་ལས་འགུལ་ག་ཚོད་སྤེལ་ཡང་བྲག་ཕ་བོང་ལ་སྒོ་ང་བརྡབས་པ་དང་འདྲ་བར་འགུལ་ཀྱག་གང་ཡང་ཐེབས་ཀྱི་མ་རེད། དེ་བས་དུས་ཚོད་ལ་བསྒུག་ནས་བསྡད་ན་ཡག་ཤོས་རེད། སློབ་དཔོན་རིན་པོ་ཆེས། ཐ་མ་བོད་འདི་རྒྱ་ཡི་འོག་ཏུ་འཇུག།ཅེས་པ་ལྟར་བོད་ཀྱི་ལས་དབང་རེད། གཅིག་བྱས་ན་དུས་ཚོད་ལ་འགྱུར་བ་འགྲོ་བའི་དབང་གིས་མིའི་བསམ་བློ་ཏན་ཏན་འགྱུར་བ་འགྲོ་གི་རེད། དུས་ཡུན་རིང་པོར་མི་ཐོགས་པར་པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་གོང་ས་མཆོག་གི་ཞབས་སོར་བཅགས་ཏེ་དུས་འཁོར་དབང་ཆེན་ཞིག་གནང་ཐུབ་པའི་རེ་བ་ཡོད།
ཞོགས་དུང་གི་གནམ་ས་གོ་འབྱེད་དེས་བོད་ས་ཡོངས་སུ་རྒྱ་ནག་གི་ངོ་གདོང་གསལ་བོར་བསྟན་སོང་། རྩོམ་པ་པོ་ཟེར་ན་དེ་འདྲ་བློ་ཁོག་ཡོད་པ་ཞིག་དགོས་པ་རེད།
པེ་ཅིན་གནམ་བདེ་སྒོ་མོའི་ཐང་ཆེན་དུ་༸གོང་ས་མཆོག་གི་ཞབས་སོར་བཅགས་ཏེ་དུས་འཁོར་དབང་ཆེན་གནང་ཐུབ་པའི་རེ་བ་འདི་ལྟ་བུའི་འདུན་པ་ཀུན་ནས་བླངས་ནས་གཉིས་སྨན་དབུ་མའི་ལམ་ཞུགས་དགོས་རེད། བོད་རྒྱའི་མི་རིགས་མཐུན་འགྱུར་ཅིག །
པུར་རྒྱལ་བོད་ཀྱི་དཔའ་རྒོད་དཔུང་བསྒྲིགས་ནས།
རང་ལུས་རིན་ཆེན་མེ་ལྷའི་ཞལ་དུ་ཕུལ།
བཙན་བྱོལ་བཀའ་སྤྱིའི་མིང་ཅན་སྐུ་ངོ་རྣམས།
གཏི་མུག་གཉིད་དང་སྐྱུར་མོའི་ཆང་གི་མྱོས།
སེང་གེའི་མིང་ཅན་བཀའ་བློན་ཁྲི་པ་དང་།
སྤེན་པའི་མིང་ཅན་སྤྱི་བའི་མི་དཔོན་གཉིས།
ནག་ཆང་ཁོ་ནར་ནམ་ཉིན་མ་འདའ་བར།
ཀི་ཏིའི་དཔའ་བོ་རྣམས་ལ་སློབ་སྦྱོང་མཛོད།
ཆོས་ལུགས་ལྔ་ཡི་བླ་ཆེན་སངས་རྒྱས་དང་།
བསླབ་གསུམ་ཁྲིམས་ཀྱིས་བཙུན་པའི་དགེ་འདུན་རྣམས།
རྣམ་དག་ཆོས་ཀྱིས་སྤྱོད་པའི་བར་སེང་ནས།
དཔའ་རྒོད་ཀི་ཏི་གྲ་རྣམས་དགོངས་པར་མཛོད།
ལ་དྭགས་ཀྱང་རིག་གཞུང་དང་སྐད་ཀྱི་ཆ་ནས་བོད་ཡིན། དེས་ན་བོད་སྐད་དང་། བོད་ཀྱི་རིག་གཞུང་ལ་ཡར་རྒྱས་འབྱུང་ན། རི་བོ་གངས་ཅན་གྱི་ལྗོངས་སུ་འཁོད་པའི་བོད་སྐད་སྨྲ་བ་དང་། རྩམ་པ་ལ་ལོངས་སྤྱོད་པ་ཀུན་ལ་ཕན་པ་དང་བདེ་བ་རྙེད། དཧི་ལྷ་ལྡན་མཆོག་གིས་རང་རེའི་མི་རིགས་ལ་དགོངས་ཏེ། ཤ་ཚ་གདུང་སེམས་ཀྱིས་བགྱི་འོས་གསུངས་པ་དག་ལ་མ་བསྐུལ་དྭངས་ལེན་གྱིས་བྱ་འོས་ཀྱང་། ཕྱི་ལོགས་ཀྱི་དཔལ་དང་འབྱོར་པ་ལ་སོགས་ལ་མགོ་འཁོར་ནས། ཐ་ན་སོ་སོའི་ནང་དུ་རང་ཕྲུག་རྣམས་དང་མཉམ་དུ་བོད་སྐད་ཙམ་ཡང་གླེང་གི་མེད་པ། བལ་ཡུལ། རྒྱ་གར། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་ལྟ་ཅི། བོད་རང་དུ་ཡོད་པའི་བུ་ཕྲུག་དང་། ཡར་ལོངས་བྱུང་བའི་དར་མ་དག་གིས་ཀྱང་བོད་སྐད་ལས་རྒྱ་ནག་སྐད་རྒྱབ་པ་གཟི་བརྗིད་ཆེ་བར་རྩི་བར་མཐོང་། ༢༠༠༦ ལ་བདག་རྒྱ་ནག་ཀྲིན་ཏུ་གྲོང་ཁྱེར་དུ་བོད་ས་གནས་གཞུང་གི་མགྲོན་ཁང་དུ་སྡོད་རིང་། བོད་ནས་ལས་བྱེད་པ་ཁ་ཤས་འབྱོར་པ་དག་གིས་ཕན་ཚུན་གཏམ་གླེང་རྒྱ་སྐད་དུ་བྱེད་པ་མ་གཏོགས། བོད་སྐད་སྨྲ་བ་གཅིག་ཀྱང་མི་འདུག ལ་དྭགས་པ་འགའ་ཞིག་གིས་ཀྱང་ལ་དྭགས་ཀྱི་སྐད་མ་རྒྱབ་པར་ཧིནད་སྐད་དམ་ཨིན་སྐད་སྨྲ་བ་དེ་འཛིག་པར་སེམས། དེ་བཞིན་རྒྱ་གར་པ་དག་གིས་ཀྱང་། རང་སྐད་ཧིནད་སོགས་ལས་ཨིན་སྐད་རྒྱབ་ཐུབ་པ་དེ་རང་གི་ཆེ་བར་སྒོམ། འདི་རིགས་ཀྱིས་རང་གི་སྐད་དང་གོམས་སྲོལ་བཟང་པོ་དག་ཉམས་འགྲོ་བ་ཆོས་ཉིད་ལགས། རང་ཡུལ་ཡར་རྒྱས་ཕྱིན་པའི་ཡུལ་དག་ཏུ་དེ་ལྟར་ཡིན་པ་མ་ཤེས། སྤྱི་ལོ་༡༩༨༠ དང་༡༩༨༩ ལ་བདག་རི་པིན་གྱི་ཡུལ་དུ་ཡང་ཚར་གཉིས་སླེབས། དེར་རི་པིན་པ་ཨིན་སྐད་ཤེས་པ་དག་གིས་ཀྱང་། རང་ཡུལ་གྱི་མི་མངས་ཀྱི་དཀྱིལ་དུ། ཨིན་སྐད་རྒྱབ་པར་ངོ་ཚ་བྱེད་པ་ལྟ་བུར་མཐོང་། དེ་ནི་རང་སྐད་དང་། རང་ཡུལ་སྲོལ་བཟང་གི་ཆེ་བ་ལ་མི་གནོད་པའི་ཕྱིར་དུ་ཡིན་པར་མངོན། དེས་ན་རང་ཅག་རྣམས་ཀྱིས་རང་གི་མི་རིགས་དང་། རང་ཡུལ་ལ་ཞབས་ཏོག་རྒྱ་ཆེ་བ་ཞུ་ཐུབ་པར་དཀའ་ཡང་། བོད་མི་རིགས་རྣམས་སིལ་བུར་མ་གཏོང་བར་གཅིག་ཏུ་སྒྲིལ་བར་བྱེད་པའི་ཐབས་ལ་འབད་དགོས། དེ་ཡང་ཆོས་སྐད་དེ་ནུབ་ལ་དྭགས་ནས་ཤར་མདོ་སྟོད་མདོ་སྨད་དུ་བར་དུ་ཚང་མས་བཀོལ་ཞིང་། སྐད་དེ་ལ་སྦྱངས་པ་དག་གིས་ཕན་ཚུན་བགྲོ་གླེང་ཡང་བྱེད་ཐུབ། ལ་དྭགས་ལྟ་བུ་ལ་མཚོན་ན། བཀའ་བསྟན་གྱི་དཔེ་ཆ་མེད་པ་དང་། ཆ་ཚང་མ་བྱུང་ན་ཡང་། ལོ་རེ་ནང་ཕལ་ཆེར་པོ་ཏི་ཉི་ཤུ་རྩ་ལྔ་ཙམ་གསིལ་བའམ་སྒྲོགས་པའི་གྲོང་ཡུལ་མེད་པ་ལྟ་བུ་ལགས། བཀའ་འགྱུར་ན་ཀློག་ལེགས་པར་སྦྱངས་པ་ཞིག་གིས་སླ་བའི་སྒོ་ནས་དོན་གོ་ཐུབ་པའི་གཏམ་བརྒྱུད་མང་པོ་མཆིས། དེ་འགའ་ཞིག་བདག་རང་ལོ་ངོ་བཅུ་བཞི་བཅོ་ལྡ་ཙམ་ཡིན་དུས་མཐོང་། དེས་ན་རང་རེས་བཀའ་བསྟན་གསུང་འབུམ་སོགས་ཀྱི་སྐད་ལ་སྦྱང་དགོས་པར་མཐོང་། རང་རེའི་རྒན་པ་དག་གིས་མཐོང་ཐོས་སུ་གྱུར་པའི་མཁས་པ་ཉམས་མྱོང་ཅན་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། བོད་རིགས་སྤྱི་དང་། ལྷག་པར་བོད་ཀྱི་རིག་གཞུང་ལ་ཐུགས་གཅེས་ཤིན་ཏུ་ཆེ་བ་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་དག་བོད་སྤྱིའི་སྐད་ལ་སྦྱངས་པ་ལ་དྭགས་པ་ལྟ་བུ་ཞིགས་ཀྱིས་ཀྱང་གོ་ཐུབ་པ་འདུག མཁས་པའི་དབང་པོ་འདི་དག་གིས་རང་གི་བྲིས་པ་དེ་དག་བོད་མི་མངས་ཀྱིས་གོ་ཐུབ་པ་ཐུགས་ལ་བཞག་སྟེ། ཐ་ན་བདག་སྒྲ་ཚུན་ཆད་ཀྱང་། བོད་སྤྱིའི་སྐད་དང་མཐུན་པར་མཛད་འདུག་པ་བཞིན་དུ། དིང་སང་གི་ཡི་གེ་འབྲི་བ་པོ་དག་ཀྱང་འབྲི་ན། བོད་ཀྱི་སྐད་སྤྱི་དང་། བོད་ཀྱི་རིག་གཞུང་ལ་ཕན་པ་དང་། རང་ཡུལ་བོད་ལ་ཞབས་འདེགས་ཞུ་བ་དང་། དཧི་ལྷ་ལྡན་ལེགས་ཀྱིས་ཞུ་བ་འཐེན་པ་དེ་ལ་རྩི་བའི་དོན་དུ་འགྱུར་བ་ལགས་སོ།།
ངྷི་ལྷ་ལྡན་གྱི་བསམ་ཚུལ་ལ་མོས་མཐུན་ཡོད། ང་ཚོ་གཉིད་སད་པའི་དུས་ལ་སླེབས་འདུག ངོ་མ་ང་ཚོ་སྨྲ་ཤེས་དོན་གོ་བ་ཞིག་མ་རེད་དམ། ང་ཚོ་འགྲོ་བ་མི་ཞིག་མ་རེད་དམ། ང་ཚོ་ལ་རྣམ་དཔྱོད་མེད་པ་རེད་དམ། ང་ཚོ་ལ་སྙིང་སྟོབས་མེད་པ་རེད་དམ། ང་ཚོ་སྤུན་ཟླ་ཚོ་ལ་བརྩེ་བ་མེད་པ་རེད་དམ། སྤུན་ཟླ་ཚོས་རང་ལུས་མེ་ལ་སྦྱིན་ཀྱང་། ང་ཚོའི་སྤྱི་ཚོགས་ནང་རྩོམ་པ་པོའི་མིང་སྐམ་རེའི་འོག་ནས་སྐབས་འཚོལ་རིང་ལུགས་པ་རེ་ཟུང་གི་སྐྱིད་ཉལ་གྱི་གློག་བརྙན་རེ་བལྟས་ནས་མི་རིགས་དང་རིགས་གཞུང་གང་ལའང་མི་ཕན་པའི་ཉིན་ཐོ་འབྲི་ཁུལ་བྱས་ནས་སྡོད་འདུག གཞིས་ཞུགས་སྤུན་ཟླ་ཚོས་འདི་དག་མཐོང་ཚེ་བློ་ཕམ་ཅི་ཙམ་ཡོང་གི་མ་རེད་དམ། འདིར་དྲ་རྒྱ་དང་ཚགས་ཤོག་ཁག་གི་དོ་བདག་ཚོ་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། འདི་ལྟ་བུའི་ཆེས་ཛ་དྲག་གི་སྐབས་སུ་དོན་མེད་ཀྱི་རྩོམ་རྙོག་འདི་དག་རིགས་དྲ་ཐོག་ཏུ་འགོད་པ་ཕྱི་འཐེན་བྱ་རོགས། ལྷག་པར་ངྷི་ལྷ་ལྡན་གྱི་བསམ་ཚུལ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་གང་བྱ་དགོས་མིན་གྱི་བསམ་ཚུལ་བསྡུ་ལེན་གྱི་བོད་ཕྱི་ནང་གཉིས་སུ་ཁྱབ་སྤེལ་བྱ་རོགས་ཞུ་རྒྱུ་ཡིན།
བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་རིགས་ཡོད་དོ་ལྕོགས་འཚེ་མེད་ཐོག་ནས་སྡེབ་ལངས་བྱེད་དགོས་ཀྱི་འདུག ང་ཚོ་མཉམ་དུ་ལངས་ནས་རྒྱ་དམར་ལ་བྱ་ཐབས་བྲལ་བ་བཟོ་དགོས་ཀྱི་འདུག སྤུན་ཟླ་ཚོའི་ཚེ་སྲོག་ཆུད་བཟོས་སུ་བཏང་མི་རུང་། གཞིས་སུ་ཡོད་པའི་སྤུན་ཟླ་ཚོ། ཁྱོད་རྣམ་པའི་སྙིང་སྟོབས་དང་ལྷག་བསམ། ལ་རྒྱ་ལ་གུས་འདུན་ཞུ། འོན་ཀྱང་རང་ལུས་མེ་ལ་སྒྲོན་པའི་ཆེས་ཛ་དྲག་པའི་ལས་འགུལ་འདི་མཚམས་འཇོག་བྱ་རོགས། ཁྱོད་རྣམ་པའི་ལས་འགུལ་གི་ཁ་ཕྱོགས་གཞན་དུ་བསྒྱུར་རོགས། ངོ་མ་ང་ཚོས་སེམས་ཀྱི་བཟོད་ཀྱི་མི་འདུག ཁྱོད་རྣམ་པ་ནམ་ཡང་འཚོལ་དགོས། མདོར་ན་ཁོ་བོའི་བསམ་ཚུལ་ནི་བོད་ཕྱི་ནང་གཉིས་ཀ་མཉམ་ལངས་བྱེད་དགོས་ཀྱི་འདུག
ཡག་པོ་ཞེ་དྲག་བྲིས་གནང་འདུག
བཀུར་འོས་པའི་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཉིད་ཀྱི་དགོངས་ཚུལ་ལས་༼ལ་དྭགས་ཀྱང་རིག་གཞུང་དང་སྐད་ཀྱི་ཆ་ནས་བོད་ཡིན། དེས་ན་བོད་སྐད་དང་། བོད་ཀྱི་རིག་གཞུང་ལ་ཡར་རྒྱས་འབྱུང་ན། རི་བོ་གངས་ཅན་གྱི་ལྗོངས་སུ་འཁོད་པའི་བོད་སྐད་སྨྲ་བ་དང་།༽མཇུག་པར་དུ་བཀླགས་ནས་དགའ་ཡོད། སྤྱིར་ངའི་དྲི་བ་འདི་དག་རྩོམ་ཡིག་འདིའི་མཇུག་ཏུ་མི་འོས་ཀྱང་ཉིད་ཀྱི་དགོངས་ཚུལ་དག་མཐོང་སྐབས་ཧ་ཅང་འདྲི་འདུན་སྐྱེས་བྱུང་བས་འདིར་འབྲེལ་མེད་ཀྱི་དྲི་བ་ཞིག་ཐལ་སོང་བར་དྲ་གྲོགས་ཚོས་བཀའ་བཀྱོན་མི་གནང་བར་ཞུ།།
༡༽དེང་སྐབས་ལ་དྭགས་ཀྱི་མཁས་བླུན་ཚང་མས་ལ་དྭགས་ཀྱིས་བེད་སྤྱོད་བཞིན་པའི་༼བོད་ཡིག་༽དེ་ལ་༼ང་དང་གི་བྷོ་དྷེ་༽Bodhi ཞེས་དང་། བོད་ཀྱི་རིག་གཞུང་ལ་༼ང་དང་གི་རིག་གཞུང་༽ཞེས་སོགས་བརྗོད་བཞིན་འདུག ང་ལ་དྭགས་སུ་ལོ་ལྟར་འགྲོ་བཞིན་ཡོད་ལ། ད་ལོ་དེ་གར་ཟླ་ངོ་གསུམ་ལྷག་བསྡད་པའི་རིང་ལ་ཁོང་ཚོ་དང་ཁ་བརྡ་གླེང་མོལ་བྱེད་སྐབས་ངས་༼བོད་ཡིག་༽ཅེས་བཤད་པ་དང་། ཁོང་ཚོས་ང་དང་གི་༼བྷོ་དྷེ་༽ཞེས་བཤད། ད་དུང་༼ང་དང་གི་སྐད་ཡིག་ལ་བྷོ་དྷེ་༽ཟེར་དགོས་པའི་སྐོར་ལ་རྩོམ་ཡིག་ཀྱང་བཅུ་ཕྲག་ལོང་བ་བྲིས་པ་རེ་རེ་བཞིན་བཀླགས་ཀྱང་༼བོད་ཡིག་༽ལ་༼བྷོ་དྷེ་༽ཟེར་དགོས་པའི་རྒྱུ་མཚན་ཅང་མ་མཐོང་ཁར། འབྲུག་པའི་རྫོང་ཁ་དང་། འབྲས་ལྗོངས་ཀྱི་ལྷོ་ཡིག་ཟེར་བ་སོགས་ཀྱི་བྱུང་འཕེལ་དང་བྱ་བྱེད་ལའང་ཡང་ཡང་བསམ་བློ་གཏོང་དགོས་བྱུང་། ཁོང་ཚོས་ཚིག་རྩ་མདོར་དེད་ན། ༼ང་དང་གིས་འབྲི་བཞིན་པའི་ཡི་གེ་༼བོད་ཡིག་༽དེ་བྷོ་དྷེ་༽ཞེས་པའི་མིང་ཐོག་ནས་རྒྱ་གར་གྱི་རྩ་ཁྲིམས་ནང་དུ་འཇུག་ཐབས་ལ་འབད་བཞིན་པ་དེ་རེད་འདུག འོ་ན་༼བོད་ཡིག་༽དེ་རྒྱ་གར་རྩ་ཁྲིམས་ནང་དུ་འཇུག་པར་ངེས་པར་དུ་ཐོག་མར་མིང་བརྗེས་ཏེ་༼བྷོ་དྷེ་༽ཞེས་བྲིས་ན་ཁྱད་པར་གང་ཡོད་དམ། ཡང་ན་༼བོད་ཡིག་༽དེ་ག་རང་ལ་༼བྷོ་དྷེ་༽ཞེས་མིང་མ་བརྗེས་ཚེ་རྒྱ་གར་གྱི་རྩ་ཁྲིམས་ཁོངས་སུ་མི་ཚུད་པ་དང་། ༼བོད་ཡིག་༽ལ་༼བྷོ་དྷེ་༽ཞེས་མིང་བསྒྱུར་བྱས་རྗེས་རྒྱ་གར་གྱི་རྩ་ཁྲིམས་ཁོངས་སུ་ཚུད་སྟབས་བདེ་བ་ཡིན་ནམ།
༢༽ཡང་ཁོང་ཚོས་༼བྷོ་དྷེ་༽ནང་དུ་རྩོམ་ཡིག་བྲིས་པ་དག་ལ་ལ་དྭགས་ཀྱི་ཁ སྐད་དམ་ཡུལ་སྐད་མང་པོ་ཞིག་ནང་དུ་བྲིས་འདུག་པ་མ་ཟད། ༼ངེད་བོད་ཡིག་ནང་དུ་༽འབྲི་སྲོལ་མེད་པའང་མང་པོ་ཞིག་འདུག་མོད། དེ་དག་ནི་དེང་སྐབས་བོད་ཕྱི་ནང་གཉིས་སུ་མདོ་དབུས་ཁམས་གསུམ་གྱི་རྩོམ་འབྲི་བ་ཚོས་རང་སོ་སོའི་ཡུལ་སྐད་མང་པོ་ཞིག་བྲིས་དང་འབྲི་བཞིན་པ་དང་༼ལྷག་པར་དུ་ཨ་མདོའི་སྔན་ངག་འབྲི་མཁན་ཚོ་མང་དུ་བྲིས་ཡོང་གི་༽གཅིག་མཚུངས་སུ་སྣང་ལ། སྟོད་ལ་དྭགས་ནས་སྨད་མདོ་སྨད་རྒྱ་ནག་པོ་ལ་ཐུག་གི་བར་དུ་ཡུལ་སྐད་ལུང་སྐད་ཚང་མ་ཤེས་པར་ཡང་ཕན་ཐོག་ཆེ་འདུག་སྙམ་མོད། འོན་ཀྱང་བོད་ཀྱི་སྐད་ཡིག་གི་རྐང་འཛིན་བྱེད་སུམ་རྟགས་གཉིས་ལ་གཙོར་བཟུང་མ་བྱས་ཚེ། ནམ་ཞིག་བོད་ཡིག་འདི་འབྲི་ཀློག་སྦྱོང་གསུམ་ལ་གཞི་འཛིན་ས་ཞིག་མེད་པར་འགྱུར་ཉེན་ཆེ་བ་ཞུ་ག་ལ་དགོས། དེ་བས་ན། བོད་ཡིག་དེ་ག་རང་ལ་ཡུལ་དང་ལྗོངས་སོ་སོས་མིང་མི་འདྲ་བ་རེ་བཏགས་སྟེ་རང་སྐད་ཡིན་མདོག་གིས་བྱུང་རྒྱལ་དུ་བྲིས་ན། བོད་པའི་བོད་ཡིག་དང་རིག་གཞུང་ལ་ཕན་གནོད་ཅི་འབྱུང་མི་བཤད་པར། མཐའ་མར་རང་སོ་སོའི་ཕ་མེས་ནས་བརྒྱུད་ཡོང་བའི་རིག་གཞུང་རྩ་ཆེན་པོ་ཡལ་མི་འགྲོའམ་སྙམ་པའི་སེམས་འཁྲེལ་ལམ་མ་བདེ་བ་ཞིག་འདུག་ལ། ང་དང་ལ་དྭགས་པའི་སྐད་ཡིག་རིག་གནས་དེ་ཡང་ལ་དྭགས་ཀྱི་མི་འབུལ་ཕྲག་འགའི་ས་ཁུངས་ལས་རིང་དུ་བརྒལ་ཐུབ་ན་ཁེ་ཕན་ཆེ་བ་དང་། དེང་གིོ་ལ་དྭགས་ཀྱི་ས་ཁུངས་སུ་གནའ་འཆའ་བཞིན་པའི་མི་གྲངས་ཉུང་ཤོས་དེའི་ཁྱབ་ཁུངས་ལས་བརྒལ་མི་ནུས་པའི་སྐད་ཡིག་རིག་གཞུང་ཞིག་ཏུ་བསྒྱུར་བཏུབ་ཀྱང་དེར་ཕན་ལས་གནོད་ཆེ་བ་སུ་ཞིག་མི་ཤེས་མོད། ངས་བསམ་ཕྱོགས་ལ་ཐད་སྐྱོན་བྱུང་མེད་ཚེ། དེང་གི་ལ་དྭགས་ཀྱི་མཁས་པར་རློན་པ་མང་པོར་དགོངས་ཚུལ་ལ་བྷོ་དྷེ་ཞེས་བོད་སྐད་ཡིག་ལས་ལོགས་ཀ་ཞིག་དང་། དེ་ནས་ག་ལེར་བོད་ཀྱི་རིག་གཞུང་མ་ཡིན་པའི་ལ་དྭགས་ཀྱི་རིག་གཞུང་ཞིག་གསར་འཛུགས་གནང་འདུན་འདུག་ཨང་སྙམ་པ་བྱུང་། གང་ལྟར་འདིའི་ཐད་ལ་སྐུ་ཉིད་ཀྱི་དགོངས་ཚུལ་གང་ཡོད་དམ།
གཅན་བཟོད་རྒྱམ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།
ལ་དྭགས་པ་སོགས་ཀྱིས་བོད་ཡིག་ལ་བྷོ་ཊི་ཟེར་བ་དང་དེ་རྒྱ་གར་གྱི་རྩ་ཁྲིམས་སུ་བཅུག་རང་དབང་གི་ལོངས་སུ་སྤྱོད་འདོད་པའང་འབྲུག་པའི་རྫོང་ཁ་ཟེར་བའི་ཚུལ་དུ་སོང་ཡོད་པ་རེད།
གང་ལྟར་ལ་དྭགས་པ་ཁོང་ནམ་ཡང་རང་དག་གཞན་མ་དག་སྨྲ་བ་ཞིག་འདུག་ན། འདི་ལ་སུས་ཀྱང་ཁ་ཡ་བྱེད་དགོས་དོན་མེད།
གོང་དུ་དྷི་ལྷ་ལྡན་ལགས་ཀྱི་དངོས་གནས་ཡིད་སེམས་འགུལ་བའི་ཕྱག་རྩོམ་ཞིག་གནང་འདུག
ད་ང་ཚོས་ཅི་ཞིག་བྱེད་དགོས་པའི་དུས་ས་བབ་ནས་འདུག
བོད་པ་རང་རང་གིས་ཤུགས་རྒྱག་རྒྱུ་གལ་ཆེ་བར་མཐོང་།
ལ་དྭགས་པ་དང་འབྲུག་པ་འདི་དག་གིས་བོད་པ་དག་ལས་ཁེ་འདོད་པ་ང་ཚོར་གཅེས་པ་ནི་ཁྱོན་ནས་མ་ཡིན་ནོ།།
གང་ལྟར།
གཡག་ལ་གཅེས་པ་མ་ཡིན་པར་ཁྲག་ལ་གཅེས་རེད།
ཚིག་གཅིག་ཏུ་བརྗོད་ན། ཁོང་ཅག་ཇོ་ལེ་ཇོ་ལེ་ཟེར་བའི་རང་འདོད་ཚ་བ་ཡོད་རེད།
འདི་ནི་སེམས་གཏམ་ཡིན
བློ་བཟང་འཇམ་དཔལ་གྱིས་ཡག་པོ་བྲིས་འདུག བདེན་པ་རེད།
བོད་དང་ལ་དྭགས། གར་ཞྭ། སྤི་ཏི། ཁུ་ནུ། འབྲས་ལྗོངས། མོན་དང་། འབྲུག་པ། ཤར་པ། མུ་ཁུམ་པ། རྟ་མང་། ཡོལ་མོ། གཉེ་ཤང་སོགས་ནི། ཆབ་སྲིད་ཀྱི་དགོས་མཁོ་ཁ་ཁག་ཡིན་ན་ཡང་།
བོད་བརྒྱུད་བརྗོད་བྱ་ནང་བསྟན་ལ་དད་མོས་པ་ཡིན་པ་གཅིག་མཚུངས་དང་། ནང་བསྟན་དེ་ཡི་རྗོད་བྱེད་བོད་སྐད་ཡིན་པ་གཅིག་མཚུངས་ཡིན་པ་ལྟར་ཚང་མས་འཁུར་མཉམ་འཁྱེར་གྱིས་བོད་དོན་ལ་ཕན་འདོག་མ་ཐུབ་ན་ཡང་།
བོད་ཀྱི་སྐད་ཡིག བོད་ཀྱི་ནང་ཆོས། བོད་ཀྱི་རིགས་གཞུང་ལ་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ལ་འབད་དགོས་འདུག་ལགས། བོད་རིགས་གཅིག་སྒྲིལ་དང་བོད་རིགས་སྤྱི་སྐད་ཕྱོགས་ཀུན་དང་། དུས་ཀུན་ཏུ་གནས་འགྱུར་ཅིག །བོད་རིགས་རྒྱལ་ལོ། །
གཅན་བཟོད་རྒྱམ་ལེགས། ཁྱེད་ཀྱིས་གསུངས་པ་ལ་ངའི་ངོས་ནས་བརྒྱ་ཆ་ཐམ་པ་རྒྱབ་སྐྱོར་ཡོད། བོད་ཡིག་ཅེས་པར་ཡ་ཡིག་མེད་པར་སོང་། ཨི་རྐྱང་པ་ལུས་པ་ན། ཨི་ཡིག་དེ། བོད། ཅེས་པའི་རྗེས་འཇུག་ཏུ་ཞུགས་ཏེ། བོ་དིག ཅེས་ཆགས་པ་ན། བོ་དཧི། རྒྱ་གར་པ་ཞིག་གིས་གཞི་བཙུགས་པ་ཡིན་བསམ། ངས་བོ་དཧི་ཞེས་མ་དག་པ་ཡིན། དག་པར་བྱས་ཏེ། བོད་ཡིག། bod yigཅེ་ས་ཡང་ཡང་འབྲི་བ་ཡོད། དིང་སང་རི་བོ་གངས་ཅན་ལོགས་སུ་གནས་པ། བོད་སྐད་སྨྲ་བ་ཀུན་གྱིས་བཧོ་ཊི་ཡ་ (བོད་ཀྱི་) མིང་བཏགས་ནས། རྒྱ་གར་གཞུང་ནས་སྐད་ཡིག་དེ་ལ་ངོས་ལེན་སྤྲོད་དགོས་པར་འབད་པ་བྱེད་པ་ཐོས། ངོས་ལེན་འབྱུང་ན་ཁེ་བཟང་གང་ཡོད་མ་ཤེས། མིང་གི་གསལ་བྱེད་མེད་པར་ཕྱིན་ཏེ། གསལ་བྱེད་དེའི་དབྱངས་ཡིག་དེ། གོང་གི་རྗེས་འཇུག་ལ་ཞུགས་ཏེ། མིང་གཞི་དང་རྗེས་འཇུག་སོ་སོར་གཏོང་བ། རྒྱལ་ཁབ་གཉིས་འཐབ་སྟེ། གཅིག་གི་ལུང་པར་ཞུགས་ཏེ། ལུང་པ་དེ་རྒྱལ་ཁབ་དེ་ནས་སོ་སོར་འབྱེད་པ་ལྟ་བུ་འདུག བོད་སྤྱི་ལ་ཁྱབ་པའི་ཚིག་ཅིག་ལ་དཔེར་བཀོད་ན། རིལ་བུ། ཞེས་པར་བ་ཡིག་མེད་པར་སོང་། ཨུ་ཡིག་ལུས་པ་དེ། རིལ་གྱི་རྗེས་འཇུག་ལ་ཞུགས་ཏེ། རི་ལུ། ཞེས་ལོ་བརྒྱ་ཕྲག་སྔོན་ནས་བྱུང་བར་མངོན། དེ་བཞིན་ལ་དྭགས་པས་འབྲེལ་སྒྲ་དང་བྱེད་སྒྲ་ལ། ཨི་དང་ཨིས་འདོན་པ། རྗེས་འཇུག་ས་ལ་བདག་སྒྲ་ཆོས་ཀྱི་ཞེས་པར་་ཆོ་སི་དང་། བྱེད་སྒྲ་་ཆོས་ཀྱིས་ཞེས་པར་ཆོ་སིས་ཞེས་ཁ་སྐད་ལ་འདོན་པ་ཡོད་ཀྱང་། སྒྲའི་འགྲོ་སྟངས་ལ་ལེགས་པར་མ་མ་ཉན་་པ་དག་གིས་ཆོས་སི་དང་། ཆོས་སིས་ཞེས་པའི་ལ་དྭགས་མེ་ལོང་ཞེས་པའི་དུས་དེབ་ཅིག་བཏོན་པ་ལ་ལ་དྭགས་པ་བོད་སྤྱིའི་སྐད་ལ་གཅེས་པ་དག་གིས་དེ་འདྲ་འབྲི་ན་བཀའ་འགྱུར་སོགས་ཀྱི་སྐད་བཟང་པོ་དེ་རང་རེའི་ཕྱི་རབས་པ་ཀུན་གྱིས་མི་གོ་བའི་རྐྱེན་དུ་འགྱུར་བ་འདུག་ཅེས་སྐད་རྒྱབ་སོང་། དེ་དུས་བདག་གིས་ལ་དྭགས་ལུང་པ་ཆུང་ཆུང་ཞིག་དེ་ལྟར་བཀག་འགོག་གིས་གར་ཡང་མི་སླེབས། སོ་སོའི་ལུང་སྐད་གཙོ་བར་བྱེད་པའི་འབྲི་མཁན་གཞན་པ་དག་ལ་ཞུ་བ་འཐེན་དགོས་ཞེས་བཤད་ཀྱང་། ད་བར་དམིགས་བསལ་བྱེད་མཁན་ཞིག་བྱུང་མེད། དེ་ཡང་གསལ་བྱེད་མེད་པར་སོང་སྟེ། བོད་དབུས་དང་ཤར་ཕྱོགས་མདོ་སྨད་སོགས་སུ་ཡང་ཚིག་མང་དུ་མཐོང་སྟེ། དབུས་གཙང་དུ་ཕོར་པ་ལ་ཕོ་ར་དང་། དེ་ནས་ལ། ཨེ་ནས་དང་། མདོ་སྨད་པས། བོད་ལ་ཨོད། ཅེས་འབོད་པར་མཐོང་།
ལོ་སྔོན་མ་ལ་དྭགས་གནུབས་རྭ་རུ། རྒྱལ་བ་གོང་ས་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེས་དབུས་གཙོས་མི་མངས་སྟོང་ཕྲག་གི་འདུན་སར་གྲྭ་པ་དཔེ་ཆ་གཟིགས་མཁན་རྣམས་ཀྱིས་བགྲོ་གླེང་སྐབས་སུ་སོ་སོས་བསམ་ཆར་བཤད་ཆོག་པས། བདག་གིས་ཡི་གེ་དག་པོ་འབྱུང་བ་ལ་གནའ་བོའི་ཡི་གེ་ཀློག་ཚུལ་རྗེ་བ་ཙུན་བསོད་ནམས་རྩེ་མོས་གསུངས་པ་བཞིན་ཚིག་གི་སྔོན་འཇུག་རྗེས་འཇུག་མགོ་ཅན་སོགས་སྒྲ་འཐོན་པར་བྱས་ཏེ། ཀློག་དགོས་ཚུལ་ཞུས་པ་ན། གོང་ས་མཆོག་གིས་རི་རྫོང་རིན་པོ་ཆེར་ ཡི་གེ་འབྲི་ན་དག་པོ་དགོས། དག་པོ་མེད་ན་མ་འབྲི་ན་ལེགས་པ་ཡིན། ཞེས་གསུངས་པ་དེ་བདག་ལ་རི་རྫོང་རིན་པོ་ཆེ་ནས་ཐོས། ཁྱེད་ཀྱི་དགོངས་ཚུལ་དེ་བོད་སྤྱིའི་སྐད་ཀྱི་དོན་ལ་ཡིན་པས། བློ་གཟུ་བོར་གནས་པ་སུ་ཞིག་གིས་འགོང་བར་ནུས། ཁྱེད་དེ་ལྟར་དགོངས་པ་བཞིན་དུ་གཞན་བོད་རིག་གཞུང་སྐད་ལ་གཅེས་པ་རྣམས་ཀྱིས་མཛད་དགོས་སོ།།
དབུས་གཙང་དུ་ཕོར་བ་ལ་ཕོར་བ་རང་དང་།
མདོ་སྨད་པ་བོད་ལ་བོད་རང་ཀློག་པ་རེད།
ཁྱོད་ལ་དེ་ལྟར་སྣང་བ་ནི་གཤིན་རྗེའི་ལས་མཁན་གྱིས་ཁྱོདལ་བརྡ་གཏོང་རན་པ་པ་ཉེ་བའི་རྟགས་སུ་ཤར་བ་སྟེ།
མིག་གི་དབང་པོ་དང་། རྣ་བའི་དབང་པོ་སོགས་ཉམས་པས་གང་ཞིག་ལ་འགྲོ་བར་ཐག་མི་རིང་བ་འབའ་ཞིག་སྟོན་པའོ།།
བོད་ཡིག་གནའ་བོའི་ཀློག་སྟངས་དེ་ལ་དྭགས་པས་ཀློག་སྟངས་དེ་མ་རེད། སྐད་ཡིག་ལ་འགྱུར་བ་མེད་པའང་མ་རེད། དེ་རྟག་བརྟན་ཐེར་ཟུག་ཅིག་ཁྱོན་ནས་ཡིན་སྲིད་ཀྱི་མ་རེད།
ལ་དྭངས་པས་ཆོས་སི་ལ་སོགས་ཀློག་པ་དང་། བསྟན་འཛིན་ལ་སི་ཏན་འཛིན་སོགས་ཀློག་པ་ནི། ཀློག་ཉེས་པ་ཉག་གཅིག་སྟེ། ཟློག་པ་དང་བསྟན་པ་སོགས་ལ་ཅིའི་ཕྱིར་ཟི་ལོག་པ་དང་། སི་ཏ་ན་པ་ཅིའི་ཕྱིར་མི་ཀློག་པ་ཡིན།
དག་པར་མོག་མཇུག་སོགས་ཀློག་པ་ཞེས་པའང་ཁ་གཡོར་ས་ཉག་གཅིག་སྟེ། ཡི་གེ་འགའ་ཞིག་ཙམ་དེ་ལྟར་ཀློག་པ་ལས། ཡི་གེ་བརྒྱ་ཆའི་དགུ་བཅུ་གོ་དགུ་དེ་ལྟར་མི་ཀློག་པའི་ཕྱིར།
དེ་བས་ལབ་བརྡོལ་མ་མང་ན་ལེགས། ལ་དྭགས་པ་ལགས།
དྲ་གྲོགས་ཚོས་སྐད་ཡིག་སྐོར་དེ་རེ་ཞིག་བཞག་ནས་ངྷི་ལྷ་ལྡན་གྱི་རྩོམ་ཡིག་ལ་དགོངས་ཚུལ་མང་ཙམ་དང་ལྷག་པར་ལས་འགུལ་ཅི་འདྲ་ཞིག་སྤེལ་འོས་མིན་སྐོར་ལ་བསམ་ཚུལ་དང་ལམ་སྟོན་འདྲ་གང་ཡོད་ཐུགས་ལ་བཏགས་པར་འཚལ།
༡༨༽ གཡུ་མཚོ་ལེགས། ཁྱེད་ཀྱིས་
༡༨༽ གཡུ་མཚོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༩ གི་ཆུ་ཚོད་ ༧ སྐར་མ་ ༡༤
གཅན་བཟོད་རྒྱམ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འདི་བདེན་པ་ཡིན་ངེས། ཡིན་ན།
ཡང་ཁོང་ཚོས་༼བྷོ་དྷེ་༽ནང་དུ་རྩོམ་ཡིག་བྲིས་པ་དག་ལ་ལ་དྭགས་ཀྱི་ཁ སྐད་དམ་ཡུལ་སྐད་མང་པོ་ཞིག་ནང་དུ་བྲིས་འདུག་པ་མ་ཟད། ༼ངེད་བོད་ཡིག་ནང་དུ་༽འབྲི་སྲོལ་མེད་པའང་མང་པོ་ཞིག་འདུག་མོད། དེ་དག་ནི་དེང་སྐབས་བོད་ཕྱི་ནང་གཉིས་སུ་མདོ་དབུས་ཁམས་གསུམ་གྱི་རྩོམ་འབྲི་བ་ཚོས་རང་སོ་སོའི་ཡུལ་སྐད་མང་པོ་ཞིག་བྲིས་དང་འབྲི་བཞིན་པ་དང་༼ལྷག་པར་དུ་ཨ་མདོའི་སྔན་ངག་འབྲི་མཁན་ཚོ་མང་དུ་བྲིས་ཡོང་གི་༽གཅིག་མཚུངས་སུ་སྣང་ལ། མ་ཟད། ཅེས་པའི་བརྗོད་པ་འདི་དག་སུ་གོ་དགོས་པ་འདུག འདི་དག་ལ་དྭགས་པ་བརྗོད་འདུག་གམ།
ལ་དྭགས་ཡུལ་ས་རྒྱ་ཆེ་རུང་མི་གྲངས་ཤིན་ཏུ་ནས་ཉུང་བ་ཞིག་ཡིན། དེ་དག་གིས་མང་པོ་ཞིག་འགའ་ཞིག་བོད་སྤྱིའི་རིག་གཞུང་ལ་ཞབས་འདེགས་ཕྲན་བུ་ཕུལ་པའི་འབྲས་བུར་བདག་ཅག་གི་རྩ་བའི་བླ་མ་མཆོག་ཀྱང་ཐུགས་མཉེས་ཏེ། དཧ་ས་སོགས་སུ་ལ་དྭགས་མི་མང་གིས་བོད་རིག་གཞུང་ལ་ཞབས་འདེགས་ཞུ་བ་བཞིན་གཞན་དག་གིས་ཀྱང་ཞུ་དགོས་ཞེས་ཡང་ཡང་གསུངས་པ་གོ་ཐོས་ཡོད། ད་ལོ་རྒྱལ་བ་ཀ་རྨ་པའི་སྐོར་ལ་རྙོག་དྲ་བྱུང་དུས། ལ་དྭགས་མི་མང་གིས་རང་གི་ནུས་ཚད་ཀྱིས་ཞབས་འདེགས་ཞུ་ཚུལ་ལ་དྭགས་ཀྱི་གསར་ཤོག་འདི་ན་ལ་གསལ་བ་ལྟོས།
ལ་དྭགས་གསར་འགྱུར།
སྤྱི་ལོ་ 2011 ཟླ་ 2 ཚེས་ 2 ཉིན། ལ་དྭགས་ནང་ཚོགས་དང་དགོན་ཚོགས་གཉིས་ཟུང་འབྲེལ་གྱིས། གྲལ་བསྒྲིགས་བྱས་སྐྱབས་རྗེ་རྟོགས་ལྡན་རིན་པོ་ཆེའི་དབུ་བཞུགས་ཀྱིས། རྒྱལ་བ་ཀ་རྨ་པ་རིནཔོ་ཆེ་མཆོག་གི་རྒྱབ་སྐྱོར་དུ། མི་མང་གི་ཁྲོམ་སྐོར་ཆེན་པོ་ཞིག། ཇོ་བོའི་གཙུག་ལག་ཁང་ནས་བཏོན་ཏེ། དེ་ཡི་སྐབས་རབས་ནང་ད་བར་མ་འཛོམས་པའི་མི་མང་ཧ་ཅང་མང་པོ་ཞིག་འཛོམས་ཡོད་ཅིང་། མི་མང་རྣམས་ཀྱི་མིག་ནང་དད་པའི་མིག་ཆུ་དང་། སེམས་ནང་ངར་ཤུགས་ཆེན་པོ་ཡོད་པར་མངོན་ཞིང་། ་ ་ ་ དུས་གསུམ་མཁྱེན་པ་རྒྱལ་བ་ཀ་རྨ་པ་མཆོག་ནི། འཛམ་གླིང་ནང་པ་ཡོངས་ཀྱི་བླ་ཆེན་བླ་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་ཅིང་། ཁོང་ལ་རྒྱ་ནག་པ་དང་འབྲེལ་ཡོད་སྲིད་པ་ཡིན་ཞེས་པའི་སྙད་བཏགས་གཏོང་བ་ནི་ཆེས་མི་འོས་པ་ཞིག་ཡིན་པས། དེས་སྤྱིར་འཛམ་གླིང་ཡོངས་ཀྱི་ནང་པའི་མི་མང་དང་དམིགས་བསལ་གྱིས་ཤར་ཨ་རུ་ཎ་ཅལ་ནས། ནུབ་ལ་དྭགས་བར་ཧི་མ་ལ་ཡ་ཡི་ལྗོངས་ཁག་གི་ནང་པའི་མི་མང་ཡོངས་ལ་ཁོང་ཁྲོ་ཆེན་པོ་བྱུང་བ་ཡིན་ནོ།།རྒྱས་པར་ཤེས་འདོད་དག་གིས་གོང་གསལ་ལ་དྭགས་གསར་འགྱུར་ལ་གཟིགས།
བདག་ཅག་རྩ་བའི་བླ་མ་མཆོག་ཀྱང་། དུས་ཚོད་ཡོད་སྐབས་ལ་དྭགས་ཡུལ་ཆུང་སྟོབས་ཆུང་ལ་སྤྱན་གཟིགས་ཀྱང་ཡང་ཡང་བྱོན་མི་མང་ལ་ཆོས་ཀྱི་བྱིན་རླབས་སྩལ་དང་སྩོལ་བཞིན་པ་ཡིན། དེ་བཞིན་རྒྱལ་བ་ཀ་རྨ་པ་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁག་བྱོན་དང་འབྱོན་བཞིན་པ་ལ་གཡུ་མཚོ་ཁྱོད་ཕྲག་དོག་གི་ཁུང་བུར་མ་ཤོར་ཅིག་སྨོན།
ཁྱོད་ཀྱིས་རྗེ་བཙུན་བསོད་ནམས་རྩེ་མོས་མཛད་པའི་བྱིས་པ་བདེ་བླག་ཏུ་འཇུག་པའི་ཡི་གེ་ཀློག་ཐབས། ཞེས་པ་མཐོང་མྱོང་ངམ། མཐོང་མེད་ན་ཁོ་བོ་ལྷན་ཅིག་གཏམ་སྨྲ་བ་དོན་མེད་ཡིན། ཁོ་བོས་དག་ཆ་འདི་དང་འདི་དགོས་ཞེས་པའི་ཡུན་རིང་བཀའ་བསྟན་གསུང་འབུམ་སོགས་ཀྱི་དག་ཆ་དག་གཞིར་བཟུང་ནས་བྲིས་དང་འབྲི་བཞིན་པ་ཡིན་གྱི། རང་བཟོ་བྱས་པ་ཞིག་མ་ཡིན། ད་ལྟ་ང་ལ་དུས་ཀྱིས་མི་ལྡང་། འཕྱམ་འཕྱམ་ལ་འགྲོ་རན་སོང་། མཇུག་ལ་མཇལ་འོང་། ཁྱོད་ཀྱིས་ཡི་གེ་དག་ཆ་ནོར་བ་འདྲ་མཐོང་ན་འདི་དང་འདི་ནོར་འདུག་ཅེས་སྨྲ་དགོས། ལྷག་པར་གློ་ཀླད་དུ་ཡི་གེ་འཇུག་སྐབས་ཆད་ལྷག་མང་པོ་ཞིག་ཤོར་འོང་གི་འདུག།
ཅེས་པའི་བརྗོད་པ་འདི་དག་སུ་ལ་གོ་དགོས་པ་འདུག འདི་དག་ལ་དྭགས་པ་ལ་བརྗོད་འདུག་གམ། ཞེས་ཀློག་པར་མཛོད། ཞར་དུ་དགེ་ཆོས་ཀྱི་ཚིགས་བཅད་འདི་བྲི་བར་བྱ་སྟེ།
བཅོས་སུ་མེད་ཅིང་བསྒྱུར་རྒྱུ་མེད།
ལོག་པའི་དཔུང་ནི་རྡོ་རྗེ་ཡིན།
གླེན་པ་ལྕགས་ཀྱི་གདོང་ཅན་ལ།
སུ་ཞིག་གིས་ནི་རྒོལ་བར་ནུས།། དེབ་ ༢ ཤོག་ ༡༦༡
དྷི་ལྷ་ལྡན་ལགས་ཀྱི་སེམས་གཏམ་དམར་པོ་ཞིག་གླེང་འདུག་པ་ནི་རྒྱ་ནག་དམར་གཞུང་གི་མེ་མདའི་འོག་ནས་བྲིས་པ་ཞིག་ཡིན་དུས། དེའི་རིན་ཐང་གཞན་ན་མེད་པ་ཞིག་ཡིན་པས་ང་ཚོས་སྣང་མེད་དུ་མི་གཏོང་བར་སྒྲོག་རྒྱུ་གལ་ཆེན་ཞིག་མ་ཡིན་ནམ།
༢༣༽ གཡུ་མཚོ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༠ གི་ཆུ་ཚོད་ ༣ སྐར་མ་ ༣༡
དབུས་གཙང་དུ་ཕོར་བ་ལ་ཕོར་བ་རང་དང་།
མདོ་སྨད་པ་བོད་ལ་བོད་རང་ཀློག་པ་རེད།
ཁྱོད་ལ་དེ་ལྟར་སྣང་བ་ནི་གཤིན་རྗེའི་ལས་མཁན་གྱིས་ཁྱོདལ་བརྡ་གཏོང་རན་པ་པ་ཉེ་བའི་རྟགས་སུ་ཤར་བ་སྟེ།
མིག་གི་དབང་པོ་དང་། རྣ་བའི་དབང་པོ་སོགས་ཉམས་པས་གང་ཞིག་ལ་འགྲོ་བར་ཐག་མི་རིང་བ་འབའ་ཞིག་སྟོན་པའོ།།
འདི་ལ་བརྗོད་པར་བྱ་སྟེ། ང་ལོ་གྲངས་བརྒྱད་ཅུར་སླེབས་པར་ཉེ་རུང་། བོད་སྤྱིའི་སྐད་དམ་རིག་གཞུང་སྐད་ལ་ཞབས་འདེགས་ད་དུང་ལོ་གཞོན་པ་བཞིན་དུ་ཞུ་དང་ཞུ་བཞིན་པ་བཞིན། སྨན་པར་བརྟག་དཔྱད་བྱས་པས། དབང་པོ་སྐྱོན་མེད་པ་འདུག་ཅེས་སྨྲས་པས། འཆི་བདག་གི་ཡུལ་དུ་ཁྱོད་སྔོན་ལ་འགྲོའམ། ང་སྔོན་ལ་འགྲོ། རང་རེས་རྒྱུན་དུ་འཆི་བ་མི་རྟག་པ་སྒོམ་པ་གལ་ཆེ། ཇི་སྐད་དུ་ཆེད་དུ་བརྗོད་པའི་བརྗོད་པའི་ཚོམས་དང་པོ་ན།
སྔ་དྲོ་སྐྱེ་བོ་མང་མཐོང་བ།
ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར།
ཕྱི་དྲོ་སྐྱེ་བོ་མང་མཐོང་བ།
སྔ་དྲོ་ཁ་ཅིག་མཐོང་མི་འགྱུར།། ༧ །།
སྐྱེས་པ་བུད་མེད་མང་པོ་དང༌།
དར་ལ་བབ་པའང་འཆི་འགྱུར་ན།
དེ་ལ་མི་འདི་གཞོན་ཞེས་ཏེ།
གསོན་པའི་གདེང་དྲོད་ཅི་ཞིག་ཡོད།། ༨ །
ངའི་འདོད་པ་ལྟར་ན་ཁྱོད་ཀྱི་རྣ་བའི་དབང་པོར་སྐྱོན་ཡོད་པས། དབུས་གཙང་སོགས་ཀྱི་སྐྱེ་བོས། བོད། ཅེས་འདོན་པ་དང་། མདོ་སྨད་པའི་སྐྱེ་བོས། བོད། ཅེས་འདོན་པ་ལ་མི་འདྲ་བ་མེད་པར་ཁྱོད་ཀྱིས་མཐོང་བ་ན། ད་དུང་ཁྱེད་ཀྱིས་བོད་ཀྱི་ཡི་གེ་སྐྱེ་གནས་ལ་སྦྱང་དགོས་པར་མཐོང་། གལ་ཏེ་ཁྱོད་ཀྱིས་བོད་ཀྱི་ཡི་གེ་དག་གི་སྐྱེ་གནས་དག་ལ་ད་བར་དུ་སྦྱང་མེད་ཚེ། ཧོར་ཡུལ་དུ་སྐུ་འཁྲུངས་ཤིང་། བོད་སྐད་རིག་གནས་ལ་ལེགས་པར་སྦྱངས། རང་ཅག་བོད་ཀྱི་རིག་གཞུང་སྐད་ལ་ཉེ་བར་མཁོ་བའི་བསྟན་བཅོས་མང་དུ་བརྩམས་པའི་ནང་ན་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ན། བོད་ཀྱི་ཡི་གེ་རྣམས་ཀྱི་སྐྱེ་གནས་ལེགས་པར་གཏན་ལ་ཕབ་ཡོད་པ་ལ་སྦྱངས་པ་ལེགས་ན། དབུས་གཙང་སོགས་ཀྱིས་བོད་ཅེས་འབོད་ཚུལ་དང་། མདོ་སྨད་པས་བོད་ཅེས་པའི་འབོད་ཚུལ་གྱིས་སྒྲ་ལ་ཁྱད་པར་ཡོད་པ་ཤེས་པར་འགྱུར་རོ།།