རྡོ་རྗེ་དབང་ཕྱུག
གཅིག གླེང་སློང་བའི་ཆིངས།
ང་ཚོ་སྐོར་ཞིག་གིས་བོད་ཀྱི་ད་ལྟ་ལ་དམིགས་པའི་ལྟ་ཚུལ་ཁག་ཅིག་ཕྱོགས་བསྒྲིགས་བྱ་རྩིས་ཡིན། དེ་ལ་རྩོམ་ཡིག་ཅིག་འབྲི་རོགས་ཟེར། སྐད་ཆ་འདི་གོ་མ་ཐག་རང་ཉིད་ཀྱི་བསམ་བློའི་ཚད་གཞི་ལ་ཉམས་སད་ཅིག་བྱས་པ་ཡིན། དྲང་པོ་དྲང་བཞག་གིས་བཤད་ན། བརྗོད་གཞི་དེ་ངས་གླེང་ཐུབ་པ་ཞིག་ཁྱོན་ནས་མ་རེད། ཡིན་ནའང༌། ངས་འབྲི་མི་ཤེས་ལབ་ན་ཡིད་ཆེས་ཀྱི་མ་རེད། ཡིད་ལ་ཅང་འཁོར་གྱིན་མི་འདུག་ལབ་ན་བློར་འབབ་ཀྱི་མ་རེད། ད་ངས་ལན་ཅི་ཞིག་སྤྲད་ན་འོས་སམ། དོན་དག་ནི་འདི་འདྲ་རེད། དགྲ་ཡོང་ན་མདུང་མོ་མཉམ་འཛིན་དང་མགྲོན་ཡོང་ན་སྡེར་ཁ་མཉམ་བསྒྲིག་གི་བསམ་བློ་ཞིག་གཞི་ལ་བཞག་ནས། དཔའ་ཁས་ལེན་དང་མདུང་རྐེད་པར་གཟེབ་རྒྱུའི་ཁས་ལེན་བྱས་པ་ཡིན་མོད་ཀྱང༌། ང་ལ་མཚོན་ན་བརྗོད་གཞི་འདི་འདྲ་ཞིག་གླེང་རྒྱུའི་ཤེས་དཔྱོད་ཅི་ཡང་མེད།
ལྷག་པར་དུའང་དེང་སང་གི་ཤེས་ཡོན་པ་ཡིན་ཟེར་མཁན་ཁག་ཅིག་གིས་བོད་སྤྱི་ཚོགས་ཀྱི་དར་རྒུད་གླེང་སྐབས། ཆོས་ལུགས་དང་ཆོས་ལུགས་པ་གཅིག་ཏུ་ངོས་བཟུང་ཐལ་གྱི་སྐད་ཆ་ཞིག་གཙོ་བོ་བྱས་ནས་གླེང་གི་འདུག་ལ། བོད་ཀྱི་ལོ་རྒྱུས་སྟེང་གི་བྱུས་ཉེས་ཀྱི་རིགས་ཏེ། བློན་པོ་ལང་འབལ་གཉིས་ཀྱིས་མེས་ཨག་ཚོམ་ལྔ་ལམ་དུ་བརྫངས་པ་དང༌། སྣ་ནམ་ཞང་གིས་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་སྲོག་མདའ་མོས་འཕྲོག་པ། རྒྱལ་པོ་གླང་དར་གྱིས་རབ་བྱུང་ཡོན་ཏན་ཅན་གྱི་རིགས་ལ་ཀོ་ཐུམ་བརྒྱབ་ནས་ཆུར་བསྐྱུར་བ་དང་གཅེན་རལ་བ་ཅན་གྱི་མགུལ་གཅུས་ནས་བསད་པ། སྡེ་བ་ཞང་ཤག་པས་དབུས་གཙང་ལ་ཁྲག་གི་རྒྱ་མཚོ་བསྐྱིལ་བ། སོག་པོ་ལྷ་བཟང་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་དབུ་བྲེགས་པ། མི་དབང་ཕོ་ལྷ་བས་བོད་ལ་ནང་དམེའི་འཁོར་ལོ་བསྐོར་བ། ཇུན་གར་ཚེ་དབང་རབ་བརྟན་སོགས་ཀྱིས་སྨིན་གླིང་ལོ་ཆེན་གྱི་མགུལ་བ་བཅད་པ། སྟག་བྲག་རྗེས་འབྲངས་དང་བཅས་པས་རྒྱལ་ཚབ་རྭ་སྒྲེང་བཀྲོངས་པ། ལྷ་ས་མཐིལ་གྱི་བླ་དཔོན་སྐོར་ཞིག་ངན་ཁ་འཆམ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཚེ་སྲོག་བཀུམས་པ་སོགས་གནའ་རབས་དང་ཉེ་རབས་ལོ་རྒྱུས་ཀྱི་ཉེས་ཕྱོགས་འདི་ཚང་མར་ཆོས་ལུགས་དང་ཆོས་ལུགས་པས་མ་འགྲིག་པའི་རྒྱུ་མཚན་ཕྱོགས་རེ་བ་ངོམ་འཕྱར་ལྟ་བུས་གླེང་གི་འདུག་པར་མཐོང་ཞིང༌། ཡང་ཤེས་ཡོན་པར་རློམ་པ་ཁག་ཅིག་གིས་ནི་ཆོས་སྲིད་གཉིས་ཐད་ཀྱི་བྱས་ཉེས་ཡིན་པར་གླེང་གི་ཡོད་པ་གང་ལ་དེད་ཀྱང༌། མདོ་དོན་སྙིང་པོ་དེ་ཆོས་ལུགས་ཀྱི་འདུ་ཤེས་ཡོད་པས་ལན་འདུག་པ་དང༌། ལྷག་པར་དུ་གྲུབ་མཐའི་ཁ་ལོ་ཆབ་སྲིད་ཀྱིས་བསྒྱུར་བས་མ་འགྲིག་པར་གླེང་གི་ཡོད་པ་དེ་ཁ་སང་དེ་རིང་གི་གླེང་གཞི་ཆེ་ཤོས་ལྟ་བུ་ནི་རེད་དེ། འདི་ཚང་མར་བདེན་ཁ་སྟེར་དགོས་ན། ལོ་རྒྱུས་ཀྱི་རིམ་པ་མང་པོ་ཞིག་ནག་བསུབ་བཏང་ན་མ་གཏོགས་ཡོང་དུ་མེད་པ་ཞིག་རེད་ལ། མ་གཞི་ནས་སྤྱི་ཚོགས་ཤིག་གི་འདས་པའི་ལོ་རྒྱུས་ཀྱི་གོམ་རྗེས་དེ་བསུབ་ནས་སུབ་རྒྱུ་ཡོད་པ་ཞིག་གང་ནས་ཡིན། དེ་བས་ན། ང་ཚོས་རྒྱུ་མཚན་ལྟར་སྣང་བ་ངོམ་འཕྱར་དང་དེ་ངོམ་ནས་ས་རྩུབ་རྡོ་སློག་ག་ཚད་བྱས་ཀྱང༌། ལོ་རྒྱུས་ཀྱི་བྱུང་བའི་ནང་ཐེབས་ཟིན་པའི་ལེགས་ཉེས་ལ་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁོ་རང་གིས་ལན་འདེབས་བྱེད་དགོས་པ་ལས། དེ་ལས་གཞན་གྱི་ལན་འདེབས་ག་ཚད་བྱས་ཀྱང་ཕན་ཐོགས་དང་ཡོང་རྒྱུ་ཅང་མེད། རྒྱུ་མཚན་འདི་འདྲ་ཞིག་བསམ་བློའི་གཞི་རྩར་བཞག་ནས་རང་གི་མཐོང་སྣང་དང་ངོས་འཛིན་ཞུ་ཕྱོགས་དང་འབྲེལ་བའི་བསམ་ཚུལ་གྱི་ཁ་ཕྱོགས་ཙམ་ཞུ་རྒྱུའི་སྟ་གོན་བྱས་པར། རེ་སྐུལ་གྱི་ཚིག་གིས་བཅིངས་པའི་བརྗོད་གཞི་འདིར་འབྲེལ་བ་ཡོད་མེད་ལ་མ་ལྟོས་པའི་བསམ་ཚུལ་ཁ་ཤས་ཤིག་བཤད་འདོད་དང་བཤད་སྟངས་གཉིས་གུང་བསྒྲིགས་ནས་གླེང་ཁུལ་དང་བཅས་ཏེ། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་བསམ་བློ་གཅིག་ཏུ་བརྒྱུས་པའི་རིན་ཐང་གི་ངོས་དེ་ནས། བོད་དང་བོད་ཀྱི་སྤྱི་ཚོགས་བསམ་བློ་ཞིག་འཚོལ་ཞིབ་བགྱིས་རིམ་ནི་གཤམ་གྱི་ཚིག་ཕྲེང་འདི་དག་ཏུ་བརྒྱུས་པ་ལྟར་ལགས།
གཉིས། བོད་ཀྱི་སྤྱི་ཚོགས་ལྟ་གྲུབ་འཚོལ་བ།
སྤྱི་ཚོགས་ཤིག་གི་དམིགས་བསལ་ཁྱད་ཡོན་གཞལ་དགོས་ན། མི་གཤིས། བསམ་བློ། དམིགས་སྒོ་བཅས་ཀྱི་རིན་ཐང་གཞི་ལ་བཞག་སྟེ། འཚོལ་སྙེག འགུལ་སྐྱོད། གསར་སྐྲུན་བཅས་ཀྱི་རིམ་པ་འཚོལ་དགོས་པའི་གནས་ལུགས་སྤྱད་ནས་བལྟས་ན། བོད་ཀྱི་སྤྱི་ཚོགས་འདིར་སྡོམ་ཚིག་འཇོག་སླ་བ་སྟེ། གནའ་མྱི་ཚོས། བོད་རེ་བས་ཕོངས་ཟེར་བ་ཞིག་གིས་བོད་ཀྱི་སྤྱི་ཚོགས་བསམ་བློར་ཕྱོགས་བསྡོམས་བྱས་ཡོད། དེ་ལྟར་ཡིན་སྟབས། ང་ཚོས་བོད་རེ་བས་ཕོངས་ཞེས་པ་འདིར་རྨོངས་ཚོད་ཀྱི་འགྲེལ་བཤད་བརྒྱབ་ནས་བལྟ་མི་རུང་བ་དེ་གསལ་པོ་རེད། ལྷག་པར་དུ་མ་བརྟག་མ་དཔྱད་པར་ཟེར་རྗེས་ཙམ་ལ་ཡིད་རྟོན་མི་རུང་བའང་ཡིན།
ཁ་སང་དེ་རིང་ལ་བསམ་ནས་བཤད་ན། བྱུང་རྒྱལ་དང་གྱ་ཚོམ་དུ་སྨྲ་མཁན་དག་གིས་ནི། ཆོས་ལུགས་ཀྱིས་བོད་སྤྱི་ཚོགས་ཕྱོགས་ཡོངས་ནས་ཕམ་བཅུག་པ་རེད། ཉམས་བཅུག་པ་རེད། ལོག་ལམ་དུ་འཁྲིད་པ་རེད་ཟེར་གྱི་ཡོད་པ་རེད་ལ། ཁོ་རང་ཚོས་ནི་དེ་འདྲ་ཞིག་མཐོང་གི་ཡོད་པའང་རེད་དེ། འདི་ལྟར་བསམ་ཕོད་པ་ནས་ཤོད་ཕོད་པར་གྱུར་པར་བསམ་ན། ཁོང་ཚོར་དེ་ལྟར་མཐོང་བྱེད་དང་དེ་ལྟར་སེམས་བྱེད་ཀྱི་སློབ་སྦྱོང་ཞིག་ཐོབ་པ་དང་འབྲེལ་བ་ཡོད་པ་ཞིག་ལས་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་ཞིག་ནི་མ་རེད་སྙམ། དེ་དག་གི་བསམ་ཚུལ་ལ་གཅིག་ནས་གཉིས་སུ་གསལ་བཤད་དང་བདེན་པ་ངོ་སྤྲོད་བྱེད་མཁན་དག་གིས་ཀྱང་རང་རང་གི་མྱོང་སྣང་མཐུན་གྲུབ་པ་མང་པོ་ཞིག་གུང་བསྒྲིགས་ནས་བཤད་ཀྱི་ཡོད་པ་རེད། འདི་ནི་བོད་ཀྱི་ད་ལྟ་ལ་བསམ་ན་སྤྱི་ཚོགས་དར་རྒུད་ཀྱི་རྒྱུ་རྐྱེན་ལ་ལྟ་སྟངས་མ་འདྲ་བ་གཉིས་རེད། ཡོད་ན་གཅིག་དང་མེད་ན་མནའ་ཡིས་བསྒག་དགོས་པ་དེ་འདྲ་མ་རེད། ལྟ་ཚུལ་འདི་གཉིས་ལ་དཔུང་གི་མང་ཉུང་ཙམ་ལས་ལྟ་ཚུལ་དུ་གྲུབ་པ་གཅིག་མཚུངས་རེད། དེ་ཁས་ལེན་མ་བྱས་རང་བྱས་རེད། ཡིན་ནའང་ལྟ་གྲུབ་ཅིག་ཡིན་མིན་གྱི་ཆ་ནས་བཤད་ན། ལྟ་གྲུབ་ཟེར་བའི་ཐ་སྙད་འདིའི་གོ་དོན་གྱི་འཕེལ་རིམ་དང༌། ཁྱབ་ཚད། ངོས་འཛིན་བྱ་སྟངས་བཅས་ཕྱོགས་མང་པོ་ནས་བཤད་དགོས་པར་མཆི་ཡང༌། དུས་ཀྱི་ཁོམ་པ་མེད་ན་དེ་ནི་ལས་སླ་པོས་བཤད་ཚར་བ་ཞིག་མ་རེད། དེ་བས་ན་འདིར། ལྟ་གྲུབ་ཅེས་པའི་ཚིག་ཚབ་ཏུ་ལྟ་ཚུལ་ཞེས་པའི་ཐ་སྙད་འདི་བདམས་ནས་བཤད་འདོད་ཀྱི་རིགས་དག་དེའི་ནང་ཚུད་ཐབས་དང༌། དེ་ནས་བཤད་ཚར་བའི་འབད་པ་བྱ་རྒྱུ་སྟབས་བདེ་བར་མཐོང༌།
ང་ཚོས་བོད་ཀྱི་སྤྱི་ཚོགས་ལ་གོང་སོང་ལྟ་ཚུལ་འདི་གཉིས་སྤྱད་ནས་རྒྱུས་དཔྱད་བྱེད་དགོས་པ་ལས། གཞན་གྱི་ལམ་ཁ་ཞིག་གིས་བརྟག་དཔྱད་མཐིལ་ཕྱིན་ཅིག་བྱེད་པ་དཀའ་སེར་སྣང༌། དཔེར་ན་ལོ་རྒྱུས་ཀྱི་བྱུང་བའི་ནང་གི་ལེགས་ཉེས་མང་པོ་ཞིག་ལའང་ང་ཚོས་ལྟ་ཚུལ་འདི་གཉིས་སྤྱད་ནས་ཚད་གཞི་གཞལ་གྱི་ཡོད་པ་རེད། འདི་ལྟར་བཤད་ན་ཁག་ཅིག་གིས། བོད་ཀྱི་སྤྱི་ཚོགས་གླེང་བ་ནི་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་ཀྱི་འགལ་ཟླ་གླེང་བ་འདྲ་ཞིག་རེད་བསམ་སྲིད་ནའང༌། དེ་ནི་དེ་འདྲ་ཞིག་ཁྱོན་ནས་མ་རེད་སྙམ། མི་ཆོས་དང་ལྷ་ཆོས་གཉིས་འགལ་ཟླ་ཡིན་མིན་བཤད་དགོས་པའི་དབང་དུ་བཏང་ན། དེ་ནི་ཧམ་བཤད་དང་ཨུ་ཚུགས་ཀྱིས་མཐའ་ལ་ཕུད་ཐུབ་པ་ཞིག་མ་རེད་ལ། དེར་སྤྱིར་བཏང་གི་ལྟ་ཚུལ་ཙམ་གྱིས་ཚད་གཞི་ཞིག་གཞལ་ཁག་པོ་རེད། གང་ལྟར་ད་ལྟའི་དུས་སྐབས་འདིར་རང་གི་རིག་གཞུང་ལ་ལེགས་ཉེས་ཀྱི་ལྟ་ཚུལ་སླེབས་པ་དང་འབྲེལ་ནས། ཉམས་པ་སོར་ཆུད་མི་ཉམས་གོང་སྤེལ་བྱེད་པ་ནི་བོད་མི་རིགས་ཀྱི་ཡར་རྒྱས་ལམ་བུ་ཡིན་པའི་གདེངས་རྙེད་མཁན་དང༌། ཡང་ཁག་ཅིག་གིས་བོད་མི་རིགས་ཀྱིས་རིག་གཞུང་འདི་ཉམས་སུ་བསྟར་བ་ནས་ཁ་ཐུར་ལ་ཕྱོགས་པ་དང༌། ད་དུང་ཡང་ཐུར་ལ་ཕྱོགས་བཞིན་པའི་ཉེས་རྐྱེན་ཆ་ཚང་འདིས་མ་འགྲིག་པར་ཤོད་ཀྱི་ཡོད་པ་རེད་ལ། དེ་བཞིན་འདི་དོར་བས་ང་ཚོས་དེང་རབས་དང༌། ཚན་རྩལ་སོགས་ལ་གོམས་འདྲིས་བྱེད་ཐུབ་པ་སོགས་ཀྱི་ལྟ་ཚུལ་འདོན་གྱི་ཡོད། ཚུལ་འདི་མདོར་བསྡུས་ནས་བཤད་ན། བོད་སྤྱི་ཚོགས་ཀྱི་དར་རྒུད་གཞལ་རིམ་ཁྲོད་ཀྱི་ལྟ་ཚུལ་གཉིས་རེད། ལྟ་ཚུལ་འདི་གཉིས་ཀྱང་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་མི་རབས་ནས་མི་རབས་མང་པོའི་རིང་གི་གཞི་རྩའི་ས་བོན་ཡོད་པའི་ལྟ་ཚུལ་གཉིས་རེད། ང་ཚོས་རང་ཉིད་ཀྱི་སྤྱི་ཚོགས་བསམ་བློ་དང་འགུལ་བསྐྱོད། འཚོ་གནས། དུས་སྐབས་བཅས་ཀྱི་གནས་བབ་ལ་རྒྱུས་ལོན་དང་ཞིབ་འཇུག ཕྱོགས་བསྡོམས་གང་ལ་དེད་ཀྱང་གྲུབ་དོན་ཕལ་མོ་ཆེ་བ་ལྟ་ཚུལ་འདི་གཉིས་སྤྱད་པའི་མཐའ་འབྲས་ལྟ་བུ་ཞིག་ཡིན། དེ་ལྟར་ནའང༌། དད་མོས་དང་ཡིད་ཆེས། ཚོར་སེམས། ཀུན་སློང༌། བག་ཆགས་བཅས་ལ་བསམས་ན་ནི། ལྟ་ཚུལ་འདིར་ཁྱབ་ཀྱི་ཆེ་ཆུང་དང་རྒྱབ་ཀྱི་རྟེན་གཞིའི་ཆ་ནས་ཧེ་བག་ཆེན་པོ་ཡོད་པར་སྣང༌།
དེ་ལྟར་བོད་པས་རང་གི་སྤྱི་ཚོགས་ལ་ལྟ་སྟངས་ཕྱོགས་གཉིས་ཤིག་འཛིན་གྱི་ཡོད་པ་ངོས་བཟུང་བའི་ཁུལ་དང་བཅས་ཏེ། ད་ནི་ལྟ་ཚུལ་འདི་གཉིས་འགལ་ཟླར་འགྱུར་རིམ་དང༌། དེའི་རྒྱུ་རྐྱེན་མཐའ་དག་རྒྱུ་མ་ཕུ་འདེད་བྱས་ན་ནི། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམ་པའི་སློབ་གསོའི་ལམ་བུར་ཞུགས་དང་མ་ཞུགས་ཀྱིས་ཁྱད་ཤོར་བ་ལས་གཞན་གྱི་རྒྱུ་རྐྱེན་ཞིག་གིས་ལྟ་ཚུལ་འདི་གཉིས་ལ་ཡང་དག་པའི་འགྲེལ་བཤད་བྱེད་དཀའ། དེ་ནི་བོད་འདི་ཉམས་ཉེས་ནས་རྒུད་ཕྱོགས་སུ་འཁྲིད་པའི་སློབ་གསོ་བརྒྱུད་ནས་འཚར་ལོངས་དང་དེ་འབྲེལ་སློབ་སྦྱོང་གི་རིམ་པ་བརྒྱུད་པའི་ལྟ་ཚུལ་ཞིག་དང༌། བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་དགོས་མཁོ་དང་བོད་ཀྱི་མི་སྡེའི་དགོས་འདུན་དང་གཞོལ་བའི་སློབ་གཉེར་རིམ་བརྒྱུད་ཀྱི་གྲུབ་འབྲས་ལས་ལྟ་ཚུལ་ཞིག་འཁྲུངས་པའི་ཁྱད་པར་ཙམ་རེད། འདི་མདོར་བསྡུས་ནས་བཤད་ན། བོད་མི་རིགས་རིག་གཞུང་དང་བཅས་པ་ཉམས་ཉེས་ནས་རྒུད་ཕྱོགས་སུ་འཁྲིད་པ་དང༌། ཡོངས་སུ་ཡར་རྒྱས་ཀྱི་ལམ་དུ་འཁྲིད་པ་དང་འབྲེལ་བའི་ལྟ་ཚུལ་གཉིས་རེད།
བོད་མི་རིགས་འདིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་འདྲེན་དང་སློབ་གཉེར། ཉམས་ལེན་བྱེད་པ་བཅས་བརྒྱུད་ནས་མི་ལོ་བརྒྱ་ཕྲག་བཅུ་གྲངས་ཕྱིན་ཡོད་པ་དང༌། དུས་སྐབས་འདིའི་རིང་ནང་པའི་ཆོས་ལུགས་ཀྱིས་བོད་ཀྱི་འཚོ་གནས་དང༌། སེམས་ཁམས། སྤྱི་ཚོགས་ཀྱི་ཀུན་སྤྱོད་སོགས་ལ་ཕན་དགེས་དྲངས་པའི་གཞོགས་འདེགས་བླ་ན་མེད་པ་ཐོབ་ཡོད་པ་རེད་ལ། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་འབྱེད་ཆོས་ཀྱི་དབང་དུ་བྱས་ནས་བཤད་ནའང༌། འདིས་བརྒྱ་ཆ་གང་འཚམ་ཞིག་ཟིན་ཡོད་པ་རེད། འོན་ཏེ། བོད་ཀྱི་ནང་པའི་ཆོས་ལུགས་ཀྱི་དར་རྒུད་ནི་ཆབ་སྲིད་ཀྱི་དབང་ཤུགས་དང་བསྡོངས་ནས་རེས་འགར་འཕེལ་བ་དང་རེས་འགར་འགྲིབ་པ་བྱུང་ཡོད་པ་ནི་ལྟོས་ས་ལྟོས་འཇོག་གི་ཆོས་ཉིད་ཅིག་ཡིན་སྟབས་ཁས་ལེན་དགོས་པ་ཞིག་ཅིས་ཀྱང་ཡིན་ནའང༌། དེ་ནི་ཆབ་སྲིད་པ་དག་གིས་སྤྱི་ཚོགས་ཡོངས་ཀྱི་བརྟན་གནས་སྲུང་འཛིན་ཐུབ་དང་མ་ཐུབ་ལ་བརྟེན་ནས་བྱུང་བ་ཞིག་ལས། ཆོས་ལུགས་ཀྱི་ལྟ་གྲུབ་ཀྱིས་སྤྱི་ཚོགས་ཀྱི་དགོས་འདུན་བསྐོང་ཐུབ་དང་མ་ཐུབ་ལ་འབྲེལ་བ་མེད་པར་སེམས། འོན་ཏེ། གྲུབ་མཐའི་རིམ་པ་མང་དུ་གྱེས་པ་ནས་བཟུང༌། དེ་དག་གི་བར་དུ་ཕན་ཚུན་གྱི་སྟོབས་ཤུགས་རྒྱ་བསྐྱེད་ཀྱི་རིམ་པའང་སྐབས་མང་པོར་བྱུང་ཡོད་ཅིང༌། དངོས་གནས་བྱས་ན་ལྷིང་འཇགས་ཀྱི་དུས་སྐབས་ཤིག་ཤར་བ་ནི་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་བསྐྱངས་པའི་དུས་སྐབས་ཙམ་རེད། ལྷིང་འཇགས་ཀྱི་དུས་སྐབས་མ་སླེབས་བར་དུ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་པ་རེད་ལ། དར་རྒུད་ཀྱི་བརྒྱུད་རིམ་དེ་དག་གི་ནང་དུ་ཆོས་ལུགས་ཁ་འཁྱེར་གྱིས་སྲིད་ཀྱི་དབང་ཐོབ་འཕྲོག་རེས་ཚུན་གྱི་ལས་འགུལ་ཡང་མི་ཉུང་བ་སྤེལ་ཡོད་པ་དང༌། དེས་སྤྱི་ཚོགས་ལ་བསྐྱེད་པའི་འདུ་ཤེས་ཀྱི་ཆ་ནས་བྱས་ནའང་རྣམ་པ་སྣ་ཚོགས་ཡོད་པར་བསམ་ན་ང་ཚོའི་སྤྱི་ཚོགས་ཀྱིས་ནང་ཁུལ་གྱི་འགལ་ཟླ་མང་པོ་ཞིག་འཚོ་གནས་ཀྱི་ཁོར་ཡུག་དང་ལག་ལེན་གཉིས་ཀའི་ནང་མཉམ་སྤྱོད་བྱས་ཡོད་པ་ཡིན། དེ་ལྟར་ནའང༌། འདི་ཙམ་གཞི་ལ་བཞག་ནས་བོད་པའི་སྤྱི་ཚོགས་ནི་ཆོས་སྲིད་གཉིས་ལན་རེར་ཟུང་འབྲེལ་གྱིས་ཕན་དགེ་ཅན་དུ་སྤྱོད་པ་དང་རེས་འགར་ཆོས་སྲིད་གཉིས་འགལ་ཟླ་ཅན་དུ་སྤྱད་པའི་མཐའ་སྡོམ་འགོད་འོས་ཤིག་ཡིན་པར་ངོས་འཛིན་རིགས་པ་མ་ཡིན།
བསམ་བློ་བཏང་ནས་མཚམས་འདིར་སླེབས་སོང༌། ཡིན་ནའང༌། སྤྱི་ཚོགས་ཀྱི་ལྟ་གྲུབ་ཟེར་བ་ཞིག་ནི་རྙེད་མ་སོང༌། མཚམས་འདིར་སླེབས་ནས་ཆེད་དུ་སྐུལ་མ་གནང་བའི་རྩོམ་བྱང་ལ་ཡང་བསྐྱར་བསམ་གཞིགས་མ་བྱས་པ་ག་ལ་ཡིན་ཏེ། ཀླད་པའི་ནང་ཅི་ཡང་འཁོར་རྒྱུ་མི་འདུག་ལ། ལྷག་པར་དུ་སྤྱི་ཚོགས་ལྟ་གྲུབ་ཤོད་ལབ་ཡོད་སྟབས། དེ་བས་ཀྱང་དྲན་རྒྱུ་ཞིག་མེད་པར་གྱུར། དེ་ནི་ངའི་བསམ་བློས་རྩོམ་བྱང་མ་འཆུན་པ་ཡིན་ནམ། རྩོམ་བྱང་མ་འགྲིག་པ་ཡིན་ནམ། འདི་གཉིས་ཀར་ལན་རྙེད་མ་སོང༌།
ངས་བསམ་ན། སྤྱི་ཚོགས་ལྟ་གྲུབ་ཤོད་ལབ་པའི་དྲི་བ་འདིས། དེང་སང་གི་བཤད་སྟངས་ལྟར་བྱས་ན། བསམ་སྤྱོད་ཁྱད་ཡོན། གོམས་སྤྱོད་ཚད་གཞི། ཆབ་སྲིད་བསམ་བློ། སློབ་གསོའི་ཁ་ཕྱོགས། སྒྱུ་རྩལ་འཕེལ་རིམ། འཚོ་སྡོད་གནས་སྟངས། ཁོར་ཡུག་གནས་བབ། ཆོས་རིག་བཅས་ཀྱི་རིན་ཐང་གིས་བསྡུས་པའི་ཕྱོགས་དང་ངོས་དག་ཤོད་ལབ་ཀྱི་ཡོད་པ་འདྲ། བསམ་ཚུལ་འདི་འདྲ་ཞིག་གི་འོག་ནས་མ་གཏོགས་གླེང་རྒྱུ་ཅང་རྙེད་མ་སོང༌། བསམ་ཚུལ་འདི་འཁྱེར་ནས་ངས་གླེང་རྒྱུའི་འཇུ་ས་ཞིག་རག་པ་ནི། རིག་གཞུང་ཞེས་པའི་ཐ་སྙད་འདི་རེད། དེ་བས་ཀྱང་དེང་སང་ཆོས་དང་རིག་གཞུང་ཞེས་ལབ་ཀྱིན་པ་འདི་ཡིན། ཆོས་དང་རིག་གཞུང་ཞེས་པ་འདིས་བོད་ཀྱི་ཁྱད་ཆོས་ཡོངས་རྫོགས་ཀྱི་ཐུན་མོང་གི་ཆ་དང་ཐུན་མོང་མ་ཡིན་པའི་ཆ་དེ་གཅིག་འདུས་སུ་སྟོན་གྱི་ཡོད་པ་སྟེ། ཆོས་ཀྱི་རིག་གཞུང་ནི་ཐུན་མོང་མ་ཡིན་པའི་འབྱེད་ཆོས་བླ་ན་མེད་པར་བསྟན་པ་དང༌། ཕྱོགས་མཚུངས་དེའི་རིན་ཐང་གིས་བོད་སྤྱི་ཚོགས་ཀྱི་ངོ་བོ་མཚོན་ཡོད་པ་དེ་དང༌། རིག་གཞུང་ཞེས་ལོགས་སུ་བརྗོད་པས་ཆོས་ཀྱི་རིག་གཞུང་ཕུད་པའི་བཟོ་དང་གསོ་བ་རིག་པ། ཚད་མ་རིག་པ་དང་སྒྲ་རྩིས་སྙན་ངག་སོགས་ནི་གཞུང་ལུགས་ཀྱི་ངོས་ནས་བཤད་ན་མི་རིགས་ཚང་མའི་སྤྱད་དངོས་ལྟ་བུ་ཡིན་པ་དང༌། དེ་ལས་གཞན་དུ་བྱས་ན། དེང་སང་གི་ངོས་འཛིན་བྱེད་སྟངས་ཏེ། འཚོ་སྡོད་གནས་སྟངས་དང༌། ཡུལ་གོམས་གཤིས་སྤྱོད། སྤྱི་ཚོགས་བསམ་བློ་སོགས་ལའང་རིག་གཞུང་ཞེས་བརྗོད་ཀྱི་ཡོད་པ་རིག་གཞུང་ཞེས་པའི་ཐ་སྙད་ཀྱི་གོ་དོན་ལ་འགྱུར་བ་ཐེབས་པ་ལས་བྱུང་བ་བཅས་ཀྱི་ངོས་དག་བཙལ་བས། ད་གཟོད་གཤམ་གྱི་སྐད་ཆ་དུམ་བུ་འདི་དག་བཤད་རྒྱུ་རྙེད་སོང༌།
གསུམ། བོད་ཀྱི་སྤྱི་ཚོགས་བསམ་བློ་འཚོལ་བ།
མི་རིགས་ཤིག་གི་བསམ་བློ་གླེང་དགོས་ན། ཐོག་མར་མི་རིགས་དེའི་འཚོ་གནས་འགྱུར་འགྲོས་དང་འཕེལ་རིམ། སྤྱི་ཚོགས་དར་རྒུད་སོགས་ཀྱི་ཕྱོགས་དང་ངོས་མང་པོ་ཞིག་བསྔོགས་ནས་བསམ་བློའི་སྤྱི་བབ་ཅིག་བརྩད་དཔྱད་དགོས་པ་དང༌། ལྷག་པར་དུའང་སྤྱི་ཚོགས་ཤིག་གི་བསམ་བློ་དང་འདུ་ཤེས་འཚོལ་རྒྱུ་ནི་དེ་བས་ཀྱང་ཕྱོགས་སྣེ་མང་པོ་ས་གསེད་རྡོ་གསེད་བྱས་ནས་གླེང་དཔྱད་ཞུ་དགོས་པ་དེ་བས་ན། འདིར་རང་ཉིད་ཀྱི་ངོས་འཛིན་ཞུ་སྟངས་ཙམ་ཞིག་གཞི་ལ་བཞག་ནས་བཤད་རྒྱུར།
༡ དམ་པ་ལྷ་ཆོས་དང་འབྲེལ་བའི་བོད་ཀྱི་སྤྱི་ཚོགས་བསམ་བློ་འཚོལ་བ།
བོད་དུ་དམ་པའི་ཆོས་ལུགས་དར་འཕེལ་བྱུང་བའི་རྒྱབ་ལྗོངས་ལ་དཔྱད་པ་གཏོང་མཁན་ཚོས་རྒྱབ་ལྗོངས་མི་འདྲ་བ་གཉིས་ངོས་འཛིན་བྱས་འདུག དེ་ནི་ཕྱི་ལོའི་དུས་རབས་བདུན་པའི་སྐབས་ཀྱི་ཨེ་ཤ་ཡ་གླིང་ཕྲན་ནང༌། ཆེས་དར་ཤུགས་ཆེ་བ་ནི་ནང་པའི་ཆོས་ལུགས་འདི་ཡིན་པ་དང༌། དེ་ཡང་རྒྱ་གར་དང་འབར་མ། རྒྱ་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོས་ནང་ཆོས་ཉམས་སུ་བསྟར་བའི་གནས་སྟངས་ཤིག་གི་འོག་ནས་བོད་ཀྱིས་ཀྱང་ནང་པའི་ཆོས་ལུགས་ལ་སློབ་གཉེར་དང་ཉམས་ལེན་ཞུ་མགོ་ཚུགས་པ་རྒྱབ་ལྗོངས་སུ་འདྲེན་གྱི་ཡོད་པ་དང༌། ཅིག་ཤོས་ཀྱིས་ནི་ལོ་རབས་ནས་མི་རབས་མང་པོའི་རིང་བོད་ཀྱི་སྤྱི་ཚོགས་ཀྱིས་བསམ་བློའི་གཞི་རྟེན་བཅོལ་ཡུལ་སྣ་ཚོགས་ཤིག་གསར་བཏོད་དང་ཉམས་ལེན་བྱས་ཡོད་ནའང༌། དུས་རབས་བདུན་པའི་ནང་སླེབས་པའི་སྐབས་སུའང་ཚུགས་ཐུབ་པའི་བསམ་བློའི་གཞི་རྟེན་བཅོལ་ཡུལ་ཞིག་མ་རྙེད་པ་དང༌། དེ་ཡང་སྤྱི་ཚོགས་ཕྱོགས་ཡོངས་ཀྱི་དགོས་མཁོར་འཚམ་མིན་སྣ་ཚོགས་ཀྱིས་གཅིག་གྱུར་གྱིས་ཉམས་སུ་བསྟར་འོས་པའི་གཞི་རྟེན་མ་རྙེད་པ་ཡིན་སྟབས། ཆེས་ཐོག་མར་རྒྱལ་པོའི་ཕོ་བྲང་ནས་སློབ་སྦྱོང་དང་དར་སྤེལ་གནང་བ་བརྒྱུད། སྤྱི་ཚོགས་ཧྲིལ་པོའི་དགོས་འདུན་བསྐོང་ཐུབ་པའི་ནང་པའི་རིག་གཞུང་དར་འཕེལ་བྱུང་བ་རྒྱབ་ལྗོངས་སུ་འདྲེན་པ་གཉིས་ཡིན་པར་མཐོང་ཞིང༌། དུས་སྐབས་འདི་འདྲ་ཞིག་ནས་ང་ཚོའི་སྤྱི་ཚོགས་ཀྱི་བསམ་བློར་ཡང་འགྱུར་བ་ཐེབས་མགོ་ཚུགས་པར་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང༌། ངོས་འཛིན་བྱེད་ཕྱོགས་འདི་གཉིས་ཀར་ཚུགས་ཐུབ་རང་བཞིན་གྱི་རིན་ཐང་ལྡན་མིན་དེ་ནི་དོན་དག་གཞན་ཞིག་རེད་སྙམ།
ང་ཚོའི་ལོ་རྒྱུས་རྣམས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་ནང་པའི་ཆོས་དར་བ་དང་ཁོང་གིས་མི་དགེ་བཅུ་སྤོང་གི་ལྷ་ཆོས་དེ་མི་སྡེའི་སྤྱི་ཚོགས་ཀྱི་ཁ་ལོ་གཅུན་པའི་ཁྲིམས་སྲོལ་དུ་གཏན་འབེབས་གནང་བ་ནས་བོད་ཀྱི་ཡ་ཐོག་བསམ་བློར་འགྱུར་བ་ཐེབས་མགོ་ཚུགས་པ་གསལ་ཡོད་ཅིང༌། དེ་བས་ཀྱང་མི་དགེ་བཅུ་སྤོང་གི་རིམ་པ་དེ་བསམ་སྤྱོད་ཡོངས་རྫོགས་ཀྱི་ཚད་གཞིར་བཟུང་བ་ནས་ནང་པའི་ཆོས་ཀྱི་རིན་ཐང་གིས་བོད་སྤྱི་ཚོགས་ཀྱི་བསམ་བློ་གོང་མཐོར་གཏོང་བར་རྨང་གཞི་བཏིང་པའང་ཡིན་པ་རེད། ཕྱོགས་ངོས་འདི་ནས་འཚོལ་རིམ་ནང༌། ཚད་མཐོ་ས་ནས་བཤད་ན། ང་ཚོས་བོད་མི་རིགས་ནི་བྱམས་དང་སྙིང་རྗེ་རྩ་བར་གྱུར་པའི་ཐེག་པ་ཆེན་པོའི་རིགས་ཡིན་པར་ཤོད་ཀྱི་ཡོད་པ་རེད་ལ། དེ་ཡང་བྱམས་བརྩེ་གཞི་ལ་བཞག་ནས་བཤད་ཀྱི་ཡོད་ཅིང༌། མདོར་དྲིལ་ན། མི་དགེ་བཅུ་སྤོང་གི་ཆོས་ཁྲིམས་ཀྱིས་འཚེ་བ་མེད་པ་དང་དེས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱས་པ་ཡིན་སྟབས། ང་ཚོས་རང་ཉིད་ཙམ་མ་ཡིན་པར་མི་སྡེའི་སྤྱི་ཚོགས་ཧྲིལ་པོ། ད་དུང་རྒྱ་ཆེ་ས་ནས་བཤད་ན། མར་གྱུར་སེམས་ཅན་ཐམས་ཅད་ཅེས་དམིགས་ལྟོས་བྱེད་པ་དང་འབྲེལ་བའི་བཟང་པོའི་གོམས་གཤིས་ཤིག་འཇགས་བསྡད་ཡོད་པ་འདི་བཞིན། ནང་པའི་ཆོས་ཀྱི་ལྟ་གྲུབ་རིམ་བརྒྱུད་དུ་ཉམས་སུ་བསྟར་བའི་གྲུབ་དོན་ཅིག་རེད་ལ། དུས་རབས་བདུན་པ་ནས་ད་ལྟའི་བར་གྱི་བོད་ཀྱི་སྤྱི་ཚོགས་ནི་ཞི་བ་གཙོ་བོར་གཉེར་བའི་སྤྱི་ཚོགས་ཤིག་ཆགས་ཡོད་པ་དང༌། འདི་གཞི་ལ་བཞག་ནས་ང་ཚོས་རང་གི་སྤྱི་ཚོགས་ཙམ་མ་ཡིན་པར། འཛམ་གླིང་ཞི་བདེར་ཡང་བསམ་བློ་དང་ཀུན་སྤྱོད་གཉིས་ཐད་ནས་ལེགས་སྐྱེས་འབུལ་ཐུབ་ཀྱི་ཡོད་པ་དང༌། མ་འོངས་གངས་ལྗོངས་འདི་བཞིན་འཚེ་མེད་ཞི་བའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་ཞེས་པའི་ང་ཚོའི་ཁ་གཡང་འདི་ཡང་གཞི་རྩ་འདི་འདྲ་ཞིག་ཡོད་པ་ལ་བརྟེན་ནས་བསླངས་པ་ཞིག་དང་སློང་ཐུབ་པ་ཞིག་ཆགས་ཡོད། ངས་བསམ་ན། བོད་ཀྱི་སྤྱི་ཚོགས་བསམ་བློ་ནི་འདི་འདྲ་ཞིག་རེད།
ཡང་རང་རིགས་ན་གཞོན་སྐོར་ཞིག་གིས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཅེས་ལབ་ན་གནའ་བོའི་གཞས་ཙམ་གཏོང་རྒྱུ་དང་ཞབས་བྲོ་འདྲ་འཁྲབ་རྒྱུ་འདྲ་ཞིག་ལ་ངོས་འཛིན་གྱི་འདུག་པ་འདྲ་སྟེ། དོན་ངོ་མའི་ཆ་ནས་དཔྱད་ན། བོད་ཀྱི་རིག་གཞུང་ཞེས་ལབ་ན། བོད་པའི་སྒོ་གསུམ་གྱི་སྤྱོད་པའི་ངོས་ནས་འཚོལ་དགོས་པར་སྣང་ལ། སྤྱི་ཚོགས་ཀྱི་བསམ་བློའང་སྒོ་གསུམ་གྱི་སྤྱོད་ལམ་དང་འཁྱེར་སོའི་སྟེང་ནས་འཚོལ་དགོས་པ་ལས་གཞན་ཞིག་ནས་བཙལ་ནས་རྙེད་དུ་ཡོད་པ་ཞིག་མ་རེད་སྙམ། ཡང་སྒོས་སུ་སྤྱི་ཚོགས་ཀྱི་བསམ་བློ་འཚོལ་བ་དང་ཡང་སྒོས་བོད་སྤྱི་ཚོགས་ཀྱི་བསམ་བློའི་གཞི་འཛིན་འཚོལ་དགོས་ན་དེ་ནི་ངེས་ཅན་དུའང་ཆོས་ལུགས་ཤིག་ཁས་ལེན་བྱས་དང་མ་བྱས་ཀྱི་དབང་གིས་བལྟ་རྒྱུ་དང་འཚོལ་རྒྱུ་ཞིག་མ་ཡིན་པར། རང་དང་གཞན་ལ་ཕན་ཁྱད་སླེབས་ཤུགས་ཀྱི་བྱམས་བརྩེའི་ནུས་སྟོབས་ཀྱི་ངོས་ནས་འཚོལ་དགོས་སུ་མཆི། དེ་བས་ན། བོད་ཀྱི་སྤྱི་ཚོགས་བསམ་བློ་ནི་ནང་པའི་ཆོས་ཀྱི་ཁྱད་ཡོན་གྱིས་དྲངས་པའི་ཞི་བདེ། བྱམས་བརྩེ། གཞན་ཕན་བཅས་ཀྱིས་ཕྱུག་པ་ཞིག་ཡིན་པའི་ངོས་དེ་ཡིན་དགོས་པར་བདག་འདོད་དོ།།
༢ འཇིག་རྟེན་མི་ཆོས་དང་འབྲེལ་བའི་བོད་ཀྱི་སྤྱི་ཚོགས་བསམ་བློ་འཚོལ་བ།
མི་ཆོས་གཙང་མ་བཅུ་དྲུག་ནི་ནང་པའི་ཆོས་ཀྱི་དགོངས་དོན་དང་བོད་ཀྱི་ཆབ་སྲིད་གཉིས་ཟུང་དུ་འབྲེལ་བའི་ལམ་ལུགས་འབྱུང་ཡུལ་གྱི་གཞི་རྩའི་སྒྲོམ་གཞི་ལྟ་བུ་དང༌། ཡང་ཕྱོགས་གཞན་ཞིག་ནས་བཤད་ན། བོད་ཀྱི་སྤྱི་ཚོགས་འདིར་ཆེ་བཀུར་ཆུང་བྱམས་ཀྱིས་མཚོན་པའི་ཁུར་འདེགས་མཉམ་རུབ་འདུ་ཤེས་ཀྱི་གཞི་རྩའི་ས་བོན་ལྟ་བུ་རེད། མི་ཆོས་གཙང་མ་བཅུ་དྲུག་གི་བསྟན་དོན་མདོར་དྲིལ་ན། ཕྱི་ཐག་གི་རིམ་པ། ཕན་བདེའི་གཞི་རྩ། གུས་བསྙེན་གྱི་སྲོལ་ལུགས། དྲང་ཚུགས་ཀྱི་བསམ་བློ། འདུ་འགོད་ཀྱི་ཚད་གཞི། ཀུན་སྙོམས་ཀྱི་སེམས། ཐེག་ཁུར་བཟོད་དགོས་པའི་གནད་སོགས་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་ཐད་ནས་བསླབ་འདོམས་ཀྱི་གནད་དག་སྤུངས་ཡོད་པ་ཡིན་སྟབས། ཆོས་སྲིད་ལུགས་གཉིས་ཀྱི་ཆ་གང་ནས་དཔྱད་ཀྱང་བོད་ཀྱི་མི་སྡེའི་སྤྱི་ཚོགས་འདི་བཞིན་ཞི་བདེ་དང་བྱམས་བརྩེའི་དྲོད་ཀྱིས་བཟུང་བའི་སྤྱི་ཚོགས་ཤིག་ཏུ་འཕེལ་རྒྱས་བྱུང་བའི་མགོ་འཛུགས་ཀྱི་གཞི་སྒྲོམ་ཆགས་ཡོད་པ་རེད་ལ། ཆོས་རྒྱལ་རིམ་བྱུང་དང༌། ས་སྐྱ་ནས་དགའ་ལྡན་ཕོ་བྲང་བར་གྱི་ཆོས་སྲིད་རྩ་དོན་དང་འབྲེལ་བའི་ཁྲིམས་སྲོལ་དང་སྲིད་བྱུས་གང་དུའང་གཞི་རྩ་འདི་ཉིད་གཙོ་འདོན་བྱས་པའི་དབང་གིས། བོད་སྤྱི་ཚོགས་ལ་གཞན་དང་མ་འདྲ་བའི་སྒེར་ཆོས་སམ་ཐུན་མོང་མ་ཡིན་པའི་ཁྱད་ཡོན་ཅིག་ཡོད་པར་གྱུར་པའང་ཡིན་པར་འདོད། ཡིན་ནའང༌། འདི་ཙམ་ནི་རང་ཉིད་ཀྱི་ལྟ་ཚུལ་དང་ངོས་འཛིན་ཞུ་ཕྱོགས་དབང་བཙན་དུ་བྱས་ནས་བརྗོད་པ་ལས། འདི་འདྲ་ཞིག་ངེས་པར་ཡིན་དགོས་པའི་ཨུ་ཚུགས་བྱེད་ཀྱི་མེད་ལ། དེ་བཞིན་འདི་ལྟར་འཚོལ་དགོས་པའི་ལམ་སྟོན་ཡང་བྱེད་ཀྱི་མེད། དེ་ནི་མི་སྒེར་སོ་སོའི་བསམ་བློས་ངོས་འཛིན་བྱེད་སྟངས་ཀྱི་འགྲོས་ཤིག་ཡིན་པས་སོ།།
དཔྱད་བརྗོད་པ་དང་ཉམས་ཞིབ་པ་དག་གིས་མི་ཆོས་གཙང་མ་བཅུ་དྲུག་ལ་དབྱེ་ཞིབ་གནང་དོན་ལྟར་ན། མི་ཆོས་གཙང་མ་བཅུ་དྲུག་གཏན་ལ་ཕབ་ཞིང་ལག་ལེན་དུ་བསྟར་མགོ་ཚུགས་པ་ནས་བོད་སྤྱི་ཚོགས་ཀྱི་བསམ་བློའི་ནང་དམ་པ་ལྷ་ཆོས་ཀྱི་འོད་སྣང་འཕྲོ་མགོ་བརྩམས་ཤིང༌། དུས་དེ་ཤེད་ནས་བོད་སྤྱི་ཚོགས་ཀྱི་བསམ་བློ་གཅིག་གྱུར་གྱི་དབུ་ཚུགས་པར་གླེང་བ་དེ་བདེན་ངེས་སུ་མཆི་སྟེ། ང་ཚོས་ཉེ་ས་ནས་བལྟས་ནའང༌། བོད་སྤྱི་ཚོགས་ནི་དད་སེམས་ཀྱིས་གཅིག་ཏུ་བསྒྲིལ་ནས་ཡོད་པ་དང༌། དེ་ཡང་ནང་པའི་ཆོས་ལས་བྱུང་བའི་བྱམས་བརྩེས་ཀྱིས་གཅིག་ཏུ་བཟུང་ཡོད་པ་གསལ་པོ་ཡིན།
༣ བོད་ཀྱི་སྤྱི་ཚོགས་བསམ་བློ་འཚོལ་སྟངས་ཀྱི་གཞི་སྒྲོམ་བཤད་པ།
བོད་ཀྱི་སྤྱི་ཚོགས་བསམ་བློ་དེ་མདོར་བསྡུས་ནས་བཤད་ན། བྱམས་བརྩེ་ཞེས་པ་འདིའི་ནང་དུ་ཡོངས་སུ་འདུ་བའི་ཚུལ་དང༌། དེ་ཇི་ལྟར་སྤྱི་ཚོགས་ཤིག་གི་བསམ་བློའི་གཞི་འཛིན་དུ་གྱུར་སྐོར་ཕྱོགས་ངོས་གཉིས་སུ་དབྱེ་ནས་གོང་དུ་ཉུང་ངུའི་ཚིག་ཏུ་བསྡུས་ནས་ཞུས་ཟིན་པ་ཡིན་སྟབས། མཚམས་འདི་འདྲ་ཞིག་ནས་དེ་ལས་གཞན་ཞིག་གླེང་རྒྱུ་ལྷག་བསྡད་མེད་ནའང༌། ད་དུང་ཡང་བསྐྱར་བཤད་མ་ཞུས་པར་གསལ་པོ་ཆགས་མི་ཐུབ་པའི་རིགས་གཅིག་ཚུར་བསྡུས་ནས་བཤད་འདོད་པ་ཞིག་ནི། བོད་ཀྱི་རིག་གནས་བསམ་བློའི་སྐོར་ཡིན། རིག་གནས་དང་བསམ་བློ་ནི་འཚོ་གནས་ཁོར་ཡུག་ལ་ལྟོས་ནས་གྲུབ་པ་ཞིག་ཡིན་སྟབས། འཚོ་གནས་ཁོར་ཡུག་ནི་རིག་གནས་ཀྱི་རྟེན་གཞི་དང་འབྱུང་ཁུངས་ཡིན་པའི་ངོས་ནས་བཤད་ན། འཚོ་གནས་ཁོར་ཡུག་མི་འདྲ་བའི་དབང་གིས་མིའི་རིགས་དང་སྤྱི་ཚོགས་ཆེ་ཆུང་གི་བསམ་བློ་ཡང་མི་འདྲ་བ་ཡོང་གི་ཡོད་ནའང༌། ས་ཁམས་ཁོར་ཡུག་གིས་རིག་གནས་དང་བསམ་བློ་གཉིས་ཀར་ཤུགས་རྐྱེན་ཐེབས་ཀྱི་རེད་ལབ་པ་ཡིན་ན། མང་པོ་ཞིག་གིས་དེ་ནི་གླེན་བཤད་དུ་ངོས་འཛིན་མི་བྱེད་པ་མིན། དོན་དངོས་གནས་ལུགས་ཀྱིས་གཞལ་ན་དེ་ནི་ལྟ་སྟངས་ཡང་དག་པ་ཞིག་རེད་སྙམ། ལྟ་སྟངས་གཞན་རིགས་མེད་མི་ཆོག་པ་མ་རེད་དེ། ངས་བཤད་འདོད་པ་ནི། དཔེ་ལྟོས་བྱ་ཡུལ་ལམ་དཔྱད་པ་གཏོང་ཡུལ་ཆུང་ངུ་ཞིག་སྟེ། བོད་ཀྱི་རྩོམ་པ་པོ་ཚང་མས་སྙན་ངག་མེ་ལོང་ལ་སྦྱངས་པ་བྱས་མྱོང་ཡོད་པ་དང༌། དེ་སྦྱོང་བའི་ཐོག་མར་ཤར་ལྷོའི་ལུགས་གཉིས་ཞེས་སྙན་ངག་རྩོམ་སྟངས་རིགས་གཉིས་བཤད་ཀྱི་ཡོད་པ་དེ་ཇི་ལྟར་བྱུང་བར་ལན་ཞིག་ཐེབས་པ་ཡིན་ན། འཚོ་གནས་ཁོར་ཡུག་གིས་རིག་གནས་དང་བསམ་བློར་འགྱུར་བ་ཐེབས་ཀྱི་ཡོད་པའི་གནས་ལུགས་ཤིག་ཤེས་རྟོགས་ཐུབ་པར་འདོད་པ་དེ་ཡིན། དེ་ནི་ཤར་ཕྱོགས་དང་ལྷོ་ཕྱོགས་གཉིས་ཀྱི་འཚོ་གནས་ཁོར་ཡུག་མི་འདྲ་བའི་དབང་གིས་དེ་གཉིས་ལ་ཐུན་མོང་མ་ཡིན་པའི་བསམ་བློ་དང་སྒྱུ་རྩལ་སོགས་བྱུང་སྣང་ཞིང༌། དེ་འབྲེལ་སྙན་ངག་སྦྱོར་སྟངས་ཀྱི་ཆ་ནས་ཀྱང་རིགས་གཉིས་ཤིག་བྱུང་བ་སྟེ། དེ་ཡང་ཤར་ཕྱོགས་ཀྱི་མིའི་བསམ་སྤྱོད་དང་ལྷོ་ཕྱོགས་ཀྱི་མིའི་བསམ་སྤྱོད་མ་འདྲ་བ་དེ་གཞི་རྩ་རེད། དོན་འདི་བོད་ཀྱི་འཚོ་གནས་ཁོར་ཡུག་ལ་རྒྱས་འགེབས་ཀྱི་དབང་དུ་བཏང་ན། བོད་ཀྱི་ལོ་རྒྱུས་རྣམས་སུ། དབུས་གཙང་པ་ཆོས་སེམས་ཆེ་བ་དང༌། ཁམས་པ་བ་དཔའ་སྤོབས་ལྡན་པ། ཨ་མདོ་བ་བརྩོན་སེམས་ཆེ་བ་ཞེས་འཚོ་གནས་ཁོར་ཡུག་གིས་བསྐྱེད་པའི་བསམ་སྤྱོད་དབང་བཙན་དུ་བྱས་ཏེ་སྡོམ་ཚིག་བཀོད་ཡོད་པའང་གནས་ལུགས་རྒྱུ་མཚན་གྱིས་བཏང་བའི་སྡོམ་ཚིག་ཅིག་ནི་མ་རེད་དེ། དུས་སྐབས་རིམ་བརྒྱུད་དང་འཚོ་གནས་འགྱུར་འགྲོས་སོགས་ཀྱིས་མིའི་བསམ་སྤྱོད་ལའང་དེ་འབྲེལ་གྱི་འགྱུར་བ་ཐེབས་ཀྱི་ཡོད་པའི་ངོས་ནས་གླེང་ན། སྔོན་དང་ཉེ་རབས། ད་ལྟ་བཅས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་བོད་ཆོལ་ཁ་གསུམ་གྱི་གཞི་རྩའི་བསམ་སྤྱོད་ལ་ངོས་འཛིན་གནང་ཕྱོགས་ལ་འགྱུར་བ་ཆེན་པོ་ཐེབས་ཡོད། དེ་ལྟ་བུ་ལ་འགྱུར་ལྡོག་ཟེར་ཞིང༌། འགྱུར་ལྡོག་ནི་འཚོ་གནས་ཁོར་ཡུག་ནས་སེམས་ཁམས་བར་དུ་འགྲོ་བ་ནི་ཆོས་ཉིད་ཀྱི་གཏན་ཚིགས་ལྟ་བུ་ཞིག་རེད། ད་དུང་དེ་དག་ཀྱང་རིགས་ཉུང་ངུར་བསྡུས་ན། འབྲོག་པ་དང་རོང་བའི་འཚོ་གནས་གཉིས་ཀྱིས་དེ་འབྲེལ་གྱི་བསམ་བློ་རེ་བསྐྱེད་པ་དེ་ཞིབ་ཀྱིས་འཚོལ་རིམ་ནང༌། བོད་ཀྱི་སྤྱི་ཚོགས་བསམ་བློ་འཚོལ་བའི་གཞི་སྒྲོམ་མམ་ལག་པ་འཆང་ས་མང་པོ་ཞིག་གི་སྣེ་མཐོང་ཐུབ་པར་འདོད། དེ་འབྲེལ་སྐྱ་བོའི་འཚོ་གནས་ཁོར་ཡུག་དང་སེར་མོ་བའི་འཚོ་གནས་ཁོར་ཡུག་བཅས་ཀྱིས་དེ་བཞིན་གྱི་མི་སྒེར་བསམ་བློ་དང་སྤྱི་ཚོགས་བསམ་བློ་བསྐྱེད་ཀྱི་ཡོད་པ་ཙམ་མ་ཡིན་པར། ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱུན་གྱི་གྱོན་ཆས་དང་ཉེར་ཆས་ཡོ་བྱད། བཟའ་བཏུང་འཚོལ་སྒྲུབ། ཐོན་སྐྱེད་སྤེལ་རིམ། བསམ་བློ། སྤྱོད་ལམ་སོགས་ལ་ཞིབ་ཀྱིས་དཔྱད་ན་ནི། སྤྱི་ཚོགས་བསམ་བློ་ལ་རིགས་དང་དབྱེ་བ་མང་པོ་འབྱུང་ཞིང༌། དེ་དག་ལའང་རྒྱུ་མཚན་དང་རྒྱབ་ལྗོངས་སྣ་ཚོགས་པ་བསྔོགས་རྒྱུ་ཡོད་པ་དེ་ལྟར་ནའང༌། མདོར་བསྡུས་སམ་གླེང་སློང་ཙམ་གྱིས་འབྲི་མཚམས་དང་ཤོད་མཚམས་འདི་ཙམ་ནས་འཇོག་པ་ལས། ཞིབ་ཅིང་རྒྱས་པ་ནི་དུས་ཡུན་ཐུང་ངུའི་ནང་ཡོང་བ་ཞིག་མ་རེད་ལ། བཤད་བསམ་ནའང་ཤེས་དཔྱོད་ཀྱིས་ལྕོགས་མིན་ལ་བརྟེན། དུས་ཁོམ་གྱི་བར་གསེང་ནས་ཐལ་བཤད་ཅི་མཆིས་བདག་གི་རྣམ་པར་དཔྱོད་པའི་རྩལ་སྟོབས་ཀྱིས་མ་འཆུན་པ་ལགས་སྟབས། ཆེད་སྐུལ་གནང་མཁན་དང་ཀློག་མཁན་ལྷན་རྒྱས་ལ་བཟོད་གསོལ་ལན་བརྒྱར་ཞུ་བ་ལགས་སོ།།