སྒང་ནེ་ཡེ་ཤེས་འཇིགས་མེད།
གཅིག ཐོག་མའི་གླེང་སློང༌།
དེ་ཡང་ཡངས་ཤིང་རྒྱ་ཆེ་ལ་མུ་མཐའ་མེད་པའི་ཤར་གླིང་ཨེ་ཤཡའི་གཙུག་རྒྱན། སྙན་གྲགས་ཀྱི་མེ་ལྕེ་སུམ་རྩེན་གྱི་ཡུལ་དུའང་མཆེད་ཅིང༌། ངོ་མཚར་བའི་གངས་རིའི་མུ་མཁྱུད་ཀྱིས་ཡོངས་སུ་སྐོར་བའི་བསིལ་ལྡན་གངས་ཅན་གྱི་བོད་ཅེས་བྱ་བ་འདི་ནི་མི་ལོ་ཆིག་སྟོང་ལྷག་གི་ཡ་སྔོན་ནས་དགྲ་འདུལ་ཞིང་གཉེན་སྐྱོང་བའི་ཆབ་སྲིད་ཀྱི་བྱ་གཞག་དང༌། ཁྱིམ་མཚེས་མི་རིགས་གཞན་གྱི་རིག་གཞུང་གི་ལེགས་ཆ་གང་ཡོད་འཛེམས་ཟོན་མེད་པར་དགོས་མཁོ་ལ་གཞིགས་ནས། ནང་འདྲེན་བྱ་རྒྱུའི་གཞི་རིམ་གྱི་གཤིས་ཀ་ཡོད་པའི་མི་རིགས་ཤིག་ཡིན་སྟབས། ད་ཆ་འཛམ་གླིང་ཁྱོན་ཡོངས་ཀྱི་ཆ་ནས་བཤད་ན་བོད་མིའི་མི་འབོར་གྱི་གྲངས་ཚད་དང༌། བཀའ་བསྟན་གྱི་འགྱུར་གྲངས་སོགས་གང་གི་ཐད་ནས་ཀྱང༌། འདི་ལྟར་ལེགས་བྱང་ཕྱུག་པོ་ཡོད་པ་ནི་ཕལ་ཆེར་དཀོན་པོ་ཡིན། སྤྱིར་བཏང་འགྲོ་བ་མིའི་གཞི་རིམ་གྱི་དགོས་མཁོར་འགྱུར་པའི་རིག་པའི་གཞུང་ལུགས་ཐམས་ཅད་འཇིག་རྟེན་མི་སྡེ་སྤྱི་ཡོངས་ཀྱིས་ལོངས་སུ་སྤྱོད་པའི་ཐུན་མོང་གི་རིག་གནས་ཤིག་ཡིན་ཀྱང༌། དེ་དག་ཡུལ་ལུང་སོ་སོའི་གནས་བབ་ལ་གཞིགས་ནས་བཀོལ་སྤྱོད་བྱེད་ཚུལ་ཅུང་ཟད་མི་འདྲ་བ་སྣང་བ་ཙམ་ལས། གཞི་རྩའི་ཆ་ནས་འཚོ་བའི་དགོས་མཁོར་གྱུར་པ་གཅིག་པ་ཡིན། བོད་སྐད་དུ་བཞུགས་པའི་ནང་པ་སངས་རྒྱས་པའི་བཀའ་དང༌། བསྟན་བཅོས་ཀྱིས་མཚོན་རིག་པའི་གཞུང་ལུགས་མང་ཆེ་བ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཡིན་ཅིང༌། དེ་ཡང་བོད་རྗེ་སྲོང་བཙན་སྒམ་པོའི་ཆོས་བློན་སློབ་དཔོན་ཐུ་མི་སམ་བྷོ་ཊ་རྒྱ་གར་དུ་ཡི་གེ་སློབ་པར་གཏོང་སྐབས། རྒྱ་གར་ནི་ཆོས་ལུགས་དང༌། སྐད་ཡིག རིག་པའི་རྣམ་གཞག་བཅས་མི་འདྲ་དུ་མ་ཡོད་པའི་རིག་གཞུང་གི་རྒྱ་མཚོ་ཆེན་པོ་ཞིག་ཡིན་ཀྱང༌། ཐོན་མིས་རྒྱ་མཚོ་ལས་ནོར་བུ་བླངས་པ་བཞིན་བོད་ཀྱི་ཡི་གེའི་མ་ཕྱི་གཙོ་བོ་ནཱགརའི་ཡི་གེ་འབའ་ཞིག་ལ་ཁུངས་གཏུགས་གཞི་བཅོལ་གནང་བ་མ་ཟད། དགོས་དབང་གིས་འཕྲི་སྣོན་སོགས་མཛད་དེ། སྒྲའི་རྣམ་གཞག་སྟོན་པའི་གཞུང་ལུགས་དང་བཅས་པ་གསར་དུ་མཛད་ནས་གཏན་ལ་ཕབ་པ་དེ་ནི། བོད་ཀྱི་ཆོས་ཆབ་རིག་ནོར་དང་བཅས་པའི་རིག་གནས་ཀྱི་སྒོ་མོ་ཡོངས་སུ་ཕྱེ་བའི་གསེར་གྱི་ལྡེའུ་མིག་ལྷད་མེད་པ་ཞིག་རེད། ད་ཆ་འཛམ་གླིང་ཐོག་གི་བློ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་སྐོམ་པས་ཆུ་དང༌། ལྟོགས་པས་ཟས་བཞིན་དོན་གཉེར་བྱེད་བཞིན་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདིའི་ཐེག་པ་གསུམ་དང༌། རྒྱུད་སྡེ་བཞིས་བསྡུས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཆ་ཚང་ལ་ཕྱིན་ཅི་མ་ལོག་པར་སྟོན་ཐུབ་པའི་རང་རེའི་བོད་ཀྱི་དབྱངས་གསལ་སོ་བཞིའི་བདག་ཉིད་དུ་གྱུར་པའི་སྐད་ཡིག་འདི་ཉིད་ལ་གནས་པ་དེ་ནི། སྔོན་གྱི་ཆོས་རྒྱལ་ལོ་པཎ་དག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། སྟོན་པ་ཐུབ་པའི་དབང་པོའི་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་གི་ཚིག་དོན་ཟུར་ཙམ་ཡང་མ་ཉམས་པར། རང་རེའི་སྐད་ཡིག་འདིའི་ནང་དུ་འཚོ་སྐྱོང་བྱེད་ཐུབ་པ་བྱུང་བ་ནི། བོད་མིས་ཁམས་གསུམ་འགྲོ་བ་ཡོངས་ལ་ཕུལ་བའི་རྣམ་དཀར་གྱི་ལེགས་སྐྱེས་རྨད་དུ་བྱུང་བ་ཞིག་ཡིན།
གཉིས་པ། བོད་འགྱུར་གྱི་ཐོག་མའི་བྱུང་རིམ།
བོད་ཀྱི་ལོ་རྒྱུས་ཡིག་ཆ་འགའ་ཞིག་ཏུ་བོད་རྗེ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་དམ་པའི་ཆོས་དབུ་བརྙེས་པ་དང༌། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་སློབ་དཔོན་ཐུ་མི་སམ་བྷོ་ཊས་མདོ་སྡེ་ཟ་མ་ཏོག་དང༌། མདོ་སྡེ་དཔང་སྐོང་ཕྱག་བརྒྱ་མ། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བཅས་ལེགས་སྦྱར་ལས་བོད་སྐད་དུ་བསྒྱུར་ནས་དམ་པའི་ཆོས་ཡོངས་སུ་དར་བར་བཤད་པ་དག་ནི་སྔ་རབས་བོད་མིའི་བཤད་རྒྱུན་ཙམ་ལས་བསྟན་བཅོས་དེ་དག་འགའ་ཞིག་ནི་ལོ་རྒྱུས་ཀྱི་དེབ་ཐེར་ཁག་ཏུ་མིང་ཙམ་ལས་ད་ཆ་བོད་ཀྱི་བཀའ་བསྟན་གྱི་ཁྲོད་དུ་མེད་པ་དང་ཡོད་པ་དེ་དག་གི་བསྒྱུར་བྱང་དུ་ཡང་སྐ‐ཅོག་ཞང་གསུམ་སོགས། ལོ་ཙཱ་བ་གཞན་དང་གཞན་གྱི་མཚན་འཁོད་པ་སོགས་ལ་གཞིགས་ན་ཐུ་མིས་དེ་དག་གི་མཚན་ཙམ་བསྒྱུར་ན་མ་གཏོགས་བསྟན་བཅོས་ཆ་ཚང་བ་བསྒྱུར་མེད་པར་ངེས་ཏེ། བྱབྱདཔེ་ཆ་དེ་དག་ནི་ཇོ་བོ་བཀའ་གདམས་པའི་དུས་ཀྱི་དཔེ་ཆ་ཤ་སྟག་ཡིན་ངེས་པ་ཚིག་སྦྱོར་ལ་ཀུན་གྱིས་དཔྱད་པ་མཛད་ན་མཁྱེན་ངེས་བྱབྱ ཞེས་ཀྱང་གསུང་མཁན་ཡོད། འོན་ཀྱང་མདོ་སྡེ་དཔང་སྐོང་ཕྱག་བརྒྱ་མའི་འགྱུར་བྱང་དུ་ཐུ་མིའི་དངོས་མཚན་འཁོད་འདུག་པས། དེ་ནི་དཔྱད་པ་བྱ་ཡུལ་ཞིག་ཡིན། ཅི་སྟེ་ཐུ་མི་རང་གིས་བསྒྱུར་བ་ཡིན་ན། དེ་ནི་བོད་འགྱུར་གྱི་ཐོག་མ་ཡིན་ལ། ནང་པ་སངས་རྒྱས་པའི་མིང་ཚིག་གྲགས་ཆེ་བ་ཕལ་ཆེར་ཐུ་མི་རང་གིས་རྣམ་དཔྱོད་ལ་བརྟེན་ནས་གང་ལ་གང་དགོས་དེ་ལ་དེ་བཞིན་དུ་བསྒྱུར་གནང་མཛད་འདུག་པས། ཐུ་མི་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་ལོ་ཙཱ་བ་ཐོག་མ་དེ་ཡིན་ལ་རྩོམ་པ་པོ་ཐོག་མ་དེ་ཡང་ཡིན། དེ་ལྟར་བྱབྱབོད་གངས་ཅན་གྱི་ལྗོངས་སུ་བདག་ཅན་རྣམས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་སློབ་དཔོན་ཐུ་མི་སམ་བྷོ་ཊས་ཡིག་སྒྱུར་གྱི་སྲོལ་ཐོག་མར་བཏོད་པ་ནས་བཟུང༌། མཚན་སྙན་འབྲུག་ལྟར་ལྡིར་བའི་ལོ་ཙཱ་བ་གྲངས་ལས་འདས་པས་ྋརྒྱལ་བའི་བཀའ་དང་བསྟན་བཅོས་བོད་སྐད་དུ་བསྒྱུར་ཅིང་ཕྱི་ནང་རིག་པའི་གནས་ཀུན་བོད་ཡུལ་དུ་དར་ཞིང་རྒྱས་པར་བྱས་ཡོད།བྱབྱ ཞེས་པ་ལྟར། བོད་གངས་ཅན་གྱི་རྗེ་མཆོག་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ། ཡིག་སྒྱུར་ཇི་ལྟར་བྱེད་ཚུལ་གྱི་རིག་པའི་གཞུང་ལུགས་༼སྒྲ་སྦྱོར་བམ་གཉིས་༽ གཏན་ལ་ཕབ་ནས་ཡིག་སྒྱུར་གྱི་བྱ་གཞག་ཆེ་ཕྲ་མཐའ་དག་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། མཁས་པའི་དགའ་སྟོན་དུ་བཀོད་པའི་སྦ་བཞེད་ཆེ་བ་ལས་ལུག་གི་ལོ་ཕྱི་ཟླ་ར་བའི་ངོ་ལ་སློབ་དཔོན་གྱིས་ཐམས་ཅད་ཡོད་སྨྲའི་སྡེ་དབུས་པ་བྱེ་བྲག་ཏུ་སྨྲ་བའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ནས་ཞང་བློན་གྱི་བུ་རྣམས་ལ་སློབ་དཔོན་གྱི་རྒྱ་སྐད་བསླབས་པས་་་་་་་་ལོབ་ཅེས་གསལ་བ་ལྟར། བྱབྱལེགས་སྦྱར་གྱི་སྐད་སྦྱོང་རྒྱུ་དང་བཀའ་བསྟན་བསྒྱུར་རྒྱུའི་ཕྱག་ལས་ཀྱང་སད་མི་བདུན་རབ་ཏུ་བྱུང་བ་དང༌། ལོ་གཅིག་པ་ས་མོ་ལུག་ཕྱི་ལོ་ ༧༧༧ ལོ་དེ་རང་ལ་འགོ་ཚུགས་ཡོད།བྱབྱ ཅེས་པ་ལྟར་བོད་ཀྱི་ལོ་རྒྱུས་ཀྱི་ཁྲོད་དུ་མཚན་སྙན་ཉི་ཟླ་ལྟར་གྲགས་པ་ལོ་ཙཱ་བ་རབ་དགུ་སོགས་ལོ་པཎ་བརྒྱ་ཕྲག་མང་པོས་སྐུ་ཚེ་ཧྲིལ་པོར་དཀའ་སྤྱད་འབད་བརྩོན་དང༌། ཆོས་ཀྱི་རྒྱལ་པོ་དག་གིས་བོད་ཀྱི་རིན་ཆེན་དང་པོ་ནས་གཙོས་པའི་རིན་བྲལ་ནོར་རྫས་མཐའ་དག་རིག་གནས་ནང་འདྲེན་གྱི་ཡིག་སྒྱུར་བྱ་བཞག་འབའ་ཞིག་ལ་ཕུལ་ཞིང་རིག་པའི་གཞུང་ལུགས་དང་ལྡན་པའི་ཡིག་སྒྱུར་ཀྱང་དེ་ནས་འགོ་བཙུགས་འདུག་སྙམ།
གསུམ་པ། བོད་ཀྱི་སྔོན་མའི་འགྱུར་ལ་དབྱེ་ཞིབ་ཕྲན་བུ་བྱས་པ།
འཛམ་བུ་གླིང་འདིའི་ཐོག་གི་མི་རིགས་གང་འདྲ་ཞིག་གི་རིག་གནས་ཡིན་ནའང༌། མི་རིགས་སོ་སོའི་མི་མང་གི་འཚོ་བའི་དགོས་མཁོ་དང་འཚམས་ན། ནང་འདྲེན་བྱ་རྒྱུ་དེ་ནི་འགྲོ་བ་མིའི་སྤྱི་ཡོངས་ཀྱི་ལྷན་དུ་སྐྱེས་པའི་གཤིས་ཀ་ཞིག་ཡིན་པས། ད་ཆ་འཛམ་གླིང་ཐོག་གི་རིག་པའི་རྣམ་གཞག་ཕལ་ཆེ་བ་འཇིག་རྟེན་མི་སྡེ་སྤྱི་ཡོངས་ཀྱིས་ཐུན་མོང་དུ་སྤྱོད་པའི་རིག་གནས་ཤ་སྟག་ཏུ་གྱུརད་དང་འགྱུར་བཞིན་པ་ཡིན། འོན་ཀྱང་རིག་གནས་ནང་འདྲེན་བྱས་པའི་སྤྱི་ཡོངས་ལོ་རྒྱུས་ཀྱི་ཆ་ནས་བཤད་ན། མི་ལོ་སྟོང་ཕྲག་ལྷག་གི་ཡ་སྔོན་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་རྣམ་གཞག་གཙོ་བོར་གྱུར་པའི་བོད་སྒྱུར་ཞུས་པའི་རིག་པའི་རྣམ་གཞག་འདི་དག་ནི་བོད་ཀྱི་མི་འབོར་དང༌། སྒྱུར་བའི་དུས་ཡུན། ཕབ་སྒྱུར་གྱི་སྤུས་ཚད། ཕབ་བསྒྱུར་ཞུས་པའི་གྲངས་ཚད་བཅས་ཕྱོགས་གང་ཅིའི་ཐད་ནས་འཛམ་གླིང་མི་རིགས་གཞན་ལས་ཆེས་འབུར་དུ་ཐོན་ཅིང༌། ཀུན་གྱིས་བསྔགས་བརྗོད་བྱ་བའི་ཡུལ་འབའ་ཞིག་ཏུ་གྱུར་ཡོད། དེ་ལྟར་བྱུང་བའི་རྒྱུ་མཚན་ཡང་གཤམ་གྱི་དོན་གནད་འདི་དག་ལ་ཐུག་ཡོད་སྙམ།
༡༽ བོད་ཀྱི་ལོ་ཙཱ་བའི་བློ་གྲོས་དང་རྣམ་དཔྱོད་རྨད་དུ་བྱུང་བས་ཡིག་སྒྱུར་གྱི་བྱ་གཞག་ཕུལ་དུ་བྱུང་བ།
སྤྱིར་བཏང་ལོ་ཙཱ་བ་ཞེས་པ་ནི་སྐད་ཡིག་གཅིག་གི་བརྗོད་དོན་རྣམས་སྐད་ཡིག་གཞན་ཞིག་ཏུ་ཡིག་ངག་གང་རུང་གི་ཐོག་ནས་ཕབ་སྒྱུར་བྱེད་མཁན་ཞིག་ལ་གོ་འཐུས་ཀྱང༌། གངས་ཅན་མཁས་པའི་དང་རྩེ་ཐུ་མི་སམ་བྷོ་ཊས་གཙོས། བོད་ཀྱི་ལོ་ཙཱ་བ་དག་གིས་མི་ལོ་ལྔ་བརྒྱ་ལྷག་གི་ཡིག་སྒྱུར་གྱི་བྱ་གཞག་ཁྲོད་དུ་འགྲན་ཟླ་བྲལ་བའི་བློ་གྲོས་དང༌། རྣམ་དཔྱོད་ལ་བརྟེན་ནས་བསྒྱུར་བྱའི་མ་ཡིག་གི་གཞུང་དོན་དང་དེ་འབྲེལ་རྒྱབ་ལྗོངས་ཀྱི་ཡིག་ཆ་ཁག དེ་བཞིན་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་དང༌། མཛད་པ་པོའི་ལོ་རྒྱུས་སོགས་འབྲེལ་ཡོད་མཐའ་དག་ཁོང་དུ་ཆུད་པའི་སྒོ་ནས་ཕབ་བསྒྱུར་ཞུས་ཡོད་ལ་མ་ཡིག་གི་ཚིག་དོན་གང་གི་ཆ་ལའང་སྐབས་ཐོབ་ཀྱི་གོ་བ་ལེགས་པ་དང་རང་རེའི་བོད་ཀྱི་སྐད་ཡིག་གི་ཉམས་དང་སྒྱུ་རྩལ། གཤིས་ཀ་བཅས་ཀྱི་གནས་ཚད་ཤིན་ཏུ་མཐོ་སྟབས། ད་གཟོད་བོད་ཀྱི་ཡིག་སྒྱུར་འདི་གཞན་ལས་རྨད་དུ་བྱུང་བའི་རྒྱུ་མཚན་གཅིག་ཡིན་ལ། བྱབྱབོད་ནང་ལྟ་གྲུབ་ཀྱི་གཞུང་ལུགས་སློབ་གཉེར་གཏིང་ཟབ་འདི་ལྟར་བྱུང་བ་ནི་ཚད་མ་རིག་པའི་གཞུང་ལུགས་ལ་སྦྱངས་པས་རེད།བྱབྱ ཅེས་གསུངས་པ་བཞིན་འདི་ལྟར་ཡིག་སྒྱུར་ཚད་ལྡན་བྱུང་བ་ནི་ལོ་ཙ་བ་རྣམས་ཀྱིས་མ་ཡིག་གི་ཚིག་དོན་གང་གི་ཆ་ལའང་སྒྲ་ཚད་ཀྱི་འཁྲུལ་བ་བཅད་དེ་བསྲེག་བཅད་བརྡར་བའི་སྒོ་ནས་གཏན་ལ་ཕབ་པས་བོད་འགྱུར་འདི་དག་གི་བརྗོད་བྱ་རྗོད་བྱེད་གང་གི་ཐད་ལ་བལྟས་ནའང་ཇི་འདྲའི་གསོན་ཉམས་ལྡན་པ་ཞིག་རེད་ཨང༌།
༢༽བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཁུངས་བཙན་པས་བོད་བསྒྱུར་སྤུས་ཚད་གཞན་ལས་ལྷག་པ་བྱུང་བ།
བོད་ཀྱི་རིག་གཞུང་གི་ཁྲོད་དུ་བཞུགས་པའི་ནང་པ་སངས་རྒྱས་པའི་བཀའ་དང་བསྟན་བཅོས་ཀྱིས་མཚོན། སྔར་ཡོད་རིག་གནས་ཆེ་ཕྲ་ཕལ་ཆེ་བ་ལེགས་སྦྱར་གྱི་སྐད་ལས་བསྒྱུར་བ་ཡིན་ལ་གང་ལས་བསྒྱུར་བའི་སྐད་དེ་དང༌། གང་དུ་བསྒྱུར་སའི་བོད་ཀྱི་སྐད་ཡིག་འདིའི་དབྱངས་གསལ་དང༌། རྣམ་དབྱེ་སོགས་སྐད་ཡིག་དེ་གཉིས་ཀྱི་དབར་ལ་རང་བཞིན་གྱི་ཁ་ཐག་ཤིན་ཏུ་ཉེ་བའི་འབྲེལ་བ་ལྡན་པ་སྟེ་བྱབྱབོད་སྐད་དུ་བསྒྱུར་བའི་བཀའ་དང་བསྟན་བཅོས་རྣམས་ཀྱི་མིང་དང་ཚིག མིང་ཚིག་དོན་དང་སྦྱར་ཚུལ་གང་གི་ཐད་ནས་ཀྱང་གཞན་ལས་མཆོག་ཏུ་གྱུར་པའི་མིང་གྲགས་དང་ལྡན་པའི་རྒྱུ་མཚན་ནི། བོད་ཡིག་གི་དབྱངས་གསལ་ལེགས་སྦྱར་གྱི་དབྱངས་གསལ་ལ་བརྟེན་ནས་གསར་དུ་བཟོས་པ་དང༌། བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་ཀྱི་རྣམ་གཞག་སྒྲ་གཞུང་ལ་བརྟེན་ནས་བརྩམས་ཏེ། བོད་ཀྱི་སྐད་དང་མཐུན་པར་དར་སྤེལ་བྱས་པའི་གནད་དམ་པ་འདི་ལ་ཐུག་གོ།བྱབྱ ཞེས་དང་བྱབྱདེང་གི་དུས་འདིར་ལེགས་སྦྱར་གྱི་མ་དཔེ་བོར་བརླག་སོང་བ་གང་ཞིག་སླར་ལེགས་སྦྱར་གྱི་སྐད་དུ་བྱིངས་དང༌། ཚིག་ཕྲད་སོགས་ཇི་མ་ཇི་བཞིན་ཚིག་གཅིག་ཀྱང་མ་ནོར་བར་བསྐྱར་གསོའི་གནས་ཚད་དུ་ཡོང་ཐུབ་པ་ནི་་་་་་་བོད་ཡིག་གི་འབྱུང་ཁུངས་ལེགས་སྦྱར་གྱི་དབྱངས་གསལ་ལ་ཐུབ་པ་དེ་ག་ཡིན་ནོ།བྱབྱ ཞེས་གསུངས་པ་ལྟར་སྤྱིར་འཇིག་རྟེན་འདིའི་ཐོག་ཏུ་ཤེས་བྱའི་རྣམ་གཞག་གང་དུ་ཇི་ཙམ་ཡོད་པ་དེ་དག་ཐམས་ཅད་དང༌། ཐ་ན་དེང་དུས་ཚན་རིག་ལག་རྩལ་གྱིས་ཉིན་རེར་བྱ་དངོས་གསར་པ་འབུམ་ཕྲག་མང་པོ་དུས་གཅིག་ཏུ་གསར་གཏོད་བྱེད་བཞིན་ཡོད་པ་དེ་དག་རེ་རེ་ལའང་རང་རེའི་བོད་ཀྱི་དབྱངས་གསལ་སོ་བཞིའི་སྡེབ་སྦྱོར་ལ་བརྟེན་ནས་མིང་དུ་འདོགས་མི་ཐུབ་པ་གཅིག་ཀྱང་མེད་དོ།།
༣༽བོད་ལ་ཐུན་མོང་མ་ཡིན་པའི་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་ཡོད་པས་ཡིག་སྒྱུར་སྤུས་ཚད་གཞན་ལས་ཁྱད་པར་འཕགས་པ།
རྣམ་དཔྱོད་དང་བཀའ་དྲིན་གཞལ་ཟླ་བྲལ་བའི་སྔོན་བྱོན་ཆོས་རྒྱལ་ལོ་པཎ་དག་གིས་མི་ལོ་བརྒྱ་ཕྲག་གཅིག་ཙམ་རིང་གི་ཡིག་སྒྱུར་གྱི་དཀའ་གནད་རྣམས་ཉམས་མྱོང་རིམ་བསགས་ཀྱིས་ཆོས་རྒྱལ་ཁྲི་ལྡེ་སྲོང་བཙན་གྱི་སྐབས་ཡིག་སྒྱུར་གྱི་རྩ་དོན་སྟོན་པའི་རིག་པའི་གཞུང་ལུགས་༼སྒྲ་སྦྱོར་བམ་པོ་དང་པོ་༽ དང་ ༼གཉིས་པ་༽དེ་བཞིན་བྱེ་བྲག་རྟོགས་བྱེད་ཅེས་བྱ་བའི་སྒྱུར་གྱི་ཁྲིམས་ལུགས་གཏན་ལ་ཕབ་པ་ལས་བོད་བསྒྱུར་ཐམས་ཅད་རྩ་བའི་ཆ་ནས་གཅིག་གྱུར་བྱུང་ཡོད་ལ། བྱབྱབོད་ཀྱི་མིང་མཛོད་ཐོག་མ་༼སྒྲ་སྦྱོར་བམ་གཉིས་༽ གངས་རིའི་ཁྲོད་དུ་ཐོན་པ་དེ་ཉིད་ཀྱི་ནང་དུ་ཆོས་གཞུང་བསྒྱུར་བའི་རྩ་དོན་ཆེན་པོ་གསུམ་དང༌། ཡིག་བསྒྱུར་གྱི་ཐབས་དམ་པ་བཞི། ཡིད་འཇོག་བྱེད་དགོས་པའི་དོན་ཚན་བཞི་ལ་སོགས་པ་གཏན་ལ་ཕབ་ནས། ལོ་རྒྱུས་ཐོག་ཆོས་གཞུང་བསྒྱུར་པའི་ཉམས་མྱོང་དང་བསླབ་བྱ་སོགས་རིག་པའི་གཞུང་ལུགས་ཀྱི་ཆུ་ཚད་བཏེགས་ནས་ཕྱོགས་བསྡོམས་གནང་བས། རྗེས་རབས་ཡིག་སྒྱུར་བ་རྣམས་ལ་ལམ་སྟོན་སྒྲོན་མེ་ལྟ་བུར་གྱུར་ཡོད།བྱབྱ ཅེས་པ་བཞིན། བོད་སྒྱུར་རྣམས་ལོ་ཙཱ་བ་སོ་སོའི་གང་འདོད་དང༌། རང་ཤེད་རྨོངས་ཚོད་སོགས་ཨུ་ཚུགས་ཀྱིས་ཐག་གཅོད་མ་དགོས་པར། གཞུང་དོན་འདིའི་ཁྲིམས་ལུགས་རྩ་འཛིན་བྱས་ན་གནད་དོན་ཆ་ཚང་དཀའ་མེད་རྒྱ་གྲོལ་དུ་འགྲོ་བའི་ཁྱད་ནུས་ལྡན་པའི་དབང་གིས། ད་ཆ་བོད་ཡིག་ལས་ལེགས་སྦྱར་དུ་ཕར་བསྒྱུར་ནའང༌། སྒྲ་དོན་ཕལ་ཆེ་བ་ལེགས་སྦྱར་གྱི་མ་དཔེ་དང་ཧ་ལམ་གཅིག་པ་ཆགས་ཐུབ་པ་ནི། རྨད་དུ་བྱུང་བའི་ཡིག་སྒྱུར་གྱི་རྣམ་གཞག་སྟོན་པའི་གཞུང་ལུགས་འདི་དག་གི་ལེགས་སྐྱེས་འབའ་ཞིག་ཡིན།
༤༽ཡང་དག་པའི་སྒྱུར་ཐབས་ལ་བརྟེན་ནས་འགྱུར་འབྲས་ཕུན་སུམ་ཚོགས་པ།
སྤྱིར་བཏང་ཡིག་བསྒྱུར་གྱི་བྱ་བཞག་གང་འདྲ་ཞིག་ཡིན་ནའང༌། གཙོ་བོ་མ་ཡིག་གི་བརྗོད་བྱའི་ནང་དོན་ལ་བསྲེ་ལྷད་དང༌། ཉམས་ཆག་མ་ཡོང་བར་གསོན་ཉམས་ལྡན་པའི་སྒོ་ནས་བུ་ཡིག་གམ་སྒྱུར་ཡིག་ཏུ་ཕབ་སྒྱུར་ཐུབ་པ་དགོས་རྒྱུ་ནི་ཡིག་སྒྱུར་གྱི་བླ་སྲོག་ཉག་ཅིག་ཡིན་པ་ལྟར། རང་རེའི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐབས་དོན་ལ་གཞིགས་ནས་དོན་སྒྱུར་དང༌། ཐད་སྒྱུར། སྒྲ་རང་སོར་བཞག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་བྱབྱབཀའ་འགྱུར་པོད་བརྒྱ་ལ་ཆོས་ཚན་བརྒྱད་བརྒྱ་དྲུག་ཅུ་རེ་བདུན་དང༌། བསྟན་འགྱུར་པོད་ཉིས་བརྒྱ་བཅུ་གསུམ་ལ། ཆོས་ཚན་ཉིས་སྟོང་སུམ་བརྒྱ་སོ་བདུན་བྱབྱ ཞེས་གསལ་ཡང༌། དེ་སང་དར་ཐང་རིན་པོ་ཆེས་སྡེ་དགེ་པར་མ་གཞིར་བཞག་གིས་པར་བསྐྲུན་གནང་བ་དེར་བཀའ་འགྱུར་ལ་ཆོས་ཚན་ ༡༡༠༨ དང་བསྟན་འགྱུར་ལ་ཆོས་ཚན་ ༣༣༥༩ བཞུགས་ཡོད་པ་ནི་ད་བར་གྱི་བཀའ་བསྟན་རྒྱས་ཤོས་དེ་ཡིན། དེ་དག་གང་དུ་བལྟས་ཀྱང༌། མ་ཡིག་གི་གསོན་ཉམས་དང་སྒྱུ་རྩལ་གྱི་དྲི་མ་མ་ཉམས་པར་བོད་སྐད་དུ་ཕབ་སྒྱུར་ཞུས་ཡོད། ཡིག་སྒྱུར་ནི་གསར་རྩོམ་མ་ཡིན་པས་མ་ཡིག་དང་ཁ་བྲལ་ཐབས་མེད་ལ་མ་ཡིག་བཙན་པར་འཛིན་ནས་མ་ཡིག་གི་བརྗོད་བྱའི་ནང་དོན་དང༌། མཚོན་བྱེད་སྒྱུ་རྩལ་གྱི་རྣམ་པ། ཚིག་སྦྱོར་གྱི་ཉམས་འགྱུར་སོགས་ཇི་མ་ཇི་བཞིན་སྒྱུར་ཡིག་ཏུ་སླེབས་ཐུབ་མིན་ནི་སྒྱུར་ཡིག་གི་སྤུས་ཚད་དང་ལེགས་ཉེས་འབྱེད་བྱེད་ཀྱི་ས་མཚམས་ལྟ་བུ་ཡིན། དེ་ཡང་མ་ཡིག་གི་རྩོམ་གཤིས་དང་བརྗོད་པ་བདེ་མིན། བརྗོད་དོན་གསལ་མིན་སོགས་ལ་གཞིགས་ནས་གོང་གི་བྱ་ཐབས་གསུམ་པོ་གང་ལ་གང་འགབ་ཀྱིས་སྒྱུ་རྩལ་སྣ་ཚོགས་བེད་སྤྱོད་ཆོག་པ་སྟེ། སྒྲ་སྦྱོར་བམ་གཉིས་ལས་བྱབྱདམ་པའི་ཆོས་བསྒྱུར་བའི་ལུགས་ནི་དོན་དང་མི་འགལ་ལ་བོད་སྐད་ལ་ཡང་གང་བདེ་བར་གྱིས་ཤིག་བྱབྱཅེས་གསུངས་པའི་ཕྱིར་རོ། དེ་ཡང་དེ་དག་རེ་རེ་བཞིན་ཅུང་ཟད་བཤད་ན།
དང་པོ། དོན་སྒྱུར་ནི་མ་ཡིག་གི་མིང་ཚིག་བརྗོད་པ་རེ་རེའི་ནང་དོན་དཔྱིས་ཕྱིན་པ་མ་རྟོགས་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་གོ་བ་རགས་པ་ལོན་པའི་རྨང་གཞིའི་ཐོག་བུ་ཡིག་གམ་སྒྱུར་ཡིག་རྩ་ཆེར་འཛིན་ནས་མ་ཡིག་གི་རྣམ་པ་དང་མི་མཐུན་པའི་སྒྱུ་རྩལ་སྣ་ཚོགས་པ་སྤྱད་དེ། བརྐྱང་བསྐུམ་རྒྱས་བསྡུས་འཕྲི་སྣོན་དཀྲུགས་བཅོས་སོགས། སྒྱུར་པ་པོའི་གང་འདོད་ཐལ་སྤྱོད་བྱས་པ་ཞིག་མ་ཡིན་པར་ཡུལ་མིའི་ཐ་སྙད་འདོགས་སྲོལ་དང་མཐུན་པ། མི་རིགས་ཀྱི་བསམ་བློའི་བག་ཆགས་དང་མཐུན་པ། དོན་གསལ་ལ་བརྗོད་བདེ་བ་མ་ཟད་ཡིག་ཚོགས་ཉུང་བ་སོགས་ཀྱི་ཁྱད་ཆོས་ལྡན་དགོས། དེ་ལྟར་དོན་སྒྱུར་ཞུས་པའི་ཐ་སྙད་རྣམས་བསྟན་བཅོས་དང༌། སྤྱི་ཚོགས་ཀྱི་འཚོ་བའི་ནང་ཡོངས་སྤྱོད་གཏིང་ཚུགས་མ་བྱུང་གི་བར་དུ་དོན་སྒྱུར་བྱས་པའི་མིང་ངམ་ཚིག་དེའི་རྗེས་སུ་གུག་ཆུང་གི་ནང་དུ་མ་ཡིག་གི་ཐ་སྙད་ཇི་ཡིན་དག་ཆ་མ་ནོར་བར་འབྲི་དགོས། དེ་ནི་ཡིག་སྒྱུར་གྱི་རིག་པའི་གཞུང་ལུགས་ཀྱི་དགོངས་པའང་ཡིན། དེ་མིན་དཔེར་ན། པཱརམིཏཱ་ལ་ཕ་རོལ་དུ་ཕྱིན་པ་དང༌། ཡོག་ལ་རྣལ་འབྱོར་དུ་བསྒྱུར་བ་སོགས་ནི་མ་ཡིག་གི་དོན་དང་མཐུན་པར་བོད་སྐད་དུའང་སྒྲ་བཤད་དུ་ཡོད་པས་གཏན་ལ་ཕབ་པ་མ་ཟད། དོན་འགྱུར་གྱི་ཐ་སྙད་འགའ་ཞིག་ནི་མ་ཡིག་གི་གོ་དོན་ལས་ལོ་ཙཱ་བ་རྣམས་ཀྱི་རྣམ་དཔྱོད་ལ་བརྟེན་ནས་དོན་ཇེ་གསལ་དུ་བཏང་བ་དཔེར་ན། བུདྡྷཿདང༌། དྷརྨཿ། སཾངྒཿ་སོགས་ཀྱིས་མཚོན་པའི་དོན་འགྱུར་གྱི་སྒྱུ་རྩལ་རྨད་དུ་བྱུང་བ་འདི་འདྲ་ནི་གཞན་གྱི་སྐད་ཡིག་དུ་ཡོད་པར་མ་གྲགས། བསྟན་བཅོས་ཀྱི་ཆ་ནས་བཤད་ན་མདོ་སྡེ་རྒྱན་དང་སློབ་སྤྲིང་སོགས་ནི་དོན་ཐོབ་གཙོ་བོར་མཛད་པའི་འགྱུར་ཤིན་ཏུ་གུ་ཡངས་པ་ཡིན་པ་འདྲ་ཞེས་དགེ་ཆོས་ཀྱིས་གསུངས་སོ།།
གཉིས་པ། ཐད་སྒྱུར་ཞེས་པ་ནི་བསྒྱུར་བྱའི་གཞུང་དེའི་སྤྱི་ཡོངས་ཀྱི་གོ་བ་ཞིབ་ཕྲ་མ་ལོན་ཀྱང༌། སྐབས་ཐོབ་མིང་ཚིག་སོ་སོའི་ནང་དོན་ཚིག་མཛོད་སོགས་ལས་བཙལ་འཚོལ་གྱིས་མ་ནོར་བར་རིམ་པ་བཞིན་དུ་ཕབ་འཐུས་ཀྱི་བསམ་བློའི་རྨང་གཞིའི་འོག མ་ཡིག་རྩ་ཆེན་འཛིན་ཐལ་དྲགས་ནས་མ་ཡིག་གི་རྣམ་པ་ཇི་བཞིན་མ་གཏོགས་བུ་ཡིག་གམ་སྒྱུར་ཡིག་གི་སྒྲ་གཞུང་དང་སྒྱུ་རྩལ་སོགས་ལ་སྣང་མེད་དུ་བཏང་བ་མ་ཡིན་པར་མ་ཡིག་གི་ཐ་སྙད་གཅིག་གི་ཚིག་སྦྱོར་སྔ་ཕྱི་སོ་སོའི་ནང་དོན་ཇི་སྟོན་སྒྱུར་ཡིག་ཏུ་དེ་དང་མཐུན་པར་ཐད་ཀར་བསྒྱུར་བ་ལ་བྱ་སྟེ། དཔེར་ན། པྲཛྙཱ་ ཞེས་པ་ཤེས་རབ་ཅེས་བྱ་བར་བསྒྱུར་ཅིང༌། དེ་ཡང་ པྲ་ ནི་རབ་དང་ ཛྙཱ་ ནི་ཤེས་པ་ལ་འཇུག་པས་རབ་ཤེས་ཞེས་བརྗོད་ན་གོ་མི་བདེ་བ་ཡིན་ཏེ། རབ་སོགས་ཁྱད་ཚིག་ཕལ་ཆེ་བ་བོད་སྐད་དུ་ཚིག་གྲོགས་ཕྱི་མ་འབའ་ཞིག་ཏུ་སྦྱོར་བ་ནི་ཕལ་ཆེར་སྐད་རིགས་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པ་ཞིག་ཡིན། དཔེར་ན། མི་ཡག་པོ་ཞེས་པ་ལེགས་སྦྱར་དུ་སཏ྄པུརཱུཥ་དང༌། ཧིན་སྐད་དུ་ཨཅ྄ཆཱ་ཨཱདམཱི། དབྱིན་སྐད་དུ་གྷུཌམེན། རྒྱ་སྐད་དུ་ཧཱཽརེན་ལྟ་བུ་སོགས་ཁྱད་ཚིག་སྔོན་དུ་སྦྱོར་སྲོལ་ཡོད་པས་མཚོན་ནོ། ཚིགས་བཅད་སྒྱུར་སྐབས། ཐད་སྒྱུར་དང་ལྷན་དུ་དཀྲུག་སྒྱུར་དགོས་པ་ནི་རྒྱ་བོད་སྐད་རིགས་གཉིས་པོ་སོ་སོའི་གཞི་རིམ་གྱི་གོམས་གཤིས་དབང་བཙན་པས་ཡིན། སྔོན་གྱི་འགྱུར་མང་དག་ཅིག་བསྒྱུར་ཡིག་གི་ཚིག་དོན་ལ་འགྱུར་བ་མ་ཕྱིན་པའི་སྒོ་ནས་སྒྱུར་བྱེད་བོད་སྐད་དུ་སྒྲ་སྒྱུར་གཙོ་འདོན་གྱིས་བྱ་ཐབས་སྤྱད་ཡོད་པས། དེང་སང་ལེགས་སྦྱར་གྱི་མ་དཔེ་རྩ་བརླག་ཏུ་ཕྱིན་ཡོད་ནའང༌། བོད་སྐད་འབའ་ཞིག་ནས་བསྐྱར་གསོ་ཐུབ་པའི་གཞི་རྩ་དེ་རང་ཡིན། བྱབྱབོད་སྒྱུར་ནས་བསྐྱར་གསོ་ཐུབ་པའི་རྒྱུ་མཚན་གཙོ་བོ་ནི་ལེགས་སྦྱར་གྱི་དངོས་མིང་དང༌། རྩི་ཤིང་ལོ་འབྲས་སོགས་ཀྱི་མིང་ཆ་ཚང་བོད་སྐད་ནང་ཐད་སོར་བསྒྱུར་བ་སྟེ། ཉེ་འགྱུར་གྱི་རྣམ་གཞག་དང་སྡེབ་སྦྱོར་གྱི་རྣམ་གཞག་ཀྱང་ཡི་གེའི་གྲངས་ཇི་བཞིན་བསྒྱུར་བ་དང༌། ཡང་ན་གཅིག་གམ་གཉིས་དམན་སོགས་སུ་བསྒྱུར་བ་དང་རྒྱན་གྱི་རྣམ་གཞག་དང༌། རྣམ་དབྱེ། ཚིག་སྡུད་ཀྱི་རྣམ་གཞག་སོགས་བོད་སྐད་ཐོག་ཇི་བཞིན་ཡོད་པས་རེད་བྱབྱ ཅེས་གསུངས་པ་བཞིན་བོད་འགྱུར་རྣམས་མ་ཡིག་ཏུ་ཕབ་སྒྱུར་ཞུ་སྐབས་མ་ཡིག་དང་ཡོངས་སུ་གཅིག་པ་མ་བྱུང་ནའང་རྩ་བའི་དོན་ལ་ཁྱད་པར་དེ་ཙམ་མི་ཡོང་བ་འདི་ནི། བོད་འགྱུར་གྱི་བླ་ན་མེད་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡིན།
གསུམ་པ། སྒྲ་རང་སོར་བཞག་པ་ཞེས་པ་འདི་ཡང་ལོ་ཙཱ་བས་ཐ་སྙད་གྱི་དོན་མ་རྟོགས་པའི་རིགས་གཡོ་ཐབས་ཀྱིས་རང་སོར་བཞག་པ་ཞིག་མ་ཡིན་པར། དོན་སྒྱུར་དང་ཐད་སྒྱུར་གྱི་བྱ་ཐབས་གང་སྤྱད་ཀྱང་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གོ་དཀའ་བའི་སྔགས་ཡིག་དང༌། མིང་གཅིག་དོན་མང་པོར་འཇུག་པ། དཔེར་ན། གཽཏམ་དང༌། ཀཽཤིཀ་ལྟ་བུ་དང༌། བསྒྱུར་ཀྱང་གཏན་ཚིགས་ཁུངས་འཕེར་དེ་འདྲ་འདྲེན་རྒྱུ་མེད་པའི་རིགས་རྣམས་རང་སོར་བཞག་པ་དེ་ནི་མི་རིགས་གཞན་གྱི་མིང་ཚིག་གཡར་འདྲེན་གྱིས་རང་རེའི་ཐ་སྙད་ཇེ་ཕྱུག་ཏུ་བཏང་བ་ཞིག་ཀྱང་ཡིན་པས་འདི་ནི་ཆེས་ཕུལ་དུ་བྱུང་བའི་བྱ་ཐབས་ཤིག་ཀྱང་རེད། ལེགས་སྦྱར་གྱི་ཐ་སྙད་བོད་སྐད་རང་སོར་བཞག་པ་འདི་ལ་ལེགས་སྦྱར་གྱི་སྒྲ་གཟུགས་ཅུང་ཟད་ཀྱང་མ་ཉམས་པར་གནས་པ། དཔེར་ན། པདྨ་དང༌། ཤཱཀྱ། ཙནྡན་སོགས་དང༌། གཟུགས་འགྱུར་ལ་སྒྲ་མ་འགྱུར་བ་ ཨཎུ་ལ་ཨ་ནུ་དང༌། གཉ྄ཛིར་ལ་འགན་འཇིར། ཀལྤ་ལ་བསྐལ་པ་སོགས་དང༌། ཡང་སྒྲ་གཟུགས་གཉིས་ཀ་འགྱུར་བ་ཡང་ཡོད་དེ། དཔེར་ན། པུསྟཀ་ལ་པོ་ཏི་དང༌། བྲཧྨཎ་ལ་བྲམ་ཟེ། བྷུཀ་ལ་བུ་ག་སོགས་བོད་ཚིག་གི་གཟུགས་རིས་བཞིན་བཅོས་པས་སྒྲ་ལའང་འགྱུར་བ་ཕྱིན་ཡོད། ལྷག་པར་ཡུལ་དང༌། མི་དང༌། རྩི་ཤིང༌། མེ་ཏོག་སོགས་ཀྱི་མིང་རྣམས་སྒྲ་རང་སོར་བཞག་པ་དེའི་དགེ་མཚན་ནི་བོད་ནས་ཡོང་བའི་གསར་འབྱོར་གནས་སྐོར་བ་ཚོས་ཀྱང་དངོས་ར་གསལ་པོ་ཕྲོད་ཐུབ་པ་དཔེར་ན། ཝཱརཱཎསིའ་དང་ལུམ྄བིནི་སོགས་སྒྲ་དག་མིན་ལ་མ་ལྟོས་པར་ངག་ནས་ཐོན་པ་ཙམ་གྱིས་རྒྱ་བལ་ཡུལ་མི་ཚོས་གོ་ཐུབ་པས་མཚོན་ནོ། གོང་དུ་བཤད་པ་བཞིན་བོད་ཡིག་ནི་རྒྱ་གར་གྱི་ཡི་གེ་ལ་དཔེ་དང་ཁུངས་གཏུགས་ནས་གསར་བཟོ་བྱས་པ་ཞིག་ཡིན་པས། འདི་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལྟ་བུའི་འབྲེལ་བ་ཡོད་སྟབས། སྒྲ་རང་སོར་འཇོག་རྒྱུར་དབྱངས་གསལ་གང་གི་ཐད་ནས་ཀྱང་དཀའ་ངལ་དེ་ཙམ་མེད། དེལྟར་བོད་སྐད་དུ་བཞུགས་པའི་བཀའ་བསྟན་པོ་ཏི་སུམ་བརྒྱ་ལྷག་ཙམ་དེ་གོང་གི་སྒྱུར་ཐབས་གསུམ་པོ་གང་དགོས་གཟིགས་ནས་བསྒྱུར་ཡོད། དཔེར་ན་ལེགས་སྦྱར་གྱི་ཚིག་རཏ྄ན་ཞེས་པར་མཚོན་ན་སྐབས་ཐོབ་དང༌། དགོས་དབང་གིས་སྐབས་འགར་དཀོན་མཆོག་ཅེས་དོན་སྒྱུར་བྱས་པ་དང༌། སྐབས་འགར་རིན་ཆེན་ཞེས་ཐད་སྒྱུར་གནང་བ། ཡང་སྔགས་སོགས་ཀྱི་སྐབས་སུ་ནམོརཏ྄ནཡཱཡ་ཞེས་པ་ལྟ་བུ་སོགས་སྒྲ་རང་སོར་བཞག་པ་བཅས་བསྒྱུར་བྱའི་མ་ཡིག་གི་ཚིག་དོན་གང་ལ་ཡང་མ་རྟོགས་པ་དང་ལོག་པར་རྟོག་པའི་འགལ་འཁྲུལ་གྱི་དྲི་མས་མ་གོས་པར་ཕབ་སྒྱུར་གནང་བས་མི་རིགས་འདིའི་སྒྲ་སྒྱུར་གྱི་བྱ་བཞག་ངོ་མཚར་སྐྱེ་ཡུལ་འབའ་ཞིག་ཏུ་གྱུར་ཡོད།
༥ བོད་ཀྱི་བཙན་པོ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཡིག་སྒྱུར་ཁུངས་ལྡན་གྱུར་པ།
དེ་ཡང་སྤྱིར་བཏང་བོད་ཀྱི་འགྱུར་རྣམས་དུས་རབས་ཀྱི་སྒོ་ནས་བསྟན་པ་སྔ་དར་སྐབས་ཀྱི་འགྱུར་དང༌། ཕྱི་དར་སྐབས་ཀྱི་འགྱུར་གཉིས་སུ་འདུ་ཞིང༌། དེ་གཉིས་ལས་བསྟན་པ་སྔ་དར་སྐབས་ཀྱི་འགྱུར་རྣམས་གཞི་རྩའི་ཆ་ནས་ཁུངས་བཙན་པ་ཡོད། དེའི་དོན་ནི་སྐབས་དེ་དུས་བསྟན་བཅོས་གང་འདྲ་ཞིག་བསྒྱུར་བ་ཡིན་ནའང་བོད་ཀྱི་ལོཙབ་ཞིག་དང༌། རྒྱ་གར་གྱི་པཎ྄ཊིཏ་ཞིག་མཉམ་དུ་བཀའ་གྲོས་ཞིབ་བསྡུར་གྱིས་ཞུ་དག་རིམ་པར་གནང་བ་དང༌། དེ་རྗེས་བོད་ཀྱི་བཙན་པོས་ལོ་པཎ་ཚོགས་ཤིང་ཞིབ་འཇུག་མཛད་མཐར་གཞི་ནས་གཏན་ལ་འབེབས་པའི་ལམ་སྲོལ་ཡོད་པའི་རྐྱེན་གྱིས་རེད། བོད་བསིལ་བུར་འཐོར་ནས་བཟུང་དེ་ལྟའི་གཟིགས་ཞིབ་གནང་རྒྱུའི་སྐུ་དབང་དང་གོ་སྐབས་སུ་ལའང་མེད་པས། ལོཙབ་སོ་སོའི་རྣམ་དཔྱོད་ལ་བརྟེན་ནས་བསྒྱུར་རྐྱང་གནང་ཡོད། དཔེར་ན་ཤོང་སྟོན་ལྟ་བུར་ཆ་བཞག་ན་བསྟན་པ་ཕྱི་དར་སྐབས་ཀྱི་ལོཙབ་གྲགས་ཆེན་ཞིག་ཡིན་ཀྱང༌། ཁོང་གིས་བསྒྱུར་བའི་སྙན་ངག་མེ་ལོང་མ་ལས་ཁྱོན་བསྡོམས་ཤོལོཀ་བཞི་དང་རྐང་པ་གཉིས་ཀྱི་འགྱུར་ཆད་ཡོད་པས། ཕྱིས་སུ་སི་ཏུས་མེ་ལོང་མའི་རྩ་བ་ཆ་ཚང་བར་བསྒྱུར་བ་དེའི་འགྲེལ་པ་ཁམས་སྤྲུལ་གྱིས་མཛད་པ་དེ་དེང་སང་སྙན་འགྲེལ་ཡག་ཤོས་དང་ཁུངས་བཙན་ཤོས་སུ་གྱུར་ཡོད། དེ་བཞིན་ཁོང་གིས་བསྒྱུར་བའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་ལེའུ་དང་པོའི་མཇུག་ཏུ་འབངས་མོས། བྱབྱཚུར་ཤོག་ཚུར་ཤོག རྗེའི་སྲས་མོ་བྱབྱ ཞེས་ཏེ་མ་ལ་ཡ་ཅན་མ་འཁོར་དང་བཅས་པ་སོང་བར་གྱུར་ཏོ།ཞེས་པའི་བརྗོད་པ་རྒྱ་དཔེར་མི་གསལ་བ་དང་ཡང༌། བིདུཥཀས། བྱབྱངེས་པར་བདག་ཅག་ལྷ་མོ་ལྟ་བའི་སྐབས་སུ་བབ་བོ། དེའི་ཕྱིར་ཚུར་ཤོག ཉེ་བར་འགྲོ་བར་བྱའོ།བྱབྱ ཞེས་ཏེ་ཉེ་བར་བཏུད་དོ།ཞེས་པའི་མཚམས་སུ་འདྲེན་པས་བྱབྱབདག་འགྲོ་བར་མི་བྱའོ།བྱབྱ ཞེས་པའི་ཚིག་འདི་འགྱུར་ཆད་དེ་ལུས་པ་བཅས་ཀྱི་བསྟན་བཅོས་ཀྱི་དབུས་ནས་ཤོ་ལོཀ་མང་པོ་ཆད་ཡོད་པ་དང་ཡང་མཚམས་རེར་རྒྱ་དཔེར་མེད་པའི་ཚིག་ལྷག་ཀྱང་བྱུང་འདུག་པས། ལོཙབ་གཞན་གྱིས་ཀྱང་སྐྱོན་དེ་ལྟར་ཕལ་ཆེར་ཤོར་ཡོད་ཤག་ཆེ།
བཞི་པ། མ་འོངས་པའི་འགྱུར་གྱི་ཁ་ཕྱོགས་འཚོལ་སྒྲུབ།
སྤྱི་ཚོགས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་འཁོར་ཕྱོགས། མིའི་སེམས་ཁམས་ཀྱི་གནས་བབ་བཅས་ཕྱོགས་གང་ཐད་ནས་བསམ་གཞིགས་བྱས་ནའང༌། འཛམ་གླིང་མི་རིགས་སྤྱིའི་ཐུན་མོང་དུ་སྤྱོད་པའི་རིག་པའི་གཞུང་ལུགས་སྤྱི་བྱེ་ཐམས་ཅད་སོ་སོའི་སྐད་ཡིག་ཏུ་དང་ལེན་དོན་གཉེར་བྱ་རྒྱུའི་གོ་སྐབས་སྐྲུན་ཐུབ་པ་དགོས་རྒྱུ་ནི། མི་རིགས་བྱེ་བྲག་པ་འདི་འཛམ་གླིང་མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་མཉམ་གནས་ཐུབ་མིན་གྱི་རྩ་བ་ཡིན། ང་ཚོའི་བོད་འདི་ནང་ཆོས་དང་འབྲེལ་བའི་སྒྲ་ཚད་གསོ་རིག་སོགས་ནང་འདྲེན་དང་དར་སྤེལ། སྲ་བརྟན་གྱི་རང་བཞིན་བཅས་འཐུས་སྒོ་ཕུན་སུམ་ཚོགས་པ་འདི་ནི། ཡིད་ཚིམ་སྤོབས་པ་བྱེད་འོས་པའི་སྔོན་ཐོན་ཅན་ཞིག་ཡིན་ཡང༌། དེང་དུས་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་ཚང་མ་ཚན་རིག་ལག་རྩལ་སོགས་ལ་བརྟེན་ནས། མྱུར་ཚད་ལྡན་པའི་གཅིག་གྱུར་གྱི་རང་བཞིན་ཅན་དུ་འགྱུར་བཞིན་པའི་སྐབས་འདིར་ང་ཚོ་ད་དུང་ཡང༌། ལེ་དབར་བརྒྱ་ཕྲག་མང་པོའི་རྗེས་ལུས་ཐེབས་དོན་ནི་དེང་དུས་རིག་གསར་ནང་འདྲེན་དང་ཆེད་སྦྱོང་འཐུས་ཚང་མ་ཐུབ་པའི་རྐྱེན་གྱིས་ཡིན། སྤྱིར་ཡིག་སྒྱུར་གྱི་བྱ་བཞག་འདི་ནི་གསར་རྩོམ་གྱི་རང་བཞིན་ཅན་ཞིག་མ་ཡིན་པས། ང་ཚོས་མ་འོངས་པའི་ཡིག་སྒྱུར་གྱི་ལས་དོན་ཐོག་ཁ་ཕྱོགས་ངེས་ཅན་ཞིག་འཛིན་ནས། བོད་གདོད་མའི་རིག་གནས་ཀྱིས་ཕྱུག་པའི་ཡུལ་གྲུ་འདི་སྔར་ལས་ལྷག་པ་ཞིག་ཡོང་བ་བྱེད་དགོས། དེ་ཡང་བོད་ཀྱི་ཆབ་སྲིད་དང་མི་རིགས། རིག་གཞུང༌། དཔལ་འབྱོར་འཛུགས་སྐྲུན་སོགས་ཀྱི་གནས་བབ་ལ་བསམ་ནས་གཤམ་གྱི་དོན་གནད་འདི་དག་གི་ཐོག་ནས་ཡིག་སྒྱུར་གྱི་ཁ་ཕྱོགས་འཚོལ་དགོས།
ཀ༽བོད་ཀྱི་རྩོམ་པ་པོ་དང་མཁས་དབང་ཚོའི་འོས་འགན་དང་ཁ་ཕྱོགས།
འཛམ་གླིང་མི་རིགས་གང་འདྲ་ཞིག་ཡིན་རུང་རྩོམ་པ་པོ་དང་མཁས་དབང་ཚོ་ནི་མི་རིགས་དེའི་འཕྲལ་ཕུགས་རྒྱང་གསུམ་གྱི་རིགས་རིག་ཆབ་དཔལ་གྱི་བླ་སྲོག་འཛིན་མཁན་དང༌། མི་མང་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཆེས་གལ་འགངས་ཆེ་བའི་མི་སྣ་ཞིག་ཡིན་གཤིས། དེར་འོས་འགན་དང་ཁ་ཕྱོགས་ཀྱང་ངེས་ཅན་ཞིག་ཡོད་དགོས། དེ་སྔོན་བོད་ཀྱི་མཁས་པ་དང་རྩོམ་པ་པོ། ལོ་ཙཱ་བ་བཅས་ཀྱིས་བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་ཐོག་ལ་ཡོད་ཚད་བློས་བཏང་གིས་ཞབས་འདེགས་གསེར་གྱི་ལྷུན་པོས་ཀྱང་འཇལ་དཀའ་བ་ཞུས་ཡོད་ཀྱང༌། དེང་སང་བོད་ཀྱི་སྣོད་བཅུད་གཉིས་ཀའི་གནས་བབ་ཉག་ཕྲ་འདིའི་སྐབས་སུ་གནའ་བོའི་རིག་གནས་འབའ་ཞིག་མི་རིགས་ཀྱི་དགོས་མཁོ་སྐོང་ཐུབ་པའི་དགེ་མཚན་གྱི་རང་བཞིན་ཅན་ཞིག་དང༌། དཻང་དུས་རིག་གནས་ཐམས་ཅད་ངན་དགུའི་སྣ་འདྲེན་དུ་བསམ་པའི་གཞན་གྱི་ལེགས་ཆ་མཐོང་མི་ཐུབ་པའི་གཏན་ཚིགས་མེད་པའི་ཞེན་ཁོག་གི་རྗེས་སུ་འབྲང་བའི་མཁས་པའི་རིགས་གཅིག་དང༌། གནའ་རིག་སྲོལ་རྒྱུན་བག་ཆགས་དང་བཅས་པ་མི་རིགས་ཡར་ཐོན་གྱི་བཀག་རྡོ་དང་རིག་གསར་དང་དེའི་ཐོན་སྐྱེད་ཡོངས་རྫོགས་དང་ལེན་དགོས་པའི་བདེ་སྐྱིད་ཀྱི་འཚོ་བའི་མ་མ་ལྟ་བུར་བསམ་པའི་རིགས་གཅིག ཡང་གཟུ་བུར་གནས་པ་འགའ་ཞིག་གིས་གོང་གི་རྙིང་ཞེན་གསར་སྡང་དང༌། རྙིང་དོར་གསར་ལེན་གྱི་མཐའ་གཉིས་སུ་མ་ལྷུང་བར་འགྲོ་བ་མིའི་དགོས་མཁོར་གཞིགས་ནས། གནའ་དེང་ཟུང་འབྲེལ་གྱི་འདབ་གཤོག་གཉིས་ལྡན་དགོས་པའི་འདུ་ཤེས་འཛིན་མཁན་རིགས་གཅིག་བཅས་གསུམ་དུ་རྩ་བའི་ཆ་ནས་འདུ་ཐུབ་པར་སྣང༌། ད་ཆ་བོད་ཀྱི་ཆབ་སྲིད་ཉག་ཕྲ་དང་གནའ་རིག་ཉམས་ཆག རིག་གསར་རྗེས་ལུས་ཀྱི་འཐུས་ཤོར་མང་པོ་ཞིག་དུས་གཅིག་ཏུ་ཡོང་བཞིན་ཡོད་པས་རང་རེའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱིས། སྔར་རྒྱ་ནག་སྐམ་ས་ཆེན་མོའི་ཆབ་སྲིད་ཡོ་ལང་གི་དུས་སུ་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ལུའུ་ཞུན་དང༌། རྒྱ་གར་དབྱིན་ཇིས་བཙན་བཟུང་གིས་ཆབ་སྲིད་ཀྱི་རང་དབང་མེད་པའི་སྐབས་སུ་རྒྱ་གར་གྱི་རྩོམ་པ་པོ་གྲགས་ཅན་ཋེ་གོར་གཉིས་ཀྱིས་མི་རིགས་སོ་སོའི་མངོན་འདོད་དང་ཕུགས་བསམ་མཚོན་པའི་བསམ་བློའི་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་རྩོམ་རིག་འདྲ་མིན་སྤེལ་བའི་ཕན་རླབས་དང༌། རྒྱལ་ཁ་ལ་མིག་དཔེ་བལྟས་ནས་ཐ་ན་གཞས་ཚིག་ཚིགས་བཅད་གཅིག་གི་ནང་དུའང་མི་རིགས་ཀྱི་གནས་བབ་དང་ལ་རྒྱའི་ངར་ཤུགས་དང་འབྲེལ་ནས་མི་མང་ལ་སྐུལ་ལྕག་ཐེབས་པའི་ནུས་པ་འདོན་དགོས།
ཁ༽བོད་ཀྱི་ལོ་ཙཱ་བའི་དཔུང་ཁག་བསྐྱེད་སྲིང་དགོས་པ།
དེ་ཡང་བོད་འདི་རིག་གསར་གྱིས་འཕོངས་པའི་མི་རིགས་ཤིག་ཡིན་སྟབས། བོད་རིགས་གཞོན་སྐྱེས་ཚོར་རིག་གསར་སློབ་སྦྱོང་སྤྲོད་དགོས་རྒྱུ་ནི་དུས་ཀྱི་དགོས་མཁོ་ཡིན་ལ། འདི་ནི་རིག་གནས་དར་སྤེལ་དང་དཔལ་འབྱོར་འཛུགས་སྐྲུན་ཙམ་མ་ཡིན་པར་བོད་ཀྱི་ཆབ་སྲིད་ལ་ཡང་འབྲེལ་བ་དམ་ཟབ་ཡོད། དེ་ཡང་རྒྱ་གར་གྱི་སྲིད་བློན་དམ་པ་ནེཧ྄རུ་མཆོག་གིས་བྱབྱབོད་ཀྱི་ཆབ་སྲིད་ཀྱི་གནས་བབ་བསྐྱར་གསོ་བྱ་རྒྱུའི་འཐབ་རྩོད་འདི་རྒྱུན་གནས་ཐུབ་ཐབས་ནི་ཕྱི་རྒྱལ་རོགས་ཚོགས་ཁག་ལ་རོགས་རམ་ཞུ་བ་ཙམ་ལས་བོད་རིགས་གཞོན་སྐྱེས་ཚོར་དེང་དུས་ཀྱི་རིག་གནས་ཆ་ཚང་བ་ཞིག་སློབ་སྦྱོང་སྤྲོད་ཐུབ་མིན་ལ་རགས་ལུས་ཡོད། གཞོན་སྐྱེས་ཚོས་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཤེས་པ་ཡིན་ན། རྩ་དོན་འཐབ་རྩོད་ཀྱི་ངོ་བོ་འདི་ནམ་ཡང་ཡལ་གི་མ་རེད་བྱབྱ ཅེས་གསུངས་པ་བཞིན་རིག་གསར་སློབ་སྦྱོང་སྤྲོད་རྒྱུ་དེ་ཡང་མི་རིགས་གཞན་ཞིག་གི་སྐད་ཡིག་འབའ་ཞིག་སྤྱོད་ཐབས་བྱས་ན་ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་པས་སོ་སོའི་སྐད་ཡིག་ཏུ་ཕབ་སྒྱུར་གྱིས་བོད་ཡིག་ཤེས་པ་ཙམ་གྱིས་དེང་དུས་ཤེས་ཡོན་ལ་བདེ་བླག་སྦྱོང་རྒྱུའི་གོ་སྐབས་སྤྱོད་ཐུབ་པ་བྱུང་ན་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཀ་དུས་གཅིག་ཏུ་མྱུར་ཚད་ལྡན་པའི་འཕེལ་རྒྱས་འགྲོ་ཐུབ་ངེས་ཡིན་པ་ནི། སྔོན་བཙན་པོ་ཁྲི་སྲོང་གི་སྐབས་སུ་སད་མི་བདུན་རབ་ཏུ་བྱུང་བ་དང༌། ཆབས་ཅིག་ལེགས་སྦྱར་སློབ་སྦྱོང་སྤྲད་ཅིང་ཡིག་སྒྱུར་གྱི་ལས་རིམ་དབུ་འཛུགས་ཞུས་པས་མི་རིགས་ཀྱི་དཔེ་མཛོད་དུ་སྔར་མེད་པའི་དཔེ་ཚོགས་རི་རབ་ཀྱི་གཏོས་དང་མཉམ་པ་བརྩེགས་ཐུབ་པ་བྱུང་བ་བཞིན། ད་ཕྱིས་ང་ཚོས་དབྱིན་ཡིག་དང་རྒྱ་ཡིག་སོགས་ནས་དེང་དུས་ཀྱི་ཤེས་རིག་ནང་འདྲེན་ཞུ་དགོས་པས། དེ་འབྲེལ་གྱི་ལོ་ཙཱ་བའི་དཔུང་ཁག་སྐྱེད་སྲིང་བྱེད་པའི་བསྟི་གནས་སློབ་གྲྭ་ཟུར་འཛུགས་ཀྱིས་ཡིག་སྒྱུར་གྱི་བྱ་བའི་རྒྱུད་རིམ་ཁྲོད་ཀྱི་འཐུས་སྒོ་ཆ་ཚང་བ་མཁོ་སྒྲུབ་ཞུ་དགོས། གསོ་སྐྱོང་ཞུས་པའི་སློབ་གཉེར་བ་བརྒྱ་ཕྲག་གི་ནང་ནས་བཅུ་ཕྲག་ཙམ་ཚད་ལྡན་གྱི་ལོ་ཙཱ་བ་ཆགས་ཐུབ་པ་ཡིན་ན། དེའི་བཀའ་དྲིན་ནི་ནམ་ཡང་གཞལ་ཐབས་མེད་པའི་མི་རིགས་འདིའི་ལོ་རྒྱུས་ཀྱི་རྡོ་རིང་ཤིག་ཏུ་འགྱུར་ངེས། དཔེར་ན་དེང་སང་སྐད་གྲགས་ཅན་གྱི་དཔེ་དེབ་གང་འདྲ་ཞིག་སྐད་ཡིག་གང་འདྲ་ཞིག་ཏུ་ཐོན་པ་ཡིན་ནའང་ཉི་ཧོང་དང་ཀོརིཡ་སོགས་སུ་ལུང་པ་སོ་སོའི་སྐད་ཡིག་གི་ཐོག་ཏུ་ཉིན་གྲངས་བཅོ་ལྔ་ཉི་ཤུའི་ནང་དུ་ཀློག་རྒྱུའི་མཐུན་རྐྱེན་ཡོད་པ་དེ་ནི། སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གསོ་སྐྱོང་བྱས་པའི་གྲུབ་འབྲས་འབའ་ཞིག་ཡིན་པས། དེར་མིག་དཔེ་ངེས་པར་དུ་བལྟས་ནས་སྐད་གཉིས་སྨྲ་བའི་ཤེས་ལྡན་མི་སྣ་བརྒྱ་ཕྲག་མང་པོ་དབྱར་སྐྱེས་ཀྱི་མེ་ཏོག་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱེད་བསྲིང་བྱས་ནས་ཚན་རིག་ལག་རྩལ་དང༌། དཔལ་འབྱོར་འཛུགས་སྐྲུན་སོགས་ཕྱོགས་གང་ཐད་ནས་དེང་རབས་ཅན་གྱི་རང་བཞིན་དུ་ཁ་ཕྱོགས་བསྒྱུར་དགོས།
ག༽རིག་གསར་ནང་འདྲེན་གྱི་བྱ་གཞག་ལ་ཤུགས་སྣོན་རྒྱག་དགོས།
རིག་གསར་ནང་འདྲེན་བྱ་རྒྱུ་ནི། མི་རིགས་ཀྱི་སྲིད་དཔལ་རིག་གསུམ་ཀར་འབྲེལ་བ་ཡོད་པས་ང་ཚོའི་གཞུང་ཙམ་མ་ཟད་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ནས། དོན་སྙིང་ལྡན་པའི་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཡིག་བསྒྱུར་གྱི་བྱ་གཞག་ཐོག་འབུངས་དགོས། དེ་ཡང་ང་ཚོའི་དམའ་འབྲིང་མཐོ་རིམ་དང་བཅས་པའི་སློབ་གྲྭ་ཁག་གི་སློབ་དེབ་ཏུ་སུམ་རྟགས་གཉིས་པོ་ཡང་སྐོར་བསྐྱར་སྐོར་གྱིས་སློབ་ཚན་དུ་མ་བཞག་པར། གཞི་རིམ་གོང་མའི་འཛིན་གྲྭ་ཁག་ནས་ཡིག་སྒྱུར་བྱ་ཚུལ་གྱི་གཞུང་ལུགས་སྒྲ་སྦྱོར་བམ་གཉིས་དང༌། དག་ཡིག་མཁས་པའི་འབྱུང་གནས་སོགས་འཆར་གཞི་ལྡན་པའི་སྒོ་ནས་མཛུབ་ཁྲིད་བྱ་དགོས་ལ། ཡིག་སྒྱུར་གྱི་གནས་ཚད་དང་ཉམས་མྱོང་ལྡན་པའི་མི་སྣ་ཁག་ལ་མཐོང་ཆེན་གཟིགས་སྐྱོང་གྱ་ནོམ་པ་བྱས་ནས། ཡིག་སྒྱུར་གྱི་བྱ་བའི་རྒྱུད་རིམ་གྱི་གནས་ཚུལ་གང་ལའང་མཐུན་ཚང་མཁོ་སྦྱར་གང་དགོས་བྱས་ནས། མི་རིགས་ཀྱི་ད་ལྟ་དང་མ་འོངས་པའི་དགོས་མཁོ་དང་འཚམས་པའི་རིག་གསར་གྱི་འོད་སྟོང་གངས་རིའི་ཀླད་ནས་འཕྲོས་ཏེ། རྗེས་ལུས་ཀྱི་མུན་པ་མཇུག་སྒྲིལ་བའི་དམིགས་འདུན་བརྟན་པོས་ཡིག་སྒྱུར་གྱི་ཁ་ཕྱོགས་འཚོལ་དགོས།
ང༽ནང་འདྲེན་བྱས་པའི་ཐ་སྙད་གཅིག་གྱུར་ཡོང་ཐབས་བྱ་དགོས་པ།
རང་རེའི་མི་རིགས་འདི་ནི་ད་ཆ་ཆབ་སྲིད་ཀྱི་དཀའ་ངལ་འོག གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་བཅུ་ཕྲག་ལྔ་ལ་ཉེ་བའི་རིང༌། དེང་དུས་རིག་གསར་གྱི་རིག་པའི་གཞུང་ལུགས་གཅིག་ཀྱང་ནང་འདྲེན་འཐུས་ཚང་བྱ་ཐུབ་མེད་པའི་ཁར། བོད་དུ་བཞུགས་པའི་མཁས་པ་ཚོས་རྒྱ་ནག་གི་སྐད་ལ་བལྟས་ནས་བསྒྱུར་བ་དང༌། བྱེས་འབྱོར་བ་ཚོས་དབྱིན་ཡིག་ལས་བསྒྱུར་བ་གཉིས་པོ་ཐ་སྙད་གཅིག་གྱུར་ཡོང་གི་མེད། དཔེར་ན་བྱེས་འབྱོར་བ་ཚོས་དབྱིན་ཡིག་ ECONOMIC) ལ་དཔལ་འབྱོར་ཞེས་བསྒྱུར་བ་དང་བོད་དུ་དེའི་སྐད་དོད་རྒྱ་ནག་གི་སྐད་ལས་ནོར་སྲིད་ཅེས་བསྒྱུར་བ་དང༌། དེ་བཞིན་དབྱིན་ཡིག་ EDUCATION) ལ་བྱེས་འབྱོར་བ་ཚོས་ཤེས་རིག་གམ་ཤེས་ཡོན་ཞེས་བསྒྱུར་བ་དང་དེའི་དོད་བོད་དུ་རྒྱ་སྐད་ལས་སློབ་གསོ་ཞེས་བསྒྱུར་ཡོད། དེ་བཞིན་འགའ་ཞིག་གིས་ལེགས་སྦྱར་དང༌། ཧིན་སྐད་ལས་སྔོན་འགྱུར་ཟིན་པ་བཞིན་དེའི་དོད་ལ་བསླབ་པ་ཞེས་བསྒྱུར་ཅིང་སྐད་དེ་དག་མི་ལོ་ལྔ་བཅུར་ཉེ་བའི་ནང། ཕྱོགས་སོ་སོར་བེད་སྤྱོད་བྱེད་མུས་ཡིན་པས་ད་ཆ་ཅུང་ཟད་གཏིང་ཚུགས་ནས་སྒྲ་བཤད་སོ་སོར་འབྱེད་དུ་ཡོད་པ་བཞིན། སྤྱི་ཡོངས་ཀྱི་དོན་དག་ཀྱང་གཅིག་པ་མ་ཡིན་པ་ལྟ་བུའི་ཚོར་བ་ཞིག་ངམ་ཤུགས་ཀྱིས་སྟེར་གྱི་ཡོད། གཞུང་ལུགས་དེ་དག་གི་ལྟ་གྲུབ་ཀྱི་རྣམ་གཞག་ཡིག་ཚོགས་ཁྲི་ཕྲག་གི་བདག་ཉིད་ཅན་དེ་དག་ཕྱོགས་སོ་སོར་ཕབ་སྒྱུར་ཞུས་ན། གཅིག་གྱུར་མ་ཡོང་བའི་ཐ་སྙད་ག་ཚོད་ཡོང་མིན་ནི་བླུན་པོས་ཀྱང་ཚོད་དཔག་བྱེད་ཐུབ་པའི་གནས་ཤིག་རེད་སྙམ། འདི་ནི་ཆེས་དཀའ་ངལ་ཅན་ཞིག་ཡིན་ལ་འདས་པའི་དུས་སུ་ལེགས་སྦྱར་གཅིག་པུ་ལས་ཀྱང་དྷརྨོདྡཱན་ཞེས་པའི་ཚིག་འདི་གཅིག་པུ་བསྟན་བཅོས་སོ་སོར་འགྱུར་མ་འདྲ་བ་བཅུ་ཙམ་ཐོན་ཡོང༌། སྤྱིར་བཏང་ཐ་སྙད་རིག་པའི་ཚིག་མཛོད་ཇེ་ཕྱུག་ཏུ་བཏང་ནས་ཐ་སྙད་འདྲ་མིན་གང་དགོས་སྤྱོད་ཆོག་ཏུ་ཡོད་པ་ནི་ལེགས་ཆ་ཞིག་ཡིན་ཡང་ཐ་སྙད་གཅིག་གི་སྐད་དོད་མི་འདྲ་བ་དུ་མ་འགྱུར་བ་ནི་དཀའ་རྙོག་འཕར་མ་ཞིག་ཡིན་པས་ང་ཚོས་ཐ་སྙད་གསར་བསྒྱུར་བྱེད་སྐབས་བྱ་དངོས་དེའི་བསྟན་དོན་དང་སྐད་དོད། འགྱུར་ཡིག་དེའི་གོ་བ་དང་བརྗོད་བདེ་སོགས་ལ་མ་བལྟས་པར་རང་ལྟ་མཆོག་འཛིན་དང༌། རལ་གྲི་གནམ་གཡུག་གིས་ཐག་གཅོད་བྱས་པ་མ་ཡིན་པར། རང་རེའི་བོད་ཀྱི་མདོ་སྟོད་སྨད་དབུས་གཙང་དང་བཅས་པའི་མི་མང་གི་ཡོངས་གྲགས་སུ་གོ་ཐུབ་མིན་བཅས་ལ་གཞིགས་ནས་གཅིག་གྱུར་ཡོང་བར་བྱ་རྒྱུའི་ཁ་ཕྱོགས་འཚོལ་དགོས།
ཅ༽མིང་ཚིག་གསར་པ་བཟོ་སྐབས་ངེས་པར་དུ་དོ་སྣང་དགོས་པ།
དེང་སང་དབྱིན་ཧིན་རྒྱ་སོགས་ཀྱི་ཐ་སྙད་ལས་མིང་ཚིག་གསར་པ་ནང་འདྲེན་ཞུ་སྐབས། ནང་འདྲེན་བྱ་རྒྱུའི་ཐ་སྙད་དེའི་སྐད་དོད་རང་རེའི་བོད་སྐད་དུ་ཡོད་མེད་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུ་ཤིན་ཏུ་གལ་ཆེ་བར་མཐོང༌། ལྷག་པར་དུ་བཟོ་ལས་སོགས་ཀྱི་ལག་ཤེས་མང་པོ་བོད་དུ་སྔོན་ནས་དར་ཟིན་པས། དེ་དག་དང་འབྲེལ་བའི་ཐ་སྙད་ཕལ་ཆེར་བོད་སྐད་དུ་ཡོད་པ་སྨོས་མ་དགོས་པ་ཞིག་རེད། དཔེར་ན། དབྱིན་བོད་ཚིག་མཛོད་གསར་མར། དབྱིན་ཇིའི་stretsaw) ཞེས་པའི་ཐ་སྙད་འདི་གཞུ་སོག་ཅེས་བསྒྱུར་ཏེ། དེ་ཡང་ཐ་སྙད་གསར་བཟོ་བྱས་པར་འགྲེལ་བརྗོད་བྱས་ཡོད། ཤིང་སྐོས་རྒྱག་བྱེད་ཀྱི་སོག་ལེ་དེ་ནི་བོད་དུ་སྔར་ནས་ཡོད་འདུག་པས། དེའི་སྐད་དོད་སྒོར་སོག་ཅེས་པ་ཡང་རང་རེའི་ཐ་སྙད་དུ་སྔར་ནས་ཡོད་པ་ཞིག་ཡིན། འདི་རིགས་བྱ་དངོས་གསར་པར་རློམ་ནས་ཞིབ་འཇུག་མ་བྱས་པར་མིང་འདོགས་རྐྱང་བྱས་ན། རང་རེའི་རྩ་ཆེན་ཐ་སྙད་རྙིང་པ་མང་པོ་ཞིག་བེད་མེད་དང་རྩ་བརླག་ཏུ་འགྲོ་ཉེས་འདུག་པས། ཐ་སྙད་གསར་བཟོ་བ་རྣམས་ཀྱིས་ཐུགས་སྣང་གནང་དགོས། ཡང་ཚིག་མཛོད་དེར། དབྱིན་ཚིགskeleton)ཞེས་པའི་མིའི་གཟུགས་པོ་ལྷུ་ཚིགས་སོ་སོའི་མིང་རྣམས་བོད་སྐད་དུ་མ་སྒྱུར་བར་དབྱིན་ཡིག་རང་འཇགས་བྲིས་ནས་ངོ་སྤྲོད་གནང་འདུག་ཀྱང༌། འདི་ལྟར་འུ་ཐུག་རང་འཇགས་འཇོག་མ་དགོས་པར། སྨན་དཔྱད་སོ་མ་ར་ཛར་མིའི་གཟུགས་པོའི་ཆ་ཤས་སོ་སོའི་མིང་རྣམས་གསལ་པོར་བསྟན་ཡོད་པས། ཕྱིས་སུ་ཐ་སྙད་གསར་བཟོ་གནང་སྐབས་དེ་འབྲེལ་གྱི་གཞུང་རྣམས་དང་མཁས་པ་གཞན་ལ་གོ་སྡུར་དགོས་རྒྱུ་ཤིན་ཏུ་གལ་ཆེན་མཐོང༌། དེ་བཞིན་བོད་དུ་ཧཕ་ཞེས་པའི་ཚིག་འདི་དེང་རབས་གསར་བྱེད་ཅེས་བེད་སྤྱོད་བྱེད་མུས་ཡིན་ལ་དགེ་མཚན་ཀྱང་ཆེན་པོ་འདུག་སྙམ།
ཆ༽དཔེ་རྟགས་འགོད་པའི་ལམ་སྲོལ་དགོས་གལ་ཆེ་བ།
དེང་སང་བོད་ཕྱི་ནང་གཉིས་ཀར་མཁས་པ་དང༌། མཁས་པར་རློམ་པའི་རྩོམ་པ་པོ་མང་པོས་བོད་ཀྱི་སྒྲ་མདོའི་ལུགས་དང་སྐད་ཀྱི་གཤིས་ཀ་སོགས་གང་ལའང་མི་མཐུན་པའི་ར་སྐད་ལུག་སྐད་གང་ཐོན་གྱིས་གསར་རྩོམ་དང༌། ཕབ་སྒྱུར་བྱེད་བཞིན་པ་འདི་རྩ་བའི་མི་རིགས་ཀྱི་རིག་གཞུང་རྒྱུན་འཛིན་དང༌། དར་སྤེལ་བྱེད་ཁུལ་གྱི་ཀུན་སློང་བཟང་པོ་ཡིན་ངེས་ཀྱང་དེ་དག་ལ་བརྟེན་ནས་རང་རེའི་རིག་གཞུང་བཟང་པོར་བསྲེ་ལྷད་ཀྱང་འགྲོ་ཉེན་ཡོད་འདུག་པས། ཕྱིས་སུ་རང་གཞུང་དབུས་ཤེས་ལྷན་ཁང་ངམ། དེ་འབྲེལ་གྱི་ཆེས་མཐོའི་མཁས་པའི་ལྷན་ཚོགས་ཤིག་ནས་གསར་རྩོམ་དང་འགྲེལ་རྩོམ། འགྱུར་ཆོས་སོགས་རང་རེའི་བོད་ཀྱི་རྩོམ་རིག་གི་ཁོངས་སུ་གཏོགས་པའི་དེབ་ཞིག་ཡིན་ཕྱིན། ཆགས་སྡང་ཕྱོགས་ལྷུང་བྲལ་བའི་སྒོ་ནས་ཞིབ་འཇུག་ནན་འདྲོངས་ཀྱིས་དཔར་སྐྲུན་འགྲེམས་འཐུས་ཀྱི་གནས་ཚད་ལྡན་ན་ངོས་འཛིན་དཔེ་རྟགས་འགོད་པ་དང་ཆབས་ཅིག་རྩོམ་པ་པོ་འབྱོར་མེད་འགའ་ཞིག་གིས་བརྩམས་ཆོས་དང༌། འགྱུར་ཆོས་ཇི་ལྟར་ལེགས་ན་ཡང་དཔལ་འབྱོར་གྱི་འགྲོ་གྲོན་དཀའ་ངལ་འོག་དཔར་སྐྲུན་མ་ཐུབ་པར་ལེགས་བཤད་ཤོག་འབུའི་ཟས་སུ་མ་སོང་བར། རྩོམ་པ་པོའི་མངོན་འདོད་དང་འཚམས་པའི་སྤུས་ཚད་ལྡན་པའི་དཔར་སྐྲུན་འགྲེམས་སྤེལ་ཁོར་ཡུག་དང་འཚམས་པར་དགོས་རྒྱུ་དང༌། དེ་བཞིན་བརྩམས་ཆོས་དང་འགྱུར་ཆོས་ཀྱི་རྩོམ་རིགས་སྡེ་ཚན་སོ་སོར་ལོ་ལྟར་རྩོམ་པ་པོ་དང་ལོ་ཙཱ་བ་རྣམས་ཐུགས་ཤུགས་སྤར་བ་དང༌། སྤྱི་ཚོགས་ཁྱོན་ཡོངས་ཀྱི་དར་རྒྱས་དང་རིག་གཞུང་ཇེ་ཕྱུག་ཏུ་གཏོང་བའི་སྐུལ་ལྕག་གཏོང་ཕྱིར། ཕུལ་བྱུང་བརྩམས་ཆོས་རྣམས་ལ་རིན་ཆེན་དང་གཉིས་སོགས་གང་འོས་ཀྱི་ལེགས་སྐྱེས་གཟེངས་གསོལ་གནང་བའི་ལམ་སྲོལ་ཡང་བཏོད་གལ་ཆེ་བར་སེམས། དེ་ནི་མ་འོངས་པའི་རྩོམ་འགྱུར་གཉིས་ཀའི་སྤུས་ཚད་ཇེ་ལེགས་སུ་ཡོང་བའི་ཐབས་ལམ་ཞིག་ཡིན་པས་སྤུས་ཚད་ཀྱི་ཁ་ཕྱོགས་ལ་སྔར་ལས་ལྷག་པའི་སྐུལ་ལྕག་གཏོང་དགོས་པ་བཅས་སོ།། །།
ཅེས་པ་འདི་ནི་རྒྱ་གར་འཕགས་པའི་ཡུལ་གྱི་ཡུལ་དབུས་སུ་འབོད་པ། གྲོང་ཁྱེར་ཆེན་པོ་གསལ་ལྡན་གྱི་ཉེ་བར་གནས་པའི་སྟོན་པ་ཐུབ་པའི་དབང་པོས་དམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་སྐོར་ཞིང་འཇིག་རྟེན་འདིར་ཤཱཀྱའི་རིང་ལུགས་བཟང་པོའི་བསྟན་པ་ཐོག་མར་དབུ་བརྙེས་པའི་ཡུལ་ཁྱད་པར་ཅན། དྲང་སྲོང་སྨྲ་བའི་རི་དྭགས་ནགས་ཀྱི་ཚལ་འདབ་ན་བརྟན་པོར་གནས་པའི་སྲིད་ན་གཅིག་ཏུ་ངེས་པ། བྷོཊའི་གཙུག་ལག་སློབ་གཉེར་ཁང་ཆེན་མོ་ཞེས་འབོད་པའི་གནའ་དེང་ཕྱི་ནང་མཁས་པའི་ལེགས་བཤད་ཀྱི་ཕུང་པོས་བྱུར་བུར་གཏམས་པའི་ཤཱནྟིཾརཀྵ་ཏ་དཔེ་མཛོད་ཁང་ངམ་ཞི་འཚོ་དཔེ་མཛོད་ཁང་དུ་འབོད་པའི་བོད་ཀྱི་བཅུ་ཕྲག་རིག་པའི་བང་མཛོད་ཁང་ཡངས་པོར་སྒང་ནེ་ཡེ་ཤེས་འཇིགས་མེད་དུ་འབོད་པས་ཤར་མར་བྲིས་ཏེ། ས་རཱ་མཐོ་སློབ་གཞོན་ནུའི་གོ་སྒྲིག་གནང་བའི་བོད་ཀྱི་རིག་གནས་བགྲོ་གླེང་དུ་རྩོམ་སྐུལ་ཞུས་པ་ལྟར་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༠༧ ཚེས་ ༢༤ ཉིན་སྒྲོག་སྦྱངས་ཞུས་པའོ།
དཔྱད་གཞིའི་ཡིག་ཆ་ཁག
༡ སྒྲ་སྦྱོར་བམ་གཉིས།
༢ ལེགས་སྦྱར་བང་མཛོད། དགེ་འདུན་ཆོས་འཕེལ།
༣ ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་རྩོམ་ཕྱོགས་སྒྲིག
༤ ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་རྩོམ་ཕྱོགས་སྒྲིག
༥ དག་ཡིག་ལི་ཤིའི་གུར་ཁང༌།
༦ དག་ཡིག་མཁས་པའི་འབྱུང་གནས།
༧ བོད་ལྗོངས་ཞིབ་འཇུག ༡༩༨༤༣
༨ བོད་ལྗོངས་ཞིབ་འཇུག ༡༩༩༠༡
༩ བོད་ལྗོངས་ཞིབ་འཇུག ༡༩༩༠༢
༡༠ བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་སྒྲིག ལྔ་པ།
༡༡ ཚེ་ཏན་ཞབས་དྲུང་གི་གསུང་རྩོམ།
༡༢ བློ་བཟང་ནོར་བུའི་ངོ་མཚར་ལྷུན་པོའི་མཛེས་རྒྱན།
༡༣ ཆོས་ཀྱི་སྡོམ་བཞི་བསྟན་པའི་མདོ་བཅས་སཽ།
བེ་རི་ལགས་ཀྱི་རྩོམ་ལ་འདི་ཙམ་ལས་མེད་པ་རེད་པས། ག་འདྲའི་ཐུང་བ་ལ།
བེར་སྨྱོན་མཛུབ་མོ་དེ་གསེར་ཚུལ་མདུན་ཅོག་ལ་བཞུས་ནས་ཆད་པ་བདེན་པ་འདྲ་མཐོང་བྱུང་རྩོམ་བྲིས་ཚུལ་འདིས་ཧ་ཧ་ཧ་ཧ་ཧ་དགོང་དག དངོས་གནས་ཞུས་ན། འདི་རྩེད་མོ་ཞུས་ཡིན། སྤྱི་ཡོངས་ནས ཁ་བརྡ་འདི་ཡག་པོ་ཞིག་དྲག་མཐོང་གི་འདུག གང་དྲན་སྦས་གསང་མེད་པར་སྨྲ་ཆོག་གི་འདུག་ག གལ་སྲིད་ང་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཞིག་ཡོད་ན། གཞན་གྱི་ཅི་དྲན་ཤེས་ནས་མི་ཚང་མ་ལ་འཁྲུགས་པ་ཤོར་བའི་ཉེས་ཁ་ཤིན་ཏུ་ཆེན་པོ་མི་འདུག་པས། ད་ཡིན་ན། ཁ་བརྡ་གོ་སྒྲིགས་བྱེད་མཁན་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ།
གྲོགས་པོ་པདྨ་དང། ཆོས་འཕེལ་ལགས། དཔྱད་རྩོམ་འདི་ལྡི་ལི་བོད་ཁང་གི་བོ་སྡོང་གསུང་འབུམ་ཉམས་ཞིབ་པ་སྒང་ནེ་ཡེ་ཤེས་འཇིགས་མེད་ཀྱིས་གནང་བ་ལྟར་འདིར་བཀོད་པ་ཡིན། དྲ་ཚིགས་འདིར་རབ་གསལ་གྱིས་བཀོད་ན་རབ་གསལ་ཡིན་མི་དགོས། དེ་བཞིན་ཀླུ་སྨྱོན་དང་བེ་རེ་འཇིགས་མེད་སོགས་དྲ་རྒྱའི་གསང་ཨང་ཡོད་མཁན་ཚོས་མ་གཏོགས་འགོད་མི་ཐུབ་པས་ངས་བཀོད་པ་ཡིན།
དྲ་སྐྱག་སྟུ་ལྡག་ཁྱི་ཡི་ཆོལ་ཁའི་ཁྱི་ཕྲུ ག་པདྨ་དང་ཆོས་འཕེལ་ལགས། ཁོ་རེ། དྲ་སྐྱག་གཏང་ས་འདིའི་ནང་ཨ་མདོ་ཁྱི་ཡི་ཆོལ་ཁའི་ཁྱི་སྐྱག་མ་གཏོགས་གཏོང་མི་ཆོག་པ་ཨེ་རེད། ཨ། སྒང་ནེ་འདིའི་ནང་ཡོང་མི་ཆོག་པའི་རྒྱུ་མཚན་ག་རེ་ཡོད། ཁྱི་ཕྲུག་གཉིས། དྲ་རྫོད་གཉིས།
ཧ་ཧ་ཧ་ཧ་ང་དངོས་གནས་གད་མོ་ཤོར་གྱི་འདུག མི་བདེ་ཞིང་སྡུག་གྱོང་མང་པོ་རག་མཁན་གྱི་བདེ་ཆེན་རྡོ་རྗེ་ཟེར་བ་འདི་ལ། ཁྱོད་ཁམས་པ་ཞིག་ཡིན་ན། ཁམས་པའི་ཞབས་འདྲེན་ཞུ་མཁན་དངོས་གནས་རེད། ངེད་སྤྱིར་བོད་པ་དང་། བྱེད་བྲག་ཁམས་པ་ལ་ཁྱོད་ནང་བཞིན་གྱི་འཆན་འདེབས་མཁན་གྱི་མི་བསམ་མེད། ཤེས་ཡོན་མེད་མཁན་ཞིག་མིའི་གྲས་སུ་ཚུད་ཀྱི་མ་རེད། ངས་བསམ་ན།
ཁྱེད་ཀྱིས་སྐུ་བརྩེད་གནང་བ་ཡིན་ས་རེད་དྲན་སོང་། ད་ལྟ་དུས་དངོས་ནས་ལབ་ཀྱི་ཡོད་པའི་ཟོལ་འདྲ་རེད། ཁྱོད་ལབ་སྟངས་ལ་ལྟ་དུས་སྤྱི་འཐུས་མ་འཇོན་པ་ཞིག་རེད་འདུག་ལ། གཞན་སེམས་ཤེས་པའི་མངོན་ཤེས་མེད་ཀྱང་། རིགས་ཤེས་ཚད་མ་ཞིག་ཡོད་པའི་ཁུལ་བྱེད་དུས། ཉིད་ཀྱི་ཞལ་ནས་འདི་འདྲའི་ཚིག་ཛོར་བོ་ཞིག་གཏོན་པ་དེས་བོད་ཀྱི་མི་དང་། ཁམས་པའི་མི། ད་དུང་ཀྲོག་ཀྲོག་གི་ཕ་ཡུལ་གྱི་ཞབས་འདྲེན་ཞུས་ཀྱི་མི་འདུག་པས།
ཁྱེད་རང་གིས་ཆོས་འཕེལ་སོགས་དྲ་གྲོགས་རྣམས་ལ་ག་རེ་ཞུས་ན་ཞུས། དྲྭ་རྒྱ་འདི་ཛོར་བོ་ཞིག་དང་། བལྟ་ཉན་མི་བྲོ་བ་ཞིག་བཟོ་བཞིན་འདུག་པ་འདི་ཤེས་པར་བྱོས།
བཀུར་འོས་པདྨ་ལགས་དང་ཆོས་འཕེལ་ལགས་སོགས་མཁྱེན་ཡངས་རྩོམ་པ་པོ་རྣམ་པར་ཞུ་རྒྱུར། རྩོམ་ཐུང་འདིའི་བརྗོད་བྱ་རྗོད་བྱེད་དང༌།-ནང་དོན་གོང་རིམ་སོགས་ཕྱོགས་གང་སར་སྐྱོན་གྱི་ཆ་ཤིན་ཏུ་མང་ངེས་པས། ཁྱེད་རྣམས་ཀྱིས་རྒྱུ་མཚན་ལྡན་པའི་དགག་བཞག་གི་དག་བཅོས་དང་དགོངས་འཆར་གནང་དགོས་རྒྱུ་ནི་བོད་ཀྱི་རྩོམ་རིག་ལ་དགའ་ཞེན་ཡོད་པའི་མི་ཞིག་གི་ལས་འགན་ཡིན་པས། དགོངས་འཆར་ལྷུག་པོར་གནང་རྒྱུའི་རེ་བ་ཤིན་ཏུ་ཡོད།
སྒང་ནེ་ཡི་ཤེས་འཇིག་མེད་ལགས། ཡོན་རིང་རྗེས་ལ་ཁྱེད་ཀྱི་རྩོམ་ཆོས་མཇལ་རྒྱུ་བྱུང་པར་དགའ་ཚོར་སྐྱེས། མུ་མཐུད་བོད་ཀྱི་རིག་གནས་ཐད་འབད་འབུམ་གནང་པར་མཁྱེེན