ཀླད་ཀྱི་གཏམ།
མཚན་མོའི་གཡང་གཟར་དུ་ལྷུང་བའི་བྱ་རྒོད་ཅིག་གིས་སླར་ཡང་རང་ཉིད་ཀྱི་ནམ་མཁའ་སྔོག་རྒྱུ་ཡིད་ལ་དྲན། དུས་མཐའི་རྡོ་རིང་གི་ངོས་སུ་མ་རྒན་གྱིས་གནང་བའི་ཡིག་ནག་འབྲི་རྒྱུ་ཡིད་ལ་དྲན། ཡིད་ལ་དྲན་ཡེ། རྒྱུ་འབྲས་ཀྱིས་བརྩམས་པའི་ཡིག་ནག་ཡིད་ལ་འཇེབས་པ་དག་ཐོག་མར་རྒྱུ་འབྲས་ལས་བྱུང་བ་ཡིད་ལ་དྲན། འདི་ནི་མཚན་མོ་ཞིག་རེད། འོ་ན་ང་རང་ཚོའི་རྣམ་ཤེས་ནི་ས་སྒང་གི་ཐུན་མོང་མ་ཡིན་པའི་དཔུང་སྡེ་ཁྱད་མཚར་བོ་ཞིག་ཡིན་དོན་ཅི། དེ་ནི་རིག་གནས་ཀྱི་མགོ་ཁུངས་གཏུག་སའི་འཁྱགས་རོམ་གྱི་གཡང་གི་གངས་རི་ཆེན་པོ་དང་འབྲེལ་འདུག་པས་ཡིན་ནམ། ཡང་ན་གངས་རི་ཆེན་པོ་དེ་རྣམ་པ་ཀུན་ཏུ་ནམ་མཁའ་ལ་གཟེངས་ཐུབ་པས་ཡིན། དོན་དངོས་སུ། ང་ཚོ་མུན་ནག་དང་གདོང་ཐུག་བྱུང་དུས། འོད་སྣང་མཆེད་མ་མྱོང་ནའང་བརྗེད་ཆུ་འཐུང་བ་ལ་ནམ་ཡང་ཞེད་པོ་ཡོད། རྒྱུ་མཚན། འདི་ནི་མཚན་མོ་ཞིག་རེད། དངོས་པོ་དག་ལ་དབྱངས་རྩོམ་མཁན་གྱི་སྐྱེས་བུ་ཁྱེད་ཀྱི་བདེན་པའི་སྤྱན་རིས་འདི་ཕྱོགས་སུ་གཟིགས་ཙམ་མི་གནང་ངམ། དེ་ནས་ཁྱེད་ཀྱིས་དངོས་སུ་མུན་ནག་མཐོང་ངེས་སོ། དེ་ནས་སྒྲོ་བཏགས་མཛད་པའི་སྐར་འོད་རྣམ་པར་འཚེར་བའི་མཚན་མོའི་རྫུན་རྐུབ་བརྟོལ་ངེས་སོ། དོན་དུ། ང་ཚོ་མུན་ནག་གི་ནང་དུ་ཡོད། ང་ཚོས་གཙང་བོ་བརྒལ་ཐུབ་མེད། དེ་ལྟ་ནའང་། ང་ཚོ་ལ་ད་དུང་སྙན་ངག་ཡོད། སྙན་ངག་གི་དད་མོས་ཡོད། སྙན་ངག་ནི་མིའི་རྣམ་ཤེས་དང་འབྲེལ་བ་ཟབ་མོ་ཡོད་པའི་རིག་གནས་ཤིག་ཡིན། མུན་སྟུག་གི་མཚན་མོ་འདི་ལ་ང་ཚོ་སྙན་ངག་གི་རིག་གནས་དང་མཉམ་དུ་འཚོ་སྡོད་བྱས་ཆོག སྙན་ངག་ནི་ཡི་གེ་མ་ཡིན། སྙན་ངག་ནི་འཁུན་ངག་དིར་དིར་བཟློ་བ་ནི་དེ་བས་ཀྱང་མ་ཡིན། སྙན་ངག་ནི་འཚོ་སྡོད་དང་འབྲེལ་བ་ཡོད་པའི་རིག་གནས་ཤིག་ཡིན། མུན་སྟུག་གི་མཚན་མོ་འདི་ལ་སྙན་ངག་ལ་བློ་དཀར་བའི་སྐྱེས་བུ་དག་གིས་སྙན་ངག་ལ་བྲང་གཏད་ཅིང་གཡོ་སྒྱུ་ཟོལ་ཟོག་མེད་པར་མུན་ནག་བསྟེན་ཐུབ་པའི་སྨོན་ལམ་འདེབས། སྨོན་ལམ་འདེབས།
བསུ་མའི་ཆར་བ།
སྙན་ངག་པའི་མཚན་མོ་ལ་ཕུལ་བའི་གཏམ།
དུར་བུད་རྣམ་གྲགས།
མཚན་མོ་ནི་རྟོག་འཆར་ལ་དབང་བའི་དབེན་ཐིང་ཐིང་གི་གོ་སྐབས་དེ་ཡིན་ཞིང་། མཚན་མོ་ནི་སྙན་ངག་པ་དག་གིས་མི་ཚེའི་ཆོས་ཉིད་ལ་མཇལ་འཕྲད་གནང་བའི་གྲང་བསིལ་བསིལ་གྱི་དུས་ཚོད་དེའང་ཡིན། མཚན་མོ་ལ། གཉིད་དུ་ཡུར་བའི་ཟླ་བའི་རྨི་ལམ་སྒོའི་ཕྱི་རོལ་དུ་བུད་པ་དང་མཇལ་སྲིད་ཅིང་།
མཚན་མོ་ལ། བསམ་གཞིག་ཟབ་མོའི་ཀློང་དུ་གཡེང་བའི་རི་བོའི་གློ་གསེང་ནས་ཐལ་བའི་དབུགས་ཁ་རྒྱུ་བའང་ཚོར་ཐུབ།
མཚན་མོ་ལ། ཚངས་པའི་སྲས་མོའི་པི་ཝང་རྒྱུད་སྐུད་དུ་དངར་བའི་ཀུན་ཏའི་འཕྱང་ཕྲུལ་ས་ལ་འཐོར་བ་དེ་དག་ལས་འཕྲོ་ཅན་འགའ་རེས་རྙེད་སྲིད་ཅིང་།
མཚན་མོ་ལ། འཇིག་རྟེན་ངོ་ཚ་དཀར་ནག་གི་ཐིག་མཚམས་དེའང་སྙན་ངག་པ་དག་གིས་གསལ་པོར་རྟོགས་སྲིད་གི་རེད།
འཇར་མན་གྱི་གཏན་ཚིགས་སྨྲ་བ་ཆེན་མོ་ཧེ་ཀིར་གྱི་གཏམ་དེ་བདེན་སྲིད་ན། འཇིག་རྟེན་གྱི་ཤེས་རབ་དང་བསམ་གཞིག་གི་མངའ་བདག་ཏུ་བསྐོས་པའི་ལྷ་མོ་མྭས་ནཱ་ཧྥ་ཡི་བླ་བྱ་འུག་པ་གསེར་མིག་དེ་མཚན་མོའི་དུས་སུ་ད་གཟོད་འཕུར་སྐྱོད་ཐུབ་པ་ཡིན་ཞེས་གསུངས་སོ།།
གལ་ཏེ་ཁོ་བོའི་བསམ་གཞིག་ལ་ནོར་འགལ་ཆེས་ཆེར་བྱུང་མེད་ཚེ། མཚན་མོའི་དུས་སུ་ད་གཟོད་འཕུར་སྐྱོད་ལ་སྤྲོ་བའི་འུག་པ་གསེར་མིག་དེའང་ཕལ་ཆེར་ཤེས་རབ་དང་བསམ་གཞིག་གི་མིག་འོད་འབར་བའི་མེ་ཕུང་དེ་ལ་གཏད་དེ་འཕུར་སྐྱོད་ཐུབ་པ་ངེས་ཅན་ཡིན་ཞེས། སྙན་ངག་པའི་མཚན་མོ་དེ་རུ་འབྱོར་ལ་ཁད་དུ་ལོས་ཡོད་སྙམ།
གལ་ཏེ། ཁོ་བོ་ལའང་དེ་རུ་འབྱོར་བའི་གོ་སྐབས་རེ་ཤར་སྲིད་ན། ཁོ་བོས་ཀྱང་སྙན་ངག་པའི་མཚན་མོ་ཐེངས་གཅིག་སྐྱེལ་ན་འདོད་དོ།།
2017.7.23
བོད་ཀྱི་སྙན་ངག་པའི་མཚན་མོར་ཕུལ་བའི་གཏམ་ཐུང་ངུ་།
ལྷ་རྒྱལ་ཚེ་རིང་།
བོད་མིའི་དེང་རབས་སྙན་ངག་ནི་མི་རབས་རེ་རེའི་སྐབས་སུ་འགྱུར་ལྡོག་བྱུང་ཡོད་པ་དང་འབྱུང་སྲིད་པ་ཞིག་ཀྱང་རེད། དེ་ནི་རླབས་ཕྲེང་གི་རྣམ་པ་ལྟ་བུ་ཞིག་ཡིན་པས། རྟག་ཏུ་ཉམས་མེད་སྲོག་དབང་གིས་གསར་བ་གསར་བའི་ཚུལ་དུ་མཁའ་ལ་འཕྱོ་བའི་བློ་སྤོབས་ཀྱི་གདེང་དང་ལྡན་པར་གྱུར་བ་མ་ཡིན་ནམ། དེ་བཞིན་བོད་ཀྱི་སྙན་ངག་པ་རྣམས་ཀྱིས་ཀྱང་མི་རབས་རེ་རེའི་རིང་དུ་གདོང་གཏོད་ས་མི་འདྲ་བའི་གེགས་རྐྱེན་སྣ་ཚོགས་བརྟོལ་ནས། ཕ་གཞིས་མ་ལག་གི་དགའ་སྐྱོ་ཆགས་སྡང་མཚོན་པའི་ངག་གི་ལྟ་མགུར་རྩོམ་པ་ལ་མི་འཇིགས་པའི་གཟུངས་སྤོབས་ཤེས་རབ་རྙེད་པར་ཁོ་བོ་རྟག་ཏུ་ཡིད་ཆེས་ཀྱིས་ཁེངས་ཡོད།
དེ་ལྟ་དེ་ལྟར་རང་རེ་རྣམས་དུས་ཀྱི་དཀྱོགས་མཚམས་འདི་འདྲ་ཞིག་ལ་འཕྲད་པའི་སྐབས་སུ། སྙན་ངག་པའི་མཚན་མོ་ནི་བསྟན་བཤིག་ཚ་བོའི་འཆར་ཡན་གྱི་མཚན་མོ་ཁོ་ན་ཞིག་མ་ཡིན་པར། བོད་ཀྱི་སྙན་ངག་པའི་དཔུང་སྡེ་དེ་ཉིད་ཀྱིས་བསྐྱར་དུ་རང་ཉིད་ཀྱི་རྣམ་ཤེས་ཀྱི་ཚིག་གིས་བཙུན་པའི་དབྱངས་རྟ་གསར་བ་ཁོང་ནས་སྒྲོག་པ་དང་། མཉེས་གཤིན་གྱི་བློ་ཁོག་ཡངས་མོ་སྐྱ་རེངས་བཞིན་གསལ་བའི་དུས་ཀྱི་ལྷ་མོ་དང་འགྲོགས་ནས། སྙན་ངག་གི་གཏན་གྱི་སྨྲ་བརྗོད་ལྐུགས་པ་མེད་པར་ནང་གི་བདེན་དགེ་མཛེས་གསུམ་བསྐྲུན་པ་ལ་བདག་ཡིད་རེ་བས་བརྟས་སོ།།
2017.7.22
སྐབས་འདིར། ངས་སྙན་ངག་བར་གྱི་ཁ་བརྡ་ཚོར་ཐུབ།
བ་རེས།
ངས་རྒྱང་རིང་ནས།
རྒྱང་རིང་གི་མཚན་མོ་དེར་ལྟ་དུས།
ངའི་བློ་ངོ་རུ་མཚན་མོ་གཞན་ཞིག་འཁོར་བྱུང་།
མཚན་མོ་དེའི་མིང་ལ་སྙན་ངག་གི་མཚན་མོར་འབོད་ཅིང་།
སྙན་ངག་ནི་མཚན་མོ་དེའི་སྐར་ཚོགས་ཡིན་པས།
སྐབས་འདིར།
ངས་ང་དང་ཡུལ་གྱིས་བསྐལ་ལ་བར་ཐག་ཀྱང་ཉེ་བའི།
འོད་འཚེར་བའི་སྐར་མ་རེ་རེའི་བཀྲག་མདངས་ལས།
མཚན་མོ་འདིའི་སྙན་ངག་རེ་རེའི་བར་གྱི་ཁ་བརྡ་ཚོར་ཐུབ།
2017.7.24
སྙན་ངག་གི་མཚན་མོའི་གྲོགས་པོ་རྣམས་ལ་ཕུལ་བའི་གཏམ།
ལྷོ་ཁ་ཨོ་རྒྱན་རྡོ་རྗེ།
མུན་པ་ཆེས་སྟུག་པའི་མཚན་མོ་འདིར། བདག་ནི་ཧུའུ་ནན་གྱི་ཁྲང་ཧྲ་ན་ཡོད། ལྕགས་ཀྱི་བྱ་རྒོད་ལས་བབས་མ་ཐག་ཡིན།
གྲོགས་པོ་རྣམ་པ། རྒྱུས་ངོ་མེད་པའི་སྙན་ངག་གི་མཚན་མོའི་གྲོགས་པོ་རྣམ་པ། ཤུགས་རྒྱག་རོགས། མཚན་མོ་འདི་ཕར་ལ་བསྐྱལ་རྗེས། ང་ཚོས་འོད་ཟེར་ལྡན་པའི་སང་ཉིན་དེ་ཡིན་གཅིག་བསུ་དགོས། བདག་གིས་ཀྱང་རང་རིགས་ཀྱི་ཕ་ས་ཡར་ཀླུང་ན། རང་ནུས་གང་ཡོད་འདོན་གྱིན་ཡོད་ཨང་།
2017.7.23
བོད་ཀྱི་སྙན་ངག་གིས་སྤྲིན་གྱི་བང་རིམ་བརྟོལ་ནས་འཛམ་གླིང་ཁྱབ་པར་ཤོག
བོད་ཀྱི་སྙན་ངག་ནི་བདག་མེད་རྟོགས་བྱེད་ཀྱི་ཆོས་གླུ་མ་ཡིན།
བོད་ཀྱི་སྙན་ངག་ནི་ཁེར་རྐྱང་ཚོར་བྱེད་ཀྱི་གདུང་གླུ་ཡང་མ་ཡིན།
བོད་ཀྱི་སྙན་ངག་གིས་བོད་སྐད་བཤད་དེ་སེམས་ཀྱི་གྲོང་ཁྱེར་སྐྲུན་པར་ཤོག
བོད་ཀྱི་སྙན་ངག་རྒྱལ་ལོ། སྙན་ངག་པའི་མཚན་མོ་རྒྱལ་ལོ།
ལྷ་ཆབ་སྦྱིན་པས་ཨོ་གླིང་དུ།
2017.7.24
མཚན་མོའི་སྐར་ཚོམ།
ཐེངས་འདིར་བོད་ཀྱི་སྙན་ངག་དང་སྙན་ངག་པར་འབྲེལ་བ་ཡོད་པའི་དོན་གནད་ཆེ་ཤོས་སྐོར་ཞིག་ལ་དམིགས་ནས་དྲི་བ་དྲིས་ལན་ཅུང་འཐུས་སྒོ་ཚང་བ་ཞིག་སྤེལ་འདུན་གྲོས་མོད།དུས་ཚོད་དང་འབྲེལ་གཏུག་གི་རྐྱེན་གྱིས་ལམ་ལྷོངས་དེ་འདྲ་བྱུང་མ་སོང་། ཡིན་ནའང་དུས་ཐོག་ལྟར་དྲི་བ་དྲིས་ལན་ཁ་ཤས་ལག་སོན་བྱུང་བས། དོ་སྣང་དང་གཟིགས་འདོད་ཡོད་པ་རྣམས་ལ་ཕན་པའི་རྒྱུ་ཕྲ་མོ་ཙམ་བསྐྲུན་ཐུབ་པར་སྙམ་ནས་གཤམ་དུ་བཀོད་པ་ལགས་སོ།།
འབྲོང་གི་དྲི་བ། སྙན་ངག་གི་རོལ་མོ་རང་བཞིན་ཞེས་པ་དེས་སྙན་ངག་པ་དང་ཀློག་པ་པོའི་བར་དུ་སྦྲེལ་ཟམ་ག་འདྲ་ཞིག་གཟུག་ཐུབ་པ་དང་སྦྲེལ་ཟམ་དེས་སྙན་ངག་དངོས་ལ་ཤུགས་རྐྱེན་ག་འདྲ་ཐོན་ཐུབ་བམ།
བདེ་གྲོལ་གྱི་ལན། སྤྱིར་ཅུང་ཟད་ལྐོག་ཏུ་གྱུར་བའི་ལམ་ནས་སྨྲས་ན་སྙན་ངག་ནི་རོལ་མོ་ཡིན་ལ། རོལ་མོ་ནི་སྙན་ངག་ཡིན་ཞེས་ཀྱང་བཤད་ཆོག རེད་དེ་སྙན་ངག་ནི་ཡི་གེའི་ངོ་བོར་གྱུར་བའི་རོལ་མོ་དང་། རོལ་མོ་ནི་འགྱུར་ཁུག་གི་རྣམ་པར་གྲུབ་པའི་སྙན་ངག་རེད། ཡིན་ཡང་སྙན་ངག་གི་སྒྱུ་རྩལ་ནང་ངོས་ནས་ཞིབ་ཏུ་བསམ་ཚེ། སྙན་ངག་གི་རོལ་མོའི་ཆ་དེ་རང་བྱུང་དང་རང་བྱུང་མ་ཡིན་པ་དག་གིས་གཡོས་པའི་སྙན་ངག་པའི་སྙིང་རྩའི་འཕར་ལྡིང་དང་དམ་དུ་སྦྲེལ་ཡོད་པས་དེ་ཉིད་ཀློག་པ་པོའི་སེམས་ཀྱི་འགྱུར་ཁུག་དང་འདྲེས་པར་གྱུར་ཚེ་ཀློག་པ་པོས་སྙན་ངག་ནང་གི་རོལ་མོ་དང་འགྲོགས་ཏེ་སླར་ཡང་སྙན་ངག་གི་ཞིང་ཁམས་སྣ་ཚོགས་མཐོང་ཐུབ་པ་རེད་སྙམ། དེས་སྙན་ངག་དངོས་ཀྱང་སྙན་ངག་པས་བརྩམས་གྲུབ་རྗེས་ཀྱི་དུས་དང་ཡུལ་ལས་འདས་པར་བྱས་ཏེ་ཀློག་པ་པོའི་སེམས་ལྗོངས་སུ་རྒྱ་སྐྱེད་པར་བྱེད་དོ།།
དཔའ་རྩེའི་དྲི་བ། སྙན་ངག་ཁྲོད་ཀྱི་ཚོར་འདུ་ཤུགས་དྲག་དེ་སྙན་ངག་པ་ཡོད་ཚད་དང་སྙན་ངག་ཐམས་ཅད་དུ་མི་མངོན་པའི་རྒྱུ་མཚན་ཅི། དེ་དང་ཚོར་བ་དངོས་མ་དང་ཚོར་བ་རྫུན་མ། ནད་མེད་འཁུན་སྒྲ་སོགས་ལ་འབྲེལ་བ་ཡོད་དམ།
སྒྲེན་པོའི་ལན། སྤྱིར་ན་སྙན་ངག་སྙན་ངག་ཡིན་བྱེད་ནི་ཚོར་བ་ཡིན་པ་བསྙོན་མེད་ཡིན་མོད། སྙན་ངག་ཐམས་ཅད་ཚོར་སྣང་དབང་བཙན་པོར་བྱས་ཏེ་གྲུབ་པའི་ངེས་པ་གཏན་ནས་མེད། སྙན་ངག་ཚོར་བས་ཁྱོགས་མིན་དེ་ཡང་མཐར་དེད་ན་སྙན་ངག་རྩོམ་པའི་སྐབས་ཀྱི་གདམ་གསེས་ལ་འབྲེལ་ཡོད། སྙན་ངག་ལ་ཤས་ནི་དགའ་སྐྱོ་ཆགས་སྡང་གིས་ཡོངས་སུ་མ་བརླམས་ཀྱང་། ཚིག་གི་གྲུབ་གྲོལ་དང་རྣམ་པ་གསར་ཤས་ཅན་ལ་བརྟེན་ནས་ཀློག་མཁན་གྱི་སྣང་ངོར་གསར་རྐྱང་གི་སྣང་བ་ཞིག་སྟེར་ཐུབ། “སྙན་ངག་ནི་སྐད་ཆ་བཤད་སྟངས་ཤིག་ཡིན”ཞེས་ལབ་དོན་ཡང་དེར་ཐུག་ཡོད། ཚོར་བ་དངོས་རྫུན་དང་ནད་མེད་འཁུན་སྒྲ་བཅས་ལ་འདི་ཞེས་རྒྱ་ཤིང་ལྟ་བུའི་ཡང་ལྕི་འཇལ་ཆས་ཤིག་མེད་ཀྱང་། བྲིས་པའི་སྙན་ངག་དེ་ཆགས་སྡང་གི་གཏན་ཚིགས(情感逻辑)དང་མཐུན་མིན་དང་། སྙན་ངག་ཁྲོད་ཐོན་པའི་ཚིག་དང་ཡིད་གཟུགས་ཇི་སྙེད་རྩོམ་མཁན་གྱི་དངོས་བརྒྱུད་མྱོང་སྟོབས་ཀྱིས(生命体验)ཟིན་མ་ཟིན་གྱི་ཚད་ནས་དགར་དགོས་པ་འདྲ།
བདེ་གྲོལ་གྱི་དྲི་བ། སྙན་ངག་གིས་ཁྱེད་ཀྱི་མི་ཚེའི་ནང་ལ་བཞག་པའི་དོན་སྙིང་ཆེ་ཤོས་དེ་གང་རེད་དམ།
མདའ་བཙན་པོའི་ལན། ང་ཡིས་ཚེ་གང་ལ་རུམ་ཡང་དུས་ཐུང་ངུ་ཙམ་ལའང་རྗེས་མ་ལོན་ལ་དོན་མ་རྟོགས་པའི་སེམས་ཟེར་བ་འདིའི་ངོས་ཀྱི་ཐ་སྙད་དག དོན་སྙིང་ཆེ་ཤོས་ཟེར་བ་དང་། ཚད་གཞི་མཐོ་ཤོས་ཟེར་བ་དང་། གཞུང་ལུགས་ཟབ་མོ་ཟེར་བ་དག་ལ་རྒྱབ་སྟོན་ཕྱིར་ཏུ། སྣ་གཉེར་བྱེད་དུ། མཆུ་གཅུ་བྱེད་དུ་དང་། ཡང་ན་རང་ཚུགས་རྟ་སྒ་མ་ཅན་ཞིག་བཅའ་ཕྱིར་ཏུ་སྙན་ངག་ཅེས་པ་འདིའི་དྲི་དང་རོ་ཙམ་དུ་ཕབས་པ་ཡིན་ལ། མྱ་ངན་སྟེར་བ་དང་། འགྱུར་ལྡོག་ཆེ་བ། གདུག་རྩུབ་ལྡན་པ་སོགས་ཀྱི་ལས་ཀ་འདིས་མི་ཚེའི་ནང་ལ་བཞག་པའི“དོན་སྙིང་ཆེ་ཤོས་”ཟེར་བའང་དེ་འདྲ་ཞིག་ཡིན་པ་འདྲའོ།།
མཚོ་བུ་དགའ་བདེའི་ལན། ང་ལ་མཚོན་ན་དོན་སྙིང་ཆེ་ཤོས་དེ“རྡོག་རྡོག་འདི་རེད”ཅེས་སྟོན་རྒྱུ་ཅི་ཡང་མི་འདུག་པ་མ་ཟད། སྙན་ངག་གིས་ཅི་ཞིག་ནུས་པ་རེད་ཅེས་དྲིས་ནའང་ལན་ཡག་པོ་ཞིག་རྩ་བ་ནས་གདབ་རྒྱུ་མི་འདུག ཡིན་ཡང་བསམ་ཚོད་ཅིག་ལ་སྙན་ངག་གིས་འཚོ་བའི་གྲུབ་ཆ་ཡོད་དོ་ཅོག་དང་དེའི་རང་བཞིན་མ་ལུས་པ་དག་སྐོམ་གདུང་གིས་མནར་བའི་མི་ཚོགས་ཀྱི་སྣང་ངོར་བཏུང་ཆུ་བཞིན་དྲངས་ཆོག་པས། ཕྲན་གྱིས་རྒྱུན་དུ་ཁེར་རྐྱང་ངང་བག་ཡངས་སུ་རྒྱུ་ཆོག་པའི་འཇིག་རྟེན་ཞིག་དྲན་འོངས་ལ་མངོན་སུམ་དང་སྟོང་བསམ་གཉིས་འདྲེས་ཀྱི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ཀྱང་དྲན་འོངས། གང་ལྟར། སྙན་ངག་གིས་ང་ལ་གནང་བ་མང་དྲགས་སོང་།
གཉན་གྱི་དྲི་བ། བོད་ཀྱི་སྙན་ངག་གསར་པའི་མིག་མདུན་གྱི་དཀའ་ཁག་དང་རྙོག་རྫོབ་གང་ནས་མཐོང་ཐུབ།
མདོ་སྨད་ཧེ་རུ་ཀའི་ལན། མི་རིགས་གང་ཡིན་ཡང་དེ་ལ་རྩོམ་རིག་འཕེལ་བའི་ལོ་རྒྱུས་ཡོད་པ་དང་ལོ་རྒྱུས་དེ་ལྟ་བུ་རྒྱབ་ལྗོངས་སུ་བསྙལ་ནས་བལྟས་ན། མི་རིགས་གང་དེའི་རྩོམ་རིག་གི་དཀའ་ཁག་ཤེས་ངེས་ལ་རྙོག་རྫོབ་མཐོང་ཐུབ་པ་ཡིན། དེ་བཞིན་བོད་ཀྱི་སྙན་ངག་གསར་པའི་མིག་མདུན་གྱི་དཀའ་ཁག་ཀྱང་མི་རིགས་རང་གི་རྩོམ་རིག་ལོ་རྒྱུས་དང་འཚོ་གནས་ཁོར་ཡུག་གི་ངོས་སུ་བཞག་སྟེ་བལྟས་ན་གསལ་ཏེ། སྙན་ངག་གི་ཆེས་གཞི་རྩར་གྱུར་བའི་གནད་གཅིག་ནི་བསམ་བློའི་རང་དབང་ཡིན། ཡང་ན་སེམས་ཀྱི་འཆིང་གྲོལ་ཡིན། ཆེས་སྤྱིར་བཏང་མ་ཡིན་པའི་རང་བྱུང་གི་གནད་ག་འདི་ལ་སྤྱི་ཚོགས་ཀྱིས་བཀོད་འདོམས་དང་སྒྲིག་འགོད་གནང་གིན་ཡོད་པས། ང་ཚོ་ཕྱིའི་ཁོར་ཡུག་གི་སྡོམ་གཅུན་དང་བཀག་རྒྱ་འདི་ལས་ཐར་ཐུབ་མེད་པ་དེ་དཀའ་ཁག་དང་རྙོག་རྫོབ་ཆེ་ཤོས་ཡིན་སྙམ།
སྙན་ངག་གིས་མཐར་ཐུག་བརྩེ་གདུང་ལ་བརྒྱུན་ནས་རྣམ་ཤེས་ལ་སྐད་འབོད་གཏོང་གིན་ཡོད་པ་ཡིན། མིའི་ནང་སེམས་འདོད་ཡོན་གྱིས་ཁ་ལོ་བསྒྱུར་པའི་ཁེ་ཕན་གྱི་ངོས་ནས་བལྟས་ཚེ།སྙན་ངག་ནི་གྲོགས་མེད་ཁེར་རྐྱང་གི་རྣམ་པར་ཆགས་པའི་སྣང་ཚུལ་མཐོང་དུ་ཡོད་ཅིང་། འཁོས་ཆུང་ཉམས་ཞན་གྱི་དབང་དུ་བསྐྱུར་འདུག་པའི་དངོས་ཡོད་བསླུ་བྲིད་ཀྱི་ཟིལ་ཤུགས་མཁའ་ལ་འདེགས་མོས་པའི་མི་རྣམས་ཀྱིས་སྣང་ཆུང་གིས་སྙན་ངག་ལ་རྨ་ཁ་ཟབ་མོ་ཕབ་ངེས་པར་སེམས།
རྩོམ་རིག་གསར་རྩོམ་དང་ཀློག་མཁན་གྱི་ངོས་ནས་བལྟས་ཡོང་ན། རྩོམ་རིག་གི་འཕེལ་རྒྱས་ནི་རྩོམ་མཁན་དང་ཀློག་མཁན་ཟུང་འདུས་ཀྱི་སྟོབས་ཤུགས་ལས་བྱུང་བ་ཞིག་ཡིན་མོད།བོད་ཀྱི་སྙན་ངག་ལ་རྩོམ་མཁན་མང་ཞིང་ཀློག་མཁན་ཉུང་བའི་ཆ་མི་སྙོམས་པའི་སྣང་ཚུལ་ཤིན་ཏུ་སྟུག་པ་འདི་སྙན་ངག་གསར་བར་མཚོན་ནས་བཤད་ན་ན་ཟུག་ཆེ་ཤོས་ཤིག་ཡིན་འདོད།
དཔེ་སྐྲུན་ཁང་རེ་འགའི་གཙོ་འགན་མི་སྣས་སྙན་ངག་གི་དེབ་པར་སྐྲུན་མི་བྱ་བའི་སྲོལ་ཁྱད་པར་བ་གསར་དུ་བཏོད་ཅིང་ལས་དེ་འདྲ་དཔའ་ཉམས་གྱིས་ཁུར་དུ་བླངས་པ་དེ་བོད་ཀྱི་རྩོམ་རིག་སྤྱི་དང་བྱེ་བྲག་སྙན་ངག་ལ་བཟོས་པའི་ནག་ཉེས་ཚབས་ཆེན་ཞིག་རེད་འདོད།
སློབ་གླིང་སོ་སོ་ནས་ཐོན་པའི་ལོ་ཙཱ་ཆེད་ལས་སུ་བཏགས་པའི་སློབ་བུ་སྙིང་སྟོབས་ཅན་རེ་འགས་ཚོད་ལྟ་དང་ལས་བྱའི་ཚུལ་དུ་སྙན་ངག་རྒྱ་ཡིག་ཏུ་བསྒྱུར་བར་གོམས་ཤིང་མོས་པའི་སྣང་ཚུལ་དེར་ཉམས་འཇོག་དགོས་པར་སྙམ་ལ། སྙན་ངག་ནི་རླབས་ཆེ་བའི་བསམ་བློའི་ལྗིད་ཤུགས་དང་གཏིང་ཟབ་པའི་བརྩེ་གདུང་གི་ཉིང་ཁུ་ལྷན་འདུས་ཀྱིས་གྲུབ་པས། ཚད་མཐོ་བའི་སྒྱུ་རྩལ་གྱི་བློ་མིག་གསར་བ་དགོས་ཤིང་སྤུས་དག་པའི་སྒྱུར་རྩལ་གྱི་ནུས་པའང་བླ་ལྷག་མཁོ་བ་ཡིན།
གཞན་ད་དུང་རྒྱལ་ཁབ་ཀྱི་ལས་གཞིའི་རྣམ་གྲངས་ཀྱི་རོགས་དངུལ་རེ་འགའ་བླངས་རྗེས་ཁ་ཕྱིར་འཁོར་ནས་སྙན་ངག་འགྲན་བསྡུར་སྤེལ་ཞིང་། སྙན་ངག་གི་གོང་ཚད་ཤོག་སྒོར་གྱིས་ཐག་གཅོད་བྱེད་པར་དགའ་བའི་སྣང་ཚུལ་དེས་སྙན་ངག་སྙན་ངག་ཏུ་མ་སོང་བར་སྙན་ངག་ལག་ཆར་སྒྱུར་གྱིན་པའི་བོད་ཀྱི་སྙན་ངག་ལ་རང་སྟེང་ནས་དེ་འདྲའི་དཀའ་ཁག་གི་སྣང་ཚུལ་རེ་འགའ་མཐོང་རྒྱུ་འདུག སྤྱིར་ན། རྩོམ་རིག་ནི་ཀློག་པ་པོའི་སྣང་ངོར་བཀྲམས་ཏེ་ལེགས་ཉེས་དཔྱད་བརྗོད་གནང་ནས་གདེང་འཇོག་གི་ཚུལ་གྱིས་བྱ་དགའ་སྤྲོད་རྒྱུ་ཞིག་ལས། སྒམ་ནས་མ་ཐོན་གོང་སྒོར་མོའི་མང་ཉུང་བཞག་སྟེ་འགྲན་བསྡུར་བྱ་རྒྱུ་ཞིག་ག་ལ་ཡིན། དེ་ནི་བསམ་པའི་ཉིང་ཁུར་བསྡུས་པའི་དུས་ཀྱི་དགོངས་པ་ཞིག་ལས་འགྲན་བསྡུར་རོལ་རྩེད་ཀྱི་བྱ་འགུལ་ཞིག་ཏུ་འགྱུར་བར་མི་འོས་སྙམ།དུས་རབས་སོ་སོའི་ནང་གི་སྙན་ངག་གང་ཞིག་ཡིན་རུང་མིའི་འཚོ་གནས་ཀྱི་དཀའ་རྙོག་དང་མ་འབྲེལ་བ་མེད་དེ། ལྷག་དོན་མི་ཚེའི་རིན་ཐང་དང་དོན་སྙིང་གི་ཁྲོད་ནས་འཚོལ་བསྙེག་གནང་ཡོང་བ་ཞིག་ཡིན། དུས་རབས་མི་གཅིག་པའི་སྙན་ངག་ལ་སྙན་ངག་གི་རྣམ་པར་རྟོག་སྟངས་དང་སྒྱུ་རྩལ་གྱི་མངོན་པར་མཚོན་སྟངས་མཆིས་པས་ན། སྙན་ངག་ལ་དུས་ཀྱི་ཁྱད་ཆོས་ཆགས་ཤིང་ཡུལ་གྱི་ཁ་དོག་བསྒོས་ཡོང་བ་ཡིན། དེ་བཞིན་སྙན་ངག་ལ་འཚོ་གནས་ཀྱི་ངུ་ཤུམ་དང་ཁེར་རྐྱང་། ཡུལ་དང་དུས་ཀྱི་བདེན་པའི་གདུང་ཟུག རེ་འཁང་དང་བརྩེ་གདུང་བཅས་དགོས་ཀྱིན་ཡོད་པ་ཡིན། འཚོ་གནས་ན་ཟུག་མེད་པའི་སྙན་ངག་པས་གསར་རྩོམ་གྱི་ནང་ལ་ན་ཟུག་ཆེད་དུ་འདེབས་ཤིང་། གཟབ་ནན་འགན་འཁྲི་མེད་པའི་སྙན་ངག་པས་སྙན་ངག་ནི་རོལ་རྩེད་དང་ཉམས་སེང་རྒྱག་སྤྱད་ཅིག་ཏུ་ངོས་འཛིན་པའི་རྣམ་འགྱུར་ལ་བརྩིས་ཡོད་པ་ཡིན། དེ་དག་ནི་ང་ཚོའི་སྙན་ངག་གི་མདུན་དུ་ལྷག་པའི་དཀའ་རྙོག་ཀྱང་ངོ་། སྙན་ངག་པས་དངོས་ཡོད་སྤྱི་ཚོགས་ལོ་རྒྱུས་ཀྱི་འོས་འགན་དང་འཚོ་གནས་བསྲུང་ཡོད་ཅིང་། རྣམ་ཀུན་གསར་བའི་ཆ་ལ་སྙེག་ཅིང་གསང་བའི་ངོ་གདོང་བཀྲལ་བའི་མཛེས་པ་ཚུར་ལེན་གྱི་བྱ་འགུལ་ཞིག་ཡིན་པས། དངོས་ཡོད་དང་ཕུགས་བསམ་གྱི་བར་ཁྱད་དང་ཁ་ཐག་རིང་དུ་སོང་བའི་ཉེན་འཚུབ་དང་ཁོང་ཁྲོ། འུ་ཐུག་དང་ཐབས་ཟད། ཉམས་ཆུང་ནུས་མེད་ཀྱི་ཚོར་བ་འབྱུང་ངེས་མོད། དེ་ལྟ་ནའང་། སྙན་ངག་པ་ལའང་རང་གི་བློ་རྩེ་གཏད་སའི་རིག་གནས་ཀྱི་གཟུང་ཐག་དགོས་ཀྱི་ཡོད། རང་གི་འཚོ་བའི་ཉམས་ལེན་དང་རིག་གནས་ཀྱི་དད་རྟེན་བྲག་རི་གཡའ་སྤང་ལ་ནང་སེམས་གཏད་དེ་གཏན་འཇགས་ཀྱི་བསམ་བློའི་འཁྱེར་སོ་དགོས་པ་ཡིན། རླུང་བུ་གར་གཡུག་གིས་ཁ་ཕྱོགས་དམིགས་མེད་དུ་སྒུལ་ནུས་པའི་གྱང་ཁའི་རྩྭ་ལྟ་བུ་མིན། སྙན་ངག་མཆིལ་ཟེགས་ལྟ་བུ། སྙན་ངག་ཝུ་སོབ་ལྟ་བུ། སྙན་ངག་འཇའ་རིས་མ་ལྟ་བུ་འབྲི་བའི་ལས་ནི་དོར་བར་བགྱི་དགོས་སྙམ།
མདོར་ན། སྙན་ངག་ལ་འཇུག་པ་ནི་མཛེས་སྡུག་ལྡན་པའི་ལས་ཀ་ཞིག་ཡིན། དེ་ནི་འཚོ་བའི་གཏིང་ལ་ཟུག་པའི་འོད་ཟེར་དང་འདྲ་བས། གསལ་ཞིང་དྲོ་བའི་རང་བཞིན་ལ་ཉམས་པ་མེད། རིག་གཞུང་ཞིབ་འཇུག་གི་གཏན་ཚིགས་དང་རིང་དུ་གྱེས་པའི་མཉེན་ཞིང་འཇམ་པ་ཞིག་ཡིན་པའང་ཚེ་སྲོག་གི་ནེམ་ཤ་དང་འབྲེལ་ཡོད་པས་ཡིན། གྲགས་སྐམ་གྱི་ལས་ལ་གཞོལ་ཞིང་ཁེ་ཕན་ཁོ་ནས་བསླུ་སླ་བའི་མི་ལ་ནི་རྩོམ་རིག་མི་འབྱུང་སྟེ། རྩོམ་རིག་ནི་ཁྱོད་ཀྱི་ཕ་སྐད་མ་སྐད་བསྲུང་བའི་རིགས་རྒྱུད་ཀྱི་མདུད་པ་དང་འདྲ་ཞིང་། ཁྱོད་ཀྱི་རིག་གནས་ཞིང་སའི་རྒྱབ་ལོག་ཏུ་བསྐྱིལ་བའི་ལྟག་ཆུ་སྔོ་ལེ་བ་དེ་ཡིན། ནམ་ཡང་འཚོ་བ་དང་འབྲལ་དུ་མེད་ཅིང་། རྟག་ཏུ་ཚེ་སྲོག་དང་འཐབ་ནས་ཡོད་པའི་ལས་དབང་གི་གཡབ་མོ་དེའོ།
གཉན་གྱི་དྲི་བ། སྙན་ངག་པས་བྲན་གཤིས་སྤང་དགོས་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད།
གངས་ཀྱི་ལན། སྙན་ངག་པས་བྲན་གཤིས་སྤང་དགོས་པའི་རྒྱུ་མཚན་ཟེར་དུས་སྙན་ངག་པ་དག་མ་གཞི་ནས་བྲན་གཤིས་ཤིག་གིས་དམ་དུ་བཟུང་ཡོད་པ་ལྟ་བུའི་སྣང་བ་ཞིག་བཅོས་མིན་ཏུ་སྟེར་ཡོང་།འོ་ན་སྙན་ངག་པ་དག་ཐོག་དང་པོ་བྲན་གཤིས་ཀྱིས་བདག་གིར་བཟུང་བ་ཞིག་རེད་དམ།
ངས་སྙན་ངག་པ་དང་བྲན་གཤིས་ལྷན་ཏུ་སྦྱར་ན་ཡག་པོ་མ་རེད་འདོད་བྱུང་།རྒྱུ་མཚན་སྙན་ངག་སྨྲ་བའི་དབང་བོ་ཤ་སྟག་ཅིག་ཡིན་ཕྱིན།བྲན་གཤིས་ནི་ཁོ་ཚོའི་ཚེ་སྲོག་དང་འབྲེལ་བ་མེད་པ་ཞིག་ཏུ་ཆགས་ཡོད།ཁོ་ཚོ་ནི་བྲན་གཤིས་ཀྱིས་མི་ཟིན་པའི་རྣམ་ཤེས་མཚར་བོ་ཞིག་རེད།
མི་རྣམས་ཀྱི་བློ་རྨོངས་པའི་དབང་དུ་ཚུད་ཅིང་།འདྲ་མཉམ་གྱི་ཐོབ་ཐང་བོར་བ།འབྱོར་བས་སྦྲིད་སླ་བ་ཞིག་ཏུ་གྱུར་བས་བྲན་གཤིས་ཅན་ཏུ་གྱུར་ཡོད།སྙན་ངག་པ་ནི་མི་དེའི་རིགས་སུ་མི་གཏོགས་པར།བསམ་བློ་རང་ཚུགས་ཐུབ་པ་དང་འདྲ་མཉམ་གྱི་ཐོབ་ཐང་དོན་དུ་གཉེར་བ།སྲིད་པའི་འབྱོར་བ་ལ་སྐྱབས་སུ་མི་འགྲོ་བ་ཞིག་གི་སྒང་ནས་མི་ཚེའི་སྣང་བ་གསར་བ་ཇུས་འགོད་བྱེད་མཁན་ཞིག་རེད་འདོད།
སྙན་ངག་པའི་ལུས་ཀྱི་བྱ་བྱེད་དང་འགྲོ་འདུག་སོགས་དབང་ཤེད་དང་འབྱོར་བ།རིག་གནས་བག་ཆགས་སམ་ཡུལ་སྲོལ་གོམས་གཤིས་གང་རུང་གིས་ཚོད་འཛིན་ཐེབས་པའི་དབང་དུ་བཏང་ཡང་།སེམས་ནི་རྒྱལ་མཚམས་མེད་པར་རང་དབང་ལ་བརྟེན་ནས་རྒྱང་དུ་བསྐྱོད་ཀྱིན་ཡོད།དེར་མ་ཟད་མཚམས་ལན་རེར་རང་གི་ལུས་པོ་ལ་ཡང་ཚ་བེར་བེར་གྱི་ཐལ་མོས་འབྲབ་པར་བྱེད།དེའི་ཕྱིར་ཁོང་ཚོས་བྲིས་པའི་སྙན་ངག་ནི་རང་དབང་མཚོན་པའི་རྟགས་མཚན་རིགས་ཤིག་ཏུ་གྱུར་ཡོད།སྙན་ངག་དང་དྲིལ་སྒྲོགས་ཅེས་པའི་དེབ་ཏུ།ང་ཚོའི་ཚེ་སྲོག་ཁྲོད་ཀྱི་ནོར་བུ་དངོས་ནི་སྙན་ངག་དང་རང་དབང་ཡིན་ནོ་ཞེས་གདམས་ཡོད།སྙན་ངག་གི་གཞུང་ལུགས་སྨྲ་བའི་སློབ་དཔོན་吴思敬ལགས་ཀྱིས་སྙན་ངག་པ་ནི་ནམ་མཁའ་བདག་གིར་འཛིན་མཁན་ཞིག་རེད་ཅེས་གསུངས་ཡོད།ནམ་མཁའ་ནི་ཁོང་གི་གཞུང་ལུགས་སུ་རང་དབང་གི་དོན་ཡིན་ལ།སྙན་ངག་རྩོམ་པའི་གང་ཟག་གི་སེམས་ཀྱི་ཁྱབ་རྒྱ་ཡངས་པའི་ཀློང་དུ་འདྲེས་པ་བསྟན་ཡོད།ཧེ་གྷིར་གྱིས་ནམ་མཁའ་ལ་བདག་བྱེད་པའི་མི་རིགས་ནི་རེ་བ་ཅན་གྱི་མི་རིགས་ཡིན་ལ།རྐང་འོག་མ་གཏོགས་མི་མཐོང་བའི་མི་རིགས་ནི་རེ་བ་ཟད་པའི་མི་རིགས་ཤིག་ཡིན་ཞེས་གསུངས་ཡོད།འདིའི་སྐབས་ཀྱི་ནམ་མཁའ་ལ་བདག་བྱེད་པ་ཟེར་བ་ཡང་རང་དབང་དོན་དུ་གཉེར་བའི་དོན་སྟོན་པ་ཞིག་རེད།
མཇུག་གི་སྨོན་ལམ།
སྐྲག་པ་རྣམས་ནི་འཇིགས་མེད་ཤོག།
བཅིངས་པ་རྣམས་ནི་གྲོལ་བར་གྱུར།།
མཐུ་མེད་རྣམས་ནི་མཐུ་ལྡན་ཞིང་།།
སེམས་ནི་ཕན་ཚུན་གཉེན་གྱུར་ཅིག།
ཞི་བ་ལྷས།
ཡོང་ཁུངས། ལྷ་ལས་བབ་འཕྲིན་སྟེགས།