གཉའ་བློ་གྲོས་རྒྱལ་མཚན།
—————–
ནང་དོན་གནད་བསྡུས།
མི་རིགས་ཤིག་ལ་ཐུན་མོང་དུ་སྤྱོད་པའི་སྐད་དང་ཡི་གེ་མེད་ན། མི་རིགས་དེའི་ས་ཁུལ་ཁག་གི་བར་དུ་ཕན་ཚུན་འགྲོ་འོང་གིས་འབྲེལ་འདྲིས་འབྱུང་བ་དང་། སྐད་ཆའི་བརྡ་ལེགས་པར་འཕྲོད་ནས་བསམ་བློ་བརྗེ་རེས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བའི་གེགས་སུ་འགྱུར་བས། མེད་ན་ལེགས་པར་གཏན་འཁེལ་བྱེད་དགོས་ལ། ཡོད་ཚེ་སྤྱི་སྐད་དེ་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། མི་རིགས་གཅིག་གི་ཁོངས་མི་ཡིན་ཀྱང་སྐད་མི་འདྲེ་ཚེ་གན་དུ་གནས་ཀྱང་སེམས་སུ་བར་ཐག་རིང་བའི་འདུ་ཤེས་འབྱུང་བ་དང་། མི་རིགས་ཁ་ཁ་ཡིན་ཀྱང་སྐད་འདྲེས་ན་ངང་གིས་བར་ཐག་ཉེ་བའི་འདུ་ཤེས་འབྱུང་བ་ནི་ཀུན་ལ་ཐུན་སྣང་དུ་གྲུབ་པ་ཡིན་པས་སྨོས་ཅི་འཚལ། སྤྱི་སྐད་ཡོད་ན་དགེ་མཚན་བརྗོད་མི་ལང་ཞིང་། དེ་མེད་ན་གནོད་པ་ཤིན་ཏུ་ཆེ།
བརྗོད་སྙིང་ཐ་སྙད། སྤྱི་སྐད། གཏན་འབེབས། བསམ་ཚུལ།
སྐད་རིགས་ཞེས་པ་སྤྱི་དང་། བོད་སྐད། རྒྱ་སྐད། དབྱིན་སྐད་ལྟ་བུ་དེའི་བྱེ་བྲག་གོ །
མི་རིགས་ཀྱི་སྐད་ཡིན་ཀྱང་སྤྱི་སྐད་མ་ཡིན་པ་དབུས་གཙང་སྐད་དང་། ཨམ་སྐད། ཁམས་སྐད་ལྟ་བུ། མི་རིགས་ཀྱི་སྐད་ཡིན་ལ་སྤྱི་སྐད་ཀྱང་ཡིན་པ་རྒྱའི་ཀུན་རྒྱུགས་ཀྱི་སྐད་ལྟ་བུ། འཛམ་གླིང་སྤྱི་སྐད་དུ་དམིགས་ནས་བསྐྲུན་པ་ཡིན་ཀྱང་ལག་ལེན་དུ་མ་ཐེབས་པ་དང་མི་ཐོབས་པ་ནི་ལོ་བརྒྱ་དང་ཉེར་གསུམ་གྱི་སྔོན་དུ་པྰོ་ལེན་པ་ཁྲེ་མེན་ཧོ་ཧྥུ་བསྐྲུན་མཛད་པའི་འཛམ་གླིང་སྐད་ཡིན་ཅིང་། དེ་ཤེས་ནས་འཆད་ཐུབ་མཁན་ཆེད་ལས་པ་གཙོ་བོར་གྱུར་པའི་མི་གྲངས་ས་ཡ་ཡས་མས་ཡོད་པར་བཤད་ཀྱང་། དེ་འཛམ་གླིང་མི་གྲངས་དུང་ཕྱུར་དྲུག་ཅུ་ལ་ལྟོས་པས་སྤུ་ཉག་བརྒྱ་གཤགས་ཀྱི་ཆ་ཡི་སྤུན་ཟླར་སོང་འདུག འཛམ་གླིང་སྤྱི་སྐད་དུ་སུས་གཏན་འབེབས་བྱས་པ་མེད་ཀྱང་འཛམ་གླིང་སྤྱི་སྐད་ལྟ་བུར་གྱུར་པ་དབྱིན་ཇིའི་སྐད་ཡིག་ལྟ་བུ། བརྡ་སྤྲོད་མ་ལག་ཧ་ཅང་ཕུན་སུམ་ཚོགས་པ་ཡིན་ཅིང་སྐད་ཆའི་གྲུབ་ཆའི་གྲུབ་ཚུལ་ཤིན་ཏུ་ཚན་རིག་དང་མཐུན་ལ་དཔེ་མེད་དར་རྒྱས་བྱུང་བའི་སྐད་ནི་གནའ་བོའི་འཕགས་ཡུལ་གྱི་ལེགས་སྦྱར་སྐད་ཡིན་པར་བཤད། བརྡ་སྤྲོད་ཀྱི་ཚགས་དམ་ཞིང་ཧ་ཅང་ཞིབ་ཆ་ཆེ་བས་གོ་བ་ཉིས་འགྲོ་ལྟ་བའི་དོན་སྐྱོན་ཕལ་ཆེར་མི་འབྱུང་བའི་སྐད་ནི་ཧྥ་རན་སིའི་སྐད་ཡིན་ཅེས་ཐོས། སྐད་ཆ་ཞེས་པ་ཚིག་སྡུད་བྱས་པས་སྐད་ཅེས་བྱུང་ལ། སྐད་ཆ་ལ་ཤིན་ཏུ་དར་རྒྱས་ཆེ་བའི་གྲས་ནི་རྒྱ་སྐད་དང་། དབྱིན་སྐད། ཨུ་རུ་སུའི་སྐད་ལྟ་བུ་ཡིན། བོད་ལ་སྤྱི་ཡིག་ཡོད་ཀྱང་སྤྱི་སྐད་མེད། ཡུལ་སྐད་ཆེན་པོ་རྣམས་ཀྱང་སྤྱོད་ཁོངས་དེའི་སྤྱི་སྐད་ལྟ་བུར་སྨྲ་ཡང་ངེས་པ་མེད་དེ། ཁམས་སྐད་ཁུལ་གྱི་ལོགས་སྐད་སྨྲ་བ་སྐོར་དང་སྐོར་ཞིག་གི་སྐད་དེ་དག་སྡེ་དགེ་བ་རྣམས་ཀྱིས་གོ་མི་ཐུབ་པ་དང་། ཨམ་སྐད་ལས་མགོ་ལོག་སྐད་དང་། གྲོ་ཚང་སྐད། རྒྱལ་རོང་སྐད་ཀྱང་ཨ་མདོ་པ་མང་པོ་ཞིག་གིས་གོ་མི་ནུས། དེའི་ཕྱིར་བོད་ལ་སྤྱི་སྐད་ཅིག་ངེས་པར་མཁོ་བ་ཡིན་ལ། ཇི་ལྟར་སྔ་མོ་རུ་གྲུབ་ན་ཕན་ཡོན་་དེ་ལྟར་བརྗོད་མི་ལང་།
སྔོན་གྱི་སྐད་གསར་བཅད་གསུམ་དང་དེང་གི་སྤྱི་སྐད་གཏན་འབེབས་བར་གྱི་ཁྱད་པར།
སྔོན་གྱི་སྐད་གསར་བཅད་གསུམ་པོ་བརྒྱུད་དེ་བོད་སྤྱི་སྐད་ཅིག་འབྱུང་བར་ཕན་ཆེན་པོ་ཐོགས་ཡོད་ཀྱང་དེ་དག་གི་ཐད་ཀའི་དམིགས་ཡུལ་ནི་ཤོག་ངོས་ཀྱི་སྐད་ཆ་སྟེ་བོད་ཀྱི་ཡི་གེ་གཅིག་གྱུར་དང་ཚད་ལྡན་ཚུལ་མཐུན་ཡོང་ཆེད་རྒྱལ་བློན་དང་ལོ་པཎ་ཁོང་རྣམ་པས་སྐད་གསར་བཅད་ཀྱི་མཛད་པ་རླབས་ཆེན་དེ་འདྲ་བསྐྱངས་པ་ལགས་ཤིང་། དགོས་པ་ནི་ཡི་གེ་གཅིག་གྱུར་ཡོང་རྒྱུའི་ཆེད་དང་། ཉིང་དགོས་ནི་སྲིད་འབྱོར་རིག་གསུམ་ལ་བོད་ཡིག་གིས་ཞབས་འདེགས་ལེགས་པར་ཞུ་ཐུབ་པ་བྱེད་རྒྱུ་དང་། དམ་ཆོས་ཀྱི་ནང་དོན་རྣམས་ཇི་མ་ཇི་བཞིན་ལེགས་པར་རྟོགས་སུ་གཞུག་རྒྱུའི་ཆེད་ཡིན། དེ་དུས་མིག་གི་བལྟ་བྱའི་སྤྱི་སྐད་ཅིག་ལས་ལུང་བ་རེ་ལ་ཆུ་རེ་དང་ས་ཆ་རེ་ལ་སྐད་རེ་ཞེས་པའི་དབང་གིས་རྣའི་མཉན་བྱའི་སྤྱི་སྐད་ཅིག་འབྱུང་ཐབས་མེད། རྒྱུ་མཚན་ནི་སྤྱིའི་སྤྱད་ཡུལ་དུ་གྱུར་པའི་དེང་གི་བརྙན་འཕྲིན་རླུང་འཕྲིན་ལྟ་བུའི་མཉན་བྱ་མེད་པའི་ཕྱིར། གནའ་དུས་རང་རང་གནས་ས་ནས་གཞན་དང་གཞན་གྱི་གནས་ཡུལ་དག་གི་བར་ཐག་རིང་བ་དང་། འགྲིམ་འགྲུལ་ཡོ་བྱད་ཐེབས་ཆག་ཡིན་པ་དང་། ཆ་འཕྲིན་གཏོང་འབྱོར་ཧ་ཅང་ཉུང་བ་སོགས་ཀྱི་རྐྱེན་པས་ཀྱང་སྤྱི་སྐད་ཟེར་བ་འབྱུང་ཐབས་བྲལ། དེང་གི་སྤྱི་སྐད་ཅེས་པ་ནི་བོད་རིགས་སྤྱི་ཡིས་གོ་ཐུབ་པའི་རྣའི་མཉན་བྱ་ཞིག་ལ་བརྗོད་ཅིང་། དེ་མཚོན་བྱེད་ཀྱི་རི་མོའམ་མཚོན་རྟགས་ཀྱི་མ་ལག་ཆ་ཚང་དེ་ལ་མིག་གི་བལྟ་བྱའི་ཡི་གེ་ཟེར་བ་དང་། དེ་གཉི་ག་ལེགས་པར་གཏན་ལ་ཕབ་སྟེ་བོད་རིགས་སྤྱི་པའི་སྤྱད་བྱར་གྲུབ་པ་དེར་དེང་རབས་བོད་ཀྱི་སྐད་ཡིག་ཟེར་དགོས། སྐད་ཡིག་གཉིས་ལས་སྐད་ནི་གཙོ་བོ་དང་མཚོན་བྱ་ཡིན་ལ། ཡི་གེ་ནི་དེ་མཚོན་བྱེད་ཀྱི་རྟགས་ཡིན་པ་དང་། སྐད་ལའང་རང་ཉིད་ཀྱི་མཚོན་བྱ་ནང་གི་བསམ་པ་ཡོད་ཕྱིར་སྐད་རང་ཡང་མཚོན་བྱེད་ཅིག་ལས་མ་འདས། དེང་གི་སྤྱི་་སྐད་གཏན་འབེབས་ཞེས་པ་ནི་གོང་སྨོས་ཀྱི་ཤོག་ངོས་སྐད་ཆ་ཁོ་ནར་དམིགས་པ་ཙམ་མ་ཡིན་པར་གཙོ་བོར་སྐད་ལ་གཟས་པ་ཡིན། ཆོལ་ག་གསུམ་ལ་གནས་པའི་གངས་ཅན་པ་ཐམས་ཅད་ཀྱིས་གོ་བའི་སྤྱི་པའི་སྐད་ཅིག་ལ་ཁ་གཏད་དགོས། དེ་ཡང་གསལ་བོར་བཤད་ན་སྔོན་གྱི་བཀས་བཅད་གསུམ་པོ་གཙོ་བོར་བལྟ་བྱའི་ཡི་གེ་གཅིག་གྱུར་ཚད་ལྡན་ཡོང་རྒྱུ་དེ་དག་གི་དམིགས་ཡུལ་ཡིན་པ་དང་། དེང་གི་སྤྱི་སྐད་དོན་གཉེར་གྱི་འདོད་བློ་གཙོ་བོར་མཉན་བྱའི་ཡི་གེ་ལ་གཞོལ་བ་ཡིན་པ་དེ་གཉི་གའི་ཁྱད་པར་རོ། །
བོད་སྤྱི་སྐད་འབྱུང་བའི་རྨང་གཞི།
བོད་སྤྱི་སྐད་འབྱུང་བ་ལ་ཐོག་མར་གཅིག་གྱུར་ཚད་ལྡན་གྱི་སྒྲ་གདངས་མ་ལག་འཐུས་ཚང་ཞིག་དགོས་པ་དང་། དེ་ནི་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན་ལ། གཅིག་གྱུར་ཚད་ལྡན་གྱི་ཐ་སྙད་མ་ལག་ནི་དེའི་སྟེང་གི་རྨང་གཞི་རྔམས་མཐུག་པོར་གྱུར་པ་དེ་ཡིན་ཅིང་། ཚད་ལྡན་ཚུལ་མཐུན་གྱི་ཚིག་གི་སྡེབ་སྦྱོར་སྤེལ་སྟངས་རྣམས་ནི་དེ་གཉིས་སྟེང་གི་བཟོ་སྐྲུན་གྱི་རྣམ་པ་རྒྱ་ཆེན་པོ་དག་ཏུ་འབྱུང་ངོ་། །
བོད་ཡིག་ལ་རིག་ཚན་སོ་སོའི་མིང་དང་བརྡ་ཆད་བསྡོམས་ན་ད་ལྟའི་བར་མིང་མཛོད་སྣ་ཚོགས་སུ་འདུས་པ་ཕལ་ཆེར་འབུམ་གཉིས་ལ་ལོངས་འགྲོ་སེམས་ཀྱིན་ཡོད་ཅིང (མ་འོངས་བསྐྲུན་འགྱུར་གྱི་འཆར་ཟིན་བཀོད་འདུག་པའི་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གི«བོད་ཀྱི་མིང་མཛོད་ཆེན་མོ»ལ་ཐ་སྙད་ཆིག་འབུམ་ལྔ་ཁྲིའི་ཁྲ་མ་བྱས་འདུག)། དེ་དག་གི་ནང་དུ་གཅིག་གྱུར་མིན་ལ་ཚད་ལྡན་ཡང་མིན་པའི་ཐ་སྙད་རབ་ཅིག་ཡོད་པར་སྙམ། ཐ་སྙད་ཚད་ལྡན་གཅིག་གྱུར་ཡིན་ཀྱང་དེ་དག་འདོན་བྱེད་སྒྲ་གདངས་གཅིག་གྱུར་ཚད་ལྡན་མིན་ཚེ་འདོན་མཁན་གྱིས་བཏོན་པ་རྣམས་ཉན་མཁན་གོ་བར་མི་ནུས།
བོད་མིའི་ནང་ཁུལ་དུ་བརྡ་ལེགས་པར་མི་འཕྲོད་པའི་གནས་ཚུལ།
མདོ་དབུས་ཁམས་གསུམ་གྱི་མི་རྣམས་ཕན་ཚུན་འབྲེལ་འདྲིས་མེད་ཅིང་རང་ཉིད་གཞན་དག་གི་སྐད་ལ་འདྲིས་ཆ་མེད་ཚེ་ངག་ཐོག་བརྒྱུད་ནས་ཕལ་ཆེར་བརྡ་འཕྲོད་ཐབས་མི་འདུག་པ་ནི་མངོན་སུམ་གྱི་ཁྱབ་བརྡལ་གནས་ཚུལ་ཞིག་རེད། བརྡ་མ་འཕྲོད་ཚེ་ཡིག་ཐོག་ནས་ཁ་བརྡ་བྱེད་དགོས་པ་དང་། དེ་ཡང་ཡི་གེ་མི་ཤེས་པའམ་ཚད་ལྡན་གྱི་ཡིག་ཐོག་སྐད་ཆ་མི་ཕྲིས་པ་ཞིག་ཡིན་ཕྱིན་སྔར་བཞིན་བརྡ་འཕྲོད་ཐབས་མེད། དེ་བས་ཐབས་རྡུགས་ན་རྒྱ་སྐད་ཀྱིས་ཁ་བརྡ་མི་བྱེད་ཀ་མེད་དུ་གྱུར། སྤྱིར་ཡི་གེ་ཤེས་པའམ་ཡོན་ཏན་ཆེ་ཙམ་ལྡན་པའི་མི་རྣམས་ཕྲད་ཚེ་སྐད་མི་གཅིག་ཀྱང་བརྡ་འཕྲོད་པ་ཅུང་ཙམ་སླ་མོ་ཡོད་དེ། གནས་ཚུལ་དངོས་ཀྱིས་དེ་བདེན་དཔང་བྱེད་ཀྱིན་ཡོད། སྔོན་གྲྭ་ས་ཆེན་པོ་གསུམ་ལ་འཛོམས་པའི་ཆོལ་གསུམ་གྱི་གྲྭ་བཙུན་རྣམས་ཀྱིས་ཁ་བརྡ་བྱེད་སྐབས་དེ་དག་གིས་རྒྱ་སྐད་ལ་བརྟེན་མ་དགོས་པར་བརྡ་འཕྲོད་སོང་བས་ཀྱང་མ་གཞིར་སྐད་རིགས་གཅིག་ཡིན་པས་བརྡ་འཕྲོད་སླ་བ་ཤེས་ཐུབ། སྒྲ་གདངས་དང་སྐད་ཆའི་འཆད་སྟངས་ལ་འདྲིས་ཆ་ཅུང་ཙམ་བྱུང་ན་གོ་སླ་བ་ཡིན་ཅིང་། དེ་ལ་དུས་ཡུན་རིང་པོ་མི་དགོས་པའང་མངོན་སུམ་རེད། དེང་སང་ཡིག་ཐོག་གི་སྐད་ཆ་ལའང་ཁ་སྐད་འདྲེས་ཆེ་བའི་དབང་གིས་ཕན་ཚུན་མི་གོ་བ་མང་སྟེ། དེ་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པ་མངོན་གསལ་རེད། བོད་སྤྱིའི་སྤྱད་ཡུལ་ཡིག་ཐོག་གི་སྐད་ཆ་ལའང་སླད་ཆེན་འདྲེས་ཏེ་ཉམས་རྒྱུའི་རྟགས་མངོན་པ་དང་། གལ་སྲིད་མུ་མཐུད་དུ་ཁ་སྐད་མང་པོ་ཅི་འདོད་དུ་ཡིག་སྐད་ནང་ལ་བསྲེས་དྲགས་ན་བོད་ཐུན་མོང་ལ་དབང་བའི་ཡིག་སྐད་དེ་རྨེག་མེད་དུ་གྱུར་འགྲོ་བ་ཐེ་ཚོམ་མེད། བདག་རྩོམ་རིག་དུས་དེབ་་ཀྱི་རྩོམ་སྒྲིག་པ་པོ་ཞིག་ཡིན་པས་ངོས་ནས་བལྟས་ན་རྩོམ་རིག་བརྩམས་ཆོས་ནང་དུ་ཡུལ་སྐད་འདྲེས་པ་མང་ཞིང་། སྒྲུང་རྩོམ་གྱི་ནང་དུ་འདྲེས་པ་དེ་བས་ཀྱང་མང་། ཁ་སྐད་ཀྱིས་ཡིག་སྐད་བསླད་པའི་ཆ་མང་བས་དོན་གོ་མི་ཐུབ་པའི་ཚིག་ཀྱང་མི་ཉུང་བ་ཞིག་རྒྱུན་དུ་མཐོང་གིན་ཡོད། ཁ་སྐད་ནང་དུ་ཐ་སྙད་མང་པོ་ཞིག་ལ་དོན་སྟོན་གྱི་ནུས་པ་ཆེ་ཞིང་། དེ་དག་ཡིག་སྐད་ཀྱི་ཚིག་གི་ནང་དུ་སྤྱད་ན་ཉམས་འདོན་པར་ཕན་པ་ཆེ་ཡང་དེ་དག་ཚད་ལྡན་མིང་མཛོད་དུ་བཀོད་ནས་ཚུལ་མཐུན་གྱི་གོ་གནས་སྤྲད་མེད་པས་ཀློག་པ་པོས་དེ་དག་གི་དོན་ཤེས་ཐབས་མེད། དེས་ན་མིང་མཛོད་དུ་མ་འཁོད་པའི་ཡུལ་སྐད་ཀྱི་ཐ་སྙད་ཅིག་ཡིན་ཕྱིན་སྤྱིར་བཏང་གིས་མ་བཀོལ་ན་བཟང་། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན་ཡིན་ཀྱང་སྲིད་དེ། ཨ་མདོ་བས་འདི་དག་དབུས་གཙང་གི་ཡུལ་སྐད་དེ་མི་གོའོ་ཞེས་འཁང་ར་བྱེད། དབུས་གཙང་བས་དེ་ལས་ཀྱང་རང་ཉིད་ཀྱིས་མ་གོ་བ་རྒྱུ་མཚན་དུ་བྱས་ནས་དབུས་གཙང་་
བས་བྲིས་པའི་བསྟན་བཅོས་དག་ན་ཡོད་པའི་ཐ་སྙད་མཐོང་ནའང་ཨམ་སྐད་དོ་ཞེས་དམན་སར་འགོད། དེ་འདྲའི་སྐབས་སུ་བློ་དཀྱེལ་ཡངས་པར་བྱས་ནས་བསམ་ཤེས་བསྒོམས་ཏེ་ཕན་ཚུན་ཁས་ལེན་སྟེར་རྒྱུའི་དགའ་ཞིག་མེད་དེ། བདེན་ཕྱོགས་ལ་ཁས་ལེན་བྱིན་ན་གནས་ལུགས་དང་མཐུན་ལ་དོན་བྱ་འགྲུབ་པར་ཡང་ཕན་པ་ཆེ། བསམ་ཤེས་བསྒོམས་ན་བདེན་ཁ་སྟེར་ཐུབ། ཕན་ཚུན་བདེན་ཁ་སྟེར་རེས་བྱས་ན་མཐུན་སྒྲིལ་ཡོང་བར་ཕན་ཐོགས། མཐུན་སྒྲིལ་བྱུང་ན་ཆེན་པོ་སྒྲུབ་རྒྱུར་ཡང་ཚེགས་མེད། གནས་ལུགས་དང་བདེན་དོན་ལ་ཕྱོགས་རིས་དང་ཨུ་ཚུགས་མི་འགྲོ་བས་དེ་དག་འདོར་དགོས།
བོད་ཀྱི་སྐད་ཡིག་དང་དེའི་གེགས་སུ་གྱུར་པའི་གནད་དོན་འགའ།
བོད་ལ་ཐུན་མོང་དུ་སྤྱོད་པའི་ཡི་གེའམ་ཤོག་ངོས་ཀྱི་བརྡ་འཕྲིན་ཡོད་ཕྱིར་ཐུན་མོང་དུ་སྤྱོད་པའི་སྒྲ་གདངས་ཡག་པོ་ཞིག་མེད་ཀྱང་ཐུན་མོང་དུ་སྤྱོད་པའི་མིང་བརྡའི་མ་ལག་ཅུང་ཙམ་ཆ་ཚང་ཞིག་ཡོད་དེ། སྔོན་བྱོན་མཁས་པས་དེ་ད་ག་མིང་མཛོད་དག་ཏུ་བསྡུས་ནས་ཅུང་ཙམ་ཚད་ལྡན་དང་གཅིག་གྱུར་ཡོང་བ་མཛད་ཡོད། མཁས་པའི་བཞེད་དགོངས་ཐ་དད་ཕྱིར་ཡོངས་རྫོགས་གཅིག་གྱུར་དང་ཚད་ལྡན་ཡོང་བ་བྱེད་རྒྱུ་ནི་དེང་སང་ཡང་ཧ་ཅང་ཁག་པོ་ཡིན་ལ། གནའ་དུས་ཆ་རྐྱེན་སྣ་ཚོགས་ཀྱི་བཀག་རྒྱ་ཡོད་པས་དེ་བས་ཀྱང་ལས་སླ་བོ་མ་ཡིན་ནོ། ། སྐད་གསར་བཅད་ཕྱི་མ་ནས་བཟུང་ད་ལྟར་ཐུག་གི་བར་བོད་ཡིག་ནི་ཕལ་ཆེར་བོད་སྤྱི་པའི་ཐུན་མོང་དུ་སྤྱད་བྱ་ཡིན་ཅེས་བརྗོད་ཆོག དེའི་ཕྱིར་ས་པཎ་གྱིས “བོད་ཀྱི་སྐད་ལ་མི་ཤེས་པ། ། ཕལ་ཆེར་ཐོས་པ་ཆུང་བའི་སྐྱོན། ། ཁ་ཤས་འགྱུར་གྱི་བྱེ་་་་་དང་། ། ཡུལ་སྐད་དག་གིས་བསྒྱུར་པའང་ཡོད”ཅེས་གསུངས་ཤིང་། གསུང་དེ་བཞིན་ཤིན་ཏུ་མད། ལོ་ཆེན་རིན་བཟང་སོགས་ཀྱིས་གསུང་ནི་ས་པཎ་བུ་སྟོན་གསུང་བཞིན་མི་གོ་བ་མེད་ལ། རྗེ་ཡབ་སྲས་གསུམ་གྱི་གསུང་ནི་གུང་ཐང་བསྟན་པའི་སྒྲོན་མེའི་གསུང་བཞིན་གོ་སླ་བ་དང་། དེང་གི་མཁས་པ་མི་གསུམ་གྱི་གསུང་ཡང་གོང་སྨོས་མཁས་པ་དག་གི་གསུང་བཞིན་སྤྱི་ཡིག་ཚད་ལྡན་དང་གཅིག་གྱུར་དུ་གནས་པ་ལས་གནའ་མི་དང་དེང་མིའི་ཁྱད་པར་ཆེན་པོ་བྱུང་ནས་གཞན་དུ་འགྱུར་བ་མེད་དོ། ། དེས་ན་ང་ཚོའི་ཡིད་ལ་ངེས་དགོས་པ་ནི། བོད་སྤྱི་སྐད་གཏན་འབེབས་བྱེད་ན་སྔོན་བྱོན་མཁས་མཆོག་བགྲང་གིས་མི་ལང་བ་ཞིག་བཞུགས་པ་རྣམས་ཀྱི་གསུང་རྩོམ་དག་ནི་ཚད་ལྡན་གྱི་ཐ་སྙད་དང་། ཚུལ་མཐུན་གྱི་ཚིག་སྦྱོར་འབྱུང་སའི་གཏེར་མཛོད་ལགས་ཤིང་། དེང་གི་མིང་བརྡ་སྐོར་ཞིག་གི་གྲུབ་ཚུལ་རྣམ་དག་ཡིན་མིན་དང་། ཚིག་སྦྱོར་སྤེལ་སྟངས་འགའ་རེ་ཚུལ་མཐུན་ཡིན་མིན་བརྟག་བྱེད་ཀྱི་ཚད་གཞི་ནི་སྔོན་བྱོན་མཁས་པའི་ཚད་ལྡན་གྱི་གསུང་ལས་འཚོལ་བ་ལས་གཞན་ན་བཙལ་ས་མེད་ཅིང་། བཙལ་ནས་རྙེད་ཁུལ་འདྲ་བྱས་ཀྱང་བོད་ཀྱི་ཡོན་ཏན་པའི་སྡེ་ཡིས་ཁས་ལེན་པ་མ་ཡིན་ནོ། །
དེང་སང་ཡིག་སྐད་ནང་དུ་ས་མཐའ་ལུང་ཀྱོག་གི་ར་མ་ལུག་གི་ཐ་སྙད་བསྲེས་དྲགས་པས་བཤད་ན་ཕན་ཚུན་བརྡ་མི་འཕྲོད་པ་དང་། བྲིས་ན་ཡིག་ཉོག་ཏུ་གྱུར་པས་ཐུན་མོང་ལ་སྤྱོད་པའི་བོད་ཡིག་སློད་བྱེད་དུ་གྱུར་པ་ཤིན་ཏུ་མང་། མཁས་པའི་གཞུང་ན་ཡོད་པའི་འབྲི་ཚུལ་དང་། ད་ལྟའི་དག་ཡིག་ཏུ་འཁོད་པའི་འབྲི་ཚུལ་གཉིས་ལྟོ་མི་འགྲིག་པ་ལས་བྱུང་བའི་གཅིག་གྱུར་མ་ཡིན་པ་དང་ཚད་ལྡན་མ་ཡིན་པ་དཔེར་ན། «ཆུའི་བསྟན་བཅོས»ལས། “ཆུ་ཐིགས་བསགས་པས་འགེང་དཀའ་ཡང་། ། བོ་ན་ཅིག་ཅར་ཉིད་དུ་འཛད། ། ཡོན་ཏན་དང་པོར་སློབ་དཀའ་སྟེ། ། ཤེས་བཞིན་མེད་ན་ཉམས་པར་འགྱུར། ། ”ཞེས་གསུངས་ཏེ། «དག་ཡིག་གསར་བསྒྲིགས»ལས། “བསགས”ནི་ཉེས་པ་གསོག་པའི་འདས་པ་ཡིན་པར་བཀྲལ་ཅིང་། “བསོགས”ནི་རྒྱུ་ནོར་སོགས་མང་དུ་འཕེལ་བར་སྡུག་རུག་བྱེད་པའི་འདས་པ་སྟོན་བྱེད་དུ་སྤྱོད། “བོ”ནི་དེ་རུ་སྐུལ་ཚིག་ཡིན་པར་བཤད་ཅིང་། འདིར“བོ”ཡིས་འདས་པ་སྟོན་པ་མངོན་གསལ་རེད། “ཤེས་བཞིན”ཞེས་པ་མིང་ཡིན་ཏེ། ནམ་དགོས་ན་ཐོགས་རྡུགས་མེད་པར་ཡིད་ལ་ཇི་བཞིན་འཆར་བའི་་་་དམིགས་བསལ་གྱི་དྲན་པ་ཞིག་ལ་བྱ་ཞིང་། དྲན་པ་ནི་ཤེས་བཞིན་དང་མི་འདྲ་བ་དཔེར་ན། ཕྱིར་འདང་བརྒྱབ་བརྒྱབ་ཀྱང་དྲན་རྒྱུ་མེད་པ་སྲིད་ཀྱང་། “ཤེས་བཞིན”ཡོད་ཚེ་བློར་བཟུང་བ་གང་ཞིག་ནམ་དགོས་ད་འཆར་གྱི་ནུས་པ་ཡོད་དེ། མཁས་པའི་གསུང་མ་གཏོགས་དེའི་དོན་བཀྲལ་འདུག་པའི་དག་ཡིག་ད་སྔ་མ་མཐོང་ངོ་། །
ཡུལ་སྐད་ཁ་སྐད་ཀྱི་རྗེས་སུ་འབྲངས་ཏེ་དུས་གསུམ་འཇོལ་ཉོག་ཏུ་སྤྱོད་པ་དཔེར་ན། ཨ་མདོ་བ་སྐོར་ཞིག་གིས་མ་འོངས་པ་བརྗོད་པའི་སྒྲ་རྣམས་འཁྲུགས་འདུག་སྟེ། “རྟ་གཟུང་བར་འགྲོ”ཞེས་པའི་ཚབ་ཏུ“རྟ་འཛིན་པར་འགྲོ”ཞེས་མ་འོངས་པའི་དོན་ཅན་ལ་ད་ལྟ་བ་སྟོན་པའི་བྱ་ཚིག་གམ་ལས་ཚིག་བཀོལ་པ་ཧ་ཅང་མང་བ་དང་། ངས་བལྟས་མྱོང་དང་ང་སོང་མྱོང་ཟེར་དགོས་རྒྱུ་ལ་ངས་ལྟ་མྱོང་དང་ང་འགྲོ་མྱོང་ཞེས་ད་ལྟ་བ་སྦྱོར་བ་མང་། ཁམས་པ་སྐོར་ཞིག་གིས་འདས་པ་སྦྱོར་དགོས་པའི་སྐབས་སུ་ད་ལྟ་བ་སྦྱོར་ཏེ། རྟ་འཛིན་ཏེ་བཞོན་ལྟ་བུ་མང་དུ་འབྱུང་། བོད་ཡིག་ལ་བྱ་ཚིག་ཕུན་སུམ་ཚོགས་པ་ཡོད་ཀྱང་དབུས་སྐད་ནང་དུ་དེ་དག་མང་པོ་ཞིག་གི་ཚབ་ཏུ“བཏང”“བརྒྱབ”ཙམ་བཀོལ་ནས་འཐུས་པར་བྱས་ཡོད། དེ་འདྲའི་གནས་ཚུལ་ཁ་སྐད་སྤྱོད་པའི་སྐབས་ཙམ་ཡིན་ན་ཅི་མི་སྐྱོན་མོད། ད་ལྟ་གནས་ཚུལ་མི་ལེགས་པ་དེས་ཡིག་སྐད་སློད་བཞིན་འདུག་པས་ཤིན་ཏུ་ཕངས།
བོད་ཀྱི་རིག་གནས་པར་ཁས་འཆེས་པ་སྐོར་ཞིག་གིས་བརྡ་སྤྲོད་དཔྱིས་ཕྱིན་པར་མ་བསླབས་པའི་རྐྱེན་གྱིས་ཕྲད་དང་རྣམ་དབྱེའི་གནས་ལ་རྨོངས་ཀྱང་དེ་སངས་ཡག་བྱས་མེད་ཅིང་། ཡིག་སྦྱོར་ལག་ལེན་དངོས་ཀྱི་ནང་དུ་མགོ་བོ་འཐོམས་འདུག་པའང་མང་དུ་མཐོང་། “ལས་དོན་དེ་ངེས་པར་དུ་བསྒྲུབ་དགོས”དང“སྤྱིར་ན་ང་ཚོར་དབང་དགོས་མོད། ད་ལྟ་གཞན་ལ་དབང་བར་གྱུར”ཅེས་པ་ལྟ་བུ་སྟེ་ལ་དོན་ཉིས་རྩེག་སྦྱོར་མཁན་ཤིན་ཏུ་མང་། ཡང“དེའི་ནང་དུ་ངའི་ཕ་མ་དང་མིང་སྲིང་ཡོད”ཅེས་པ་ལྟ་བུའི་ཚིག་སྤྱོད་མཁན་རབ་ཅིག་མཐོང་། ཕོའི་ངོས་ནས་སྲིང་མོ་ཡོད་པ་བདེན་ན། མིང་པོ་ཡོད་པ་མི་བདེན་ལ། མོའི་ངོས་ནས་མིང་པོ་ཡོད་པ་བདེན་ཚེ། སྲིང་མོ་ཡོད་པ་མི་བདེན་པ་ནི་སྤྱིར་བཏང་གི་རྒྱུན་ཤེས་ཡིན་ཀྱང་ད་ལྟ་རྒྱུན་ཤེས་དེ་རྒྱུན་ཤེས་མ་ཡིན་པའི་གནས་སུ་གྱུར་པ་ནི་འདང་མི་འཕོག་པ་ཞིག་རེད། ཕལ་ཆེར་གོམས་ན་སྣ་རྡོག་ཟོས་ཀྱང་མི་མཐོང་བའི་དཔེ་བཞིན་ཡིན་སྲིད་དོ། །
དུས་གསུམ་གྱི་ཡང་དག་པའི་ལག་ལེན་བྱེད་སྟངས་ད་ལྟ་ཆེ་ཆེར་ཉམས་འདུག་པ་ནི་བོད་ཀྱི་རིག་གནས་པའི་སྡེ་ཡི་སྤྱིར་བཏང་གི་གནས་ཚུལ་ཞིག་ཏུ་མཐོང་ལ། གལ་ཏེ་གནས་ཚུལ་དེ་མ་བསྒྱུར་པར་འཇོག་ཡུན་རིང་དྲགས་ན་དེང་ཕྱིན་ཡོ་བསྲང་བྱེད་ཐབས་མེད་པ་ཞིག་ཏུ་འགྱུར་གྱིས་དོགས། དེས་བོད་ཀྱི་བརྡ་སྤྲོད་མ་ལག་ཅུང་ཙམ་ཚང་བའི་སྤྱི་ཡིག་དེ་མུ་མཐུད་དུ་ཚན་རིག་དང་མཐུན་པའི་ཕྱོགས་སུ་འཕེལ་བ་ལ་གནོད་པ་ཅི་་ཙམ་འབྱུང་བའི་ཚུལ་དཔོག་མི་ནུས།
ཨ་མདོ་བ་དང་ཁམས་པས་བྲིས་པའི་རྩོམ་ཡིག་ནང་དུ་རང་གིས་རང་ལ་ཞེ་ས་སྦྱར་འདུག་པ་མི་ཉུང་བ་ཞིག་མཐོང་སྟེ། ཨ་མདོ་བ་ལ་སྐྱོན་དེ་འབྱུང་བ་ལྷག་པར་ཚབས་ཆེན་རེད། མཚང་དེ་འདྲ་གཞན་གྱིས་མི་མཐོང་བ་ཞིག་བྱ་ཆེད་ཞེ་སའི་རྣམ་གྲངས་དང་དེའི་སྦྱོར་ལུགས་བསླབས་ཏེ་ལོབས་ནས་ནང་བྱན་ཆུད་པ་ཞིག་བྱ་རྒྱུའང་ཤིན་ཏུ་གལ་ཆེ་བར་འདོད། རིག་ཚན་སྐོར་ཞིག་གི་མིང་བརྡ་དང་གསར་བྱུང་གི་མིང་བརྡ་རྣམས་བོད་སྐད་ལ་སྒྱུར་དགོས་པ་ནི་རྒྱུན་འབྱུང་གི་གནས་ཚུལ་ཞིག་རེད། ཞིང་ལྗོངས་ལྔ་ལ་ཁྱབ་པའི་མིང་བརྡ་ཚད་ལྡན་དང་གཅིག་གྱུར་དུ་གཏོང་མཁན་གྱི་བོད་་ཡིག་ལས་ཁུངས་ཤིག་མེད་ཅིང་། ས་གནས་ཁག་གི་བོད་ཀྱི་སྐད་ཡིག་གི་བྱ་བ་སྒྲུབ་མཁན་ཚོས་ཕན་ཚུན་འབྲེལ་གཏུག་དང་གྲོས་སྡུར་སོགས་མེད་པར་རང་རང་ས་ནས་སོ་སོའི་འདོད་ཚུལ་གཙོ་བོར་བཟུང་ནས་བསྒྱུར་པས་འགྱུར་མི་འདྲ་བ་དུ་མ་བྱུང་སྟེ་གཅིག་གྱུར་མ་འོང་ས་པ་ཡིན་ལ། སྒྱུར་དུས་ཀྱང་བསྒྱུར་བྱའི་མིང་བརྡ་དག་གི་མཐིལ་རྟོགས་པ་ཞིག་མ་བྱས་པར་བསྒྱུར་པས་མིང་གིས་དོན་མཚོན་པར་ནུས་པའི་ཐ་སྙད་སྒྲུབ་མ་ནུས་པས་ཡིན་ཏེ་དཔེར་ན། རྒྱ་ཡིག་གི高原(plateau)ལྟ་བུ་བོད་ལྗོངས་ཀྱིས“ས་མཐོ”ཞེས་བསྒྱུར་པ་དང་། མཚོ་སྔོན་གྱིས་ལ་ལས“མཐོ་སྒང”ཞེས་དང་། ལ་ལས“མཐོ་གཞོངས”ཞེས་བསྒྱུར་པས་གཅིག་གྱུར་མ་འོངས་པ་མངོན་གསལ་ཡིན་ལ། སྔ་བ་གཉི་ག་འགྱུར་ཡང་ཧ་ཅང་མི་ལེགས་ཏེ། “ས་མཐོ”ཞེས་པས་ས་མཐོ་བ་ཙམ་སྟོན་པ་ལས་དོན་གཙོ་བོ“ཐང”གི་ཤུལ་ཙམ་ཡང་མེད་པ་དང་། དེ་ཉིད་སླར་ཡང་རྒྱ་ཡིག་ལ་བསྒྱུར་ན“高地”ཞེས་པར་འགྱུར་བས་སྐྱོན་ཅན་ཡིན་པ་མངོན་གསལ་རེད། ཡང“མཐོ་སྒང”ཞེས་པ་ཕྱིར་རྒྱ་ཡིག་ལ་བསྒྱུར་པས“高岗”ཞེས་པར་འགྱུར་བ་དེ་ལའང“ཐང”གི་དོན་སྤུ་ཉག་ཙམ་ཡང་མེད་པས་མཚང་ཤིན་ཏུ་ཆེ། འདིར་དགོས་པ་ནི་མཐོན་པོ་ཡིན་པའི་ཐང་ཆེན་ཞིག་ཡིན་པས“མཐོ་གཞོངས”ཀྱིས“高原”ཞེས་པའི་ཚིག་ཟུར་དོན་མཐིལ་ཐམས་ཅད་ལོན་ཡོད་ཅིང་། འགྱུར་ཡང་དེའི་ཡན་ཞིག་ཐོན་དཀའ་བའི་ཚོད་རེད། “གཞོངས”ནི་«དག་ཡིག་གསར་བསྒྲིགས»ལས“རྒྱ་ཁྱོན་ཆེ་ལ་བདེ་བའི་ས་ཆའི་མིང”ཡིན་པ་བསྟན་པས་དེས་རྒྱ་ཡིག་གི“原”གྱི་དོན་ཡོངས་སུ་མཚོན་འདུག འགྱུར་ལེགས་པ་དེ་འདྲ་བྱུང་ན་ལོ་ཙཱའི་དམིགས་ཡུལ་འགྲུབ་པ་ཡིན་ཏེ། བོད་མི་སྐོར་ཞིག་གིས་དོན་སྒྱུར་བྱེད་པ་གཙོ་ཞེས་བསྒྱུར་པས་བསྒྱུར་བྱའི་ཡུལ་ལ་སླར་ཡང་བསྒྱུར་ན་བསྒྱུར་གཞི“ཞྭ”ལྟ་བུ་སླར་བསྒྱུར་པས་“ལྷམ”དུ་གྱུར་འདྲའི་སྣང་ཚུལ་རབ་ཅིག་མཐོང་རྒྱུ་ཡོད་པས་ཤིན་ཏུ་གཟབ་པ་གཅེས། དོན་མཐིལ་མ་རྟོགས་པར་འགྱུར་ལེགས་ཇི་ལྟར་འབྱུང་།
གོང་སྨོས་རྣམས་ནི་སྤྱི་ཡིག་སློད་བྱེད་ཀྱི་དཔེར་མཚོན་ཙམ་སྟེ། ཞིབ་ཏུ་རྩོམ་ཐུང་འདི་་་
འདྲའི་ནང་དུ་བརྗོད་ཀྱིས་ག་ལ་ལང་།
སྤྱི་སྐད་ཀྱི་རྨང་གཞི་གང་ལ་འཇོག་དགོས་སམ།
བོད་རིགས་ལ་ད་ལྟའི་བར་ས་གནས་ཁག་ཏུ་སྐད་ཡིག་ཞིབ་འཇུག་ཁང་ཞེས་པའི་མིང་ཙམ་ཡང་གླེང་རྒྱུ་མེད་ལ། སྐད་ཡིག་ཞིབ་འཇུག་གི་ཕྱོགས་ནས་གྲུབ་འབྲས་ཆུང་ཆུང་རེ་ལོན་ཡོད་པ་རྣམས་སློབ་གྲྭ་ཆེན་མོ་དག་གི་བརྡ་སྤྲོད་འཁྲིད་མཁན་དགེ་རྒན་དང་། སྤྱི་ཚོཊ་ཐོག་གི་བརྡ་སྤྲོད་ཞིབ་འཇུག་བྱ་བར་སྤྲོ་བ་་ཡོད་པ་དག་གི་འབད་པ་ཁོ་ན་ལས་བྱུང་བ་ཡིན། ཆེད་ལས་ཀྱི་ཞིབ་འཇུག་ཁང་མེད་པ་དང་། ཆེད་ལས་ཀྱི་ཞིབ་འཇུག་མི་སྣ་མེད་པས་བོད་ཀྱི་སྐད་ཡིག་ཞིབ་འཇུག་གི་ས་ཆོད་ཧ་ཅང་ཆུང་བ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་ཐོག་ནས་གོང་འཕེལ་ཆེན་པོ་སོང་མེད། གོང་སྨོས་སྐད་ཡིག་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་ཆུང་ཆུང་དེ་དག་ཀྱང་བོད་ཀྱི་སྤྱི་སྐད་འབྱུང་བ་ལ་དམིགས་ནས་བརྩམས་པ་མིན་པས་ང་ཚོས་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་སྐབས་ལེན་རྐྱང་འཁོལ་རྐྱང་བྱས་ཆོག་པ་ཅང་མེད།
བོད་སྤྱི་སྐད་ཀྱི་སྒྲ་གདངས་རྨང་གཞི་ལ་ཤིན་ཏུ་རན་པའི་སྐད་གདངས་ནི་འབྲོག་སྐད་ཡིན་ཚུལ་བདག་གིས་གནས་ལུགས་དང་བཅས་པར་དུས་རབས་གོང་མའི་དགུ་བཅུ་གོ་གཉིས་ལོར་ཆེད་རྩོམ་གཞན་ཞིག་ཏུ་ཞིབ་པར་སྨྲས་ཡོད་ཀྱང་། བོད་ཀྱི་ཡོན་ཏན་པ་གང་མང་མང་ཞིག་གིས་ལྷ་སའི་སྐད་གདངས་དེའི་རྨང་གཞིའི་སྐད་གདངས་ལ་ཅི་ནས་ཀྱང་རན་ནོ་ཟེར་བས་བདག་གིས་མང་ཁ་ཉུང་ལེན་བྱེད་ལོས་དགོས། འོན་ཀྱང་བདེན་དོན་ནི་སྐབས་འགར་ཉུང་ཕྱོགས་པའི་ལག་ན་ཡོད་པའང་སྤྱིར་བཏང་གི་གནས་ཚུལ་ཞིག་རེད། བདག་དབུས་གཙང་སྐད་ལ་དགའ་ཞིང་དུངས་པ་ཡིན་པས་བརྩེ་དུངས་ཀྱི་ཐོག་ནས་དེའི་གདངས་བོད་སྤྱི་སྐད་ཀྱི་གདངས་ལ་བཞག་ན་ཅི་མི་རུང་། གང་ལྟར་བདག་གི་རེ་བ་ནི་སྤྱི་སྐད་ཅིག་བྱུང་བས་འགྲུབ་པ་ཡིན།
སྔོན་གྱི་མིང་བརྡ་རྣམས་རྨང་གཞིར་བཞག་ཐོག་དེང་གི་མིང་བརྡ་རྣམས་ཚད་ལྡན་དུ་བསྒྲུབས་ནས་ཆེད་ལས་མིང་མཛོད་དང་སྤྱིར་བཏང་མིང་མཛོད་རྣམས་ལེགས་པར་བསྐྲུན་ནས་བོད་སྤྱི་སྐད་ཀྱི་ཐ་སྙད་མ་ལག་གྲུབ་པར་འདོད། དེང་གི་མིང་བརྡ་ཕལ་ཆེར་བསྒྱུར་ནས་གྲུབ་པ་་ཡིན་པས་འགྱུར་ལེགས་ཉེས་ཀྱིས་ཐད་ཀར་སྐད་ཡིག་འཁོལ་སྤྱོད་ལ་ཕན་དང་གནོད་པ་སྐྱེལ་སྲིད། འགྱུར་ལེགས་པོ་འབྱུང་དགོས་པ་དང་། བྱུང་བ་དེའང་བོད་ས་གནས་ཁག་ན་གཅིག་གྱུར་དུ་སྤྱོད་པ་ཞིག་ཡིན་དགོས། རྒྱ་ཡིག་གིས་དབྱིན་ཡིག་ནས་ཐད་སྒྱུར་བྱས་པ་ཧ་ཅང་མང་ཞིང་། དེ་ལྟར་བསྒྱུར་པའང་ཧ་ཅང་་ལེགས་པར་སེམས་ཏེ། དོན་སྒྱུར་ཡིན་ཁུལ་གྱིས་ཐབས་དེ་ལ་བརྟེན་དྲགས་ནས་མཁོ་མིན་ཐམས་ཅད་ཨུ་ཚུགས་ཀྱིས་བསྒྱུར་ན་འགྱུར་དེ་ཉིད་སླར་ཡང་བསྒྱུར་བྱའི་ཡི་གེ་དེའི་སྐད་དུ་བསྒྱུར་ཚེ་བརྡ་ལོག་འདུག་པ་ཧ་ཅང་མང་བས་གཟབ་རྒྱུ་གལ་ཆེ།
སྤྱི་སྐད་ལ་སྤྱད་རྒྱུའི་བརྡ་སྤྲོད་ཀྱི་གཞུང་ཞིག་ཀྱང་དགོས་པས་ད་ཡོད་ཀྱི་བརྡ་སྤྲོད་གཞུང་ལུགས་རྣམས་ཀྱི་འོས་ཆ་དང་ལེགས་ཆ་ལོན་པའི་བསྡུས་གསལ་གོ་ཆོད་ཀྱི་གཞུང་ལུགས་ཤིག་གམ་རྩ་འཛིན་ཆེན་མོ་་ཞིག་བསྒྲིག་དགོས། དེ་གྲུབ་ན་སློབ་གྲྭ་ཆེ་འབྲིང་གི་སློབ་མའི་བསླབ་གཞི་ལའང་རན་པ་ཡིན་པས་ཤིན་ཏུ་ལེགས་པ་དང་། དེས་སྤྱི་སྐད་འབྱུང་བར་ཕན་ཐོགས་ཆེན་པོ་ཡོད་པར་སེམས།
གང་ལྟར་དེ་འདྲའི་ལས་དོན་རླབས་པོ་ཆེ་འགྲུབ་དགོས་ན་ཉུང་མཐའ་ཡང་ལོ་ལྔ་དྲུག་ཙམ་གྱི་དུས་ཡུན་དགོས་པར་སེམས་ཤིང་། བོད་ཀྱི་རིག་གནས་ཡོན་ཏན་པ་རྣམས་ཀྱིས་སྒེར་སེམས་ཉུང་ངུའི་ཉུང་ངུར་བསྙུངས་ཏེ་སྤྱི་སེམས་ཆེན་པོའི་ཆེན་པོར་བསྐྱེད་ན་ད་གཟོད་ལས་དོན་དེ་ལེགས་པར་འགྲུབ་པ་ཡིན་སྙམ། ལས་དོན་དེ་ལ་སྤྲོ་བ་རྒྱས་པའི་བོད་མི་རྣམས་ཀྱིས་སེམས་ཤུགས་དང་། སྟོབས་ཤུགས། དངོས་ཤུགས་གང་ཡོད་རྩལ་སྤྲུག་བྱས་ནས་སྒྲུབ་ན་མི་འགྲུབ་པའི་ལས་དོན་གང་ཡང་མེད་པར་སྙམ་མོ། །
བོད་ཀྱི་སྤྱི་སྐད་དམངས་ཁྲོད་དུ་གཏན་འབེབས་བྱེད་ཐུབ་བམ།
སྤྱིར་ལས་དོན་ཆེན་པོ་ཞིག་སྒྲུབ་པ་ལ་འཆར་འགོད་ཅིག་ཡོད་པས་མི་ཆོག་པར་འཆར་འགོད་ཧ་ཅང་ཡག་པོ་ཞིག་ཡོད་དགོས་པ་ཡིན། འཆར་འགོད་བྱས་པ་ཇི་ལྟར་ཞིབ་ཆ་ཐོན་ཅིང་་ཟུར་མ་ལུས་པ་་བྱུང་ན་དེ་ལྟར་ཆོས་ཉིད་དང་ཉེ་བར་འགྱུར་བས་ཤིན་ཏུ་ལེགས།
སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་། དམངས་ཁྲོད་ཀྱི་མཁས་པ་མང་པོ་རང་མོས་ཀྱིས་འདུས་ཏེ་སྒྲིགས་འཛུགས་ཤིག་ཏུ་གྲུབ་པ་དང་། དེས་ཀྱང་ཁྲིམས་མཐུན་གྱི་གོ་གནས་ལོན་ཡོད་པ་དང་། རྩ་ཁྲིམས་བཅའ་ཁྲིམས་རང་ཉིད་ཀྱི་མཚོན་སྲུང་འཁོར་ལོར་བསྒྱུར་ཏེ་བྱ་བ་སྒྲུབ་ན་མི་་རུང་བ་གང་ཡང་མེ་ད་སྙམ་ལ། དེ་ཙམ་དུ་མ་ཟད་རྒྱལ་ཁབ་དང་གྲང་ས་ཉུང་མི་རིགས་དེའི་ཁག་ཁུར་ཆེན་པོ་ཞིག་སྟེ་སྤྱི་དོན་སྒེར་གྱིས་ལེགས་པར་འཁྱོངས་ན་མི་་བཟང་བ་ཅི་ཡོད། སྤྱི་སྒེར་གང་གིས་ལས་དོན་དེ་བསྒྲུབ་ཀྱང་ལས་དོན་གྱི་ རེ་གྲོན་མ་དངུལ་འདང་ངེས་ཤིག་དགོས་པ་དང་། ནུས་ལྡན་གྱི་སྒྲིགས་འཛུགས་ཡོད་པ། མཁས་པའི་ཚན་ཆུང་དང་སྤྱིར་བཏང་གི་ལས་བྱེད་པའི་སྡེ་ཡོད་པ། ཆེས་ལེགས་པའི་འཆར་གཞི་ཡོད་པ། རྣོ་སྐུད་ལྟར་དམ་པའི་སྒྲིགས་ལམ་ཡོད་ན་མི་འགྲུབ་པའི་ལས་དོན་ཅི་ཡང་མེད་པར་སྙམ། གལ་ཏེ་དམངས་ཁྲོད་ཀྱི་སྤྱི་སྐད་གཏན་འབེབས་བྱེད་མཁན་གྱི་སྒྲིགས་འཛུགས་དེས་མ་ལག་ཆ་ཚང་ཞིང་གྲུབ་ཚུལ་ཚན་རིག་དང་མཐུན་པའི་བོད་སྤྱི་སྐད་ཅིག་འཁྱོངས་སུ་བཅུག་ཡོད་ཚེ་བོད་མང་མས་ངང་གིས་དང་ལེན་མི་བྱེད་པའི་ངེས་པ་མེད་དེ། གང་ཞིག་བཟང་ཞིང་མཁོ་གལ་ཆེ་བའི་ཕྱིར། དམངས་ཀྱིས་དང་དུ་བླངས་ན་སྲིད་གཞུང་ནི་དམངས་ཀྱི་ཁེ་ཕན་སྒྲུབ་མཁན་ཡིན་པས་དེས་ཀྱང་སྲིད་ཕྱོགས་ནས་ལག་བསྟར་མཐའ་འཁྱོལ་བ་བྱེད་དགོས་པའི་བཀའ་ཕབ་ཚེ་དམིགས་ཡུལ་ཐམས་ཅད་འགྲུབ་སོང་བ་མིན་ནམ།
ཡིན་ནའང་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱ་རྒྱུའི་ལས་དོན་དེའི་རྣམ་པ་ཧ་ཅང་རྒྱ་ཆེ་ལ། དཀའ་ཁག་གི་གནས་ཧ་ཅང་མང་བ། རེ་གྲོན་གྱི་དངུལ་ས་ཡ་བྱེ་བ་གཏོང་དགོས་པ། རིག་གནས་ཡོན་ཏན་བརྒྱ་ཕྲག་ལ་ཉེ་བ་འདུ་དགོས་པ། ཁྲིམས་མཐུན་གྱི་གོ་གནས་དང་དབང་ཆ་ལོན་དགོས་པ། དམིགས་བསལ་གྱི་ཆ་རྐྱེན་མང་པོ་འཛོན་དགོས་པ། སྒྲུབ་ཡུན་རིང་པོ་དགོས་པ་བཅས་ཀྱི་དབང་གིས་རབ་ཡིན་ན་གཞུང་ཕྱོགས་ཀྱིས་འཕྲིན་ལས་དེ་་་་་་་ བསྐྱང་ན་བཟང་། མེད་པ་ལས་ཡོད་པ་དགའ། ཡོད་པ་ཙམ་ལས་རབ་ཅིག་འཛོམས་ན་དྲག རབ་ཅིག་ལས་ཡང་ཕུལ་ཞིག་བདོག་པ་བཟང་། བོད་ཀྱི་སྐད་ཡིག་ལ་གཅེས་སྤྲས་ཟབ་པའི་སྤྱི་སེམས་ཅན་རྣམས་རང་སྟོང་ལ་མ་བསྡད་པར་བོད་ཀྱི་སྤྱི་སྐད་ཅིག་ཨེ་འབྱུང་ཐད་དུ་བསམ་བློ་ནན་མོ་གཏོང་དགོས་པ་དང་། མ་མཐར་ཡང་དེའི་སྐོར་ལ་གླེང་ཕྱོགས་ཆེན་པོ་ཡོད་པར་བྱས་ཏེ་དྲིལ་སྒྲོག་གི་བྱ་བས་ཐིངས་སོང་བ་ཞིག་དང་། སྦྱོར་དངོས་རྗེས་གསུམ་གྱི་སྔ་བ་དེ་ངེས་པར་འཛོམས་འདུག་པ་ཞིག་བྱེད་རྒྱུ་ཤིན་ཏུ་གལ། ལས་དོན་ཞིག་སྒྲུབ་པར་དེ་གླེང་བ་ཙམ་ཡང་མེད་ན་འཆར་གཞི་འགོད་མི་སྲིད་ལ། འཆར་འགོད་ཙམ་ཡང་མེད་ཚེ་དེའི་དངོས་གཞི་རྩོམ་མི་ནུས་པ་ཐག་གིས་ཆོད།
བོད་སྤྱི་སྐད་འབྱུང་བར་དགོས་པའི་སྒྲིགས་འཛུགས་དང་ཆ་རྐྱེན།
སྒྲིགས་འཛུགས་ཤིག་ཡོད་ན་དེའི་ནང་དུ་སྣེ་འཁྲིད་པའམ་མགོ་ཁྲིད་ཚན་ཆུང་ཞིག་འཛུགས་ཆོག་ལ། དེ་དག་གི་མགོ་ཁྲིད་ལ་བརྟེན་ནས་བྱ་བ་རྣམས་སྔ་ཕྱི་གོ་རིམ་ཡོད་ཅིང་གཙོ་ཕལ་ཕྱེ་སྟེ་སྒྲུབ་ཆོག སྒྲིགས་འཛུགས་སམ་ལས་ཁུངས་ཤིག་ཡིན་ཕྱིན་དེ་ལ་སྒྲིག་ལམ་དམ་པོ་ཞིག་ཡོད་དགོས་པ་དང་། དགོས་ངེས་ཀྱི་སྒྲིག་ལམ་འཐུས་ཚང་ཡོད་ཅིང་སྒྲིགས་འཛུགས་ཁོངས་མི་རྣམས་ཀྱིས་དེ་ཇི་བཞིན་བསྲུངས་པ་ཡིན་ཚེ། ལས་དོན་གང་ཞིག་འགྲུབ་པར་ཕྱོགས་གཅིག་གི་ཁག་ཐེག་ཡོད་པར་གྱུར་པ་ཡིན། མགོ་ཁྲིད་ཚོ་ཆུང་ཡོད་པ། མཁས་པའི་ཚན་ཆུང་ཡོད་པ། གཞི་རྩའི་ལས་ཀ་སྒྲུབ་མཁན་གྱི་ཡོན་ཏན་པའི་དཔུང་སྡེ་ཡོད་པ། རེ་གྲོན་གྱི་དངུལ་ཡོད་པ་བཅས་ནི་བོད་སྤྱི་སྐད་གཏན་འབེབས་ལས་དོན་གྱི་མེད་དུ་མི་རུང་བའི་རྒྱུ་རྐྱེན་གཙོ་བོ་ཡིན། དེའི་ཐད་བཀའ་བསྟན་དཔེ་སྡུར་ལས་ཁུངས་ནི་མགོ་ཁྲིད་ཚོ་ཆུང་དང་། མཁས་པའི་ཚན་ཆུང་། ལས་བྱེད་པའི་སྡེ། རྒྱབ་ཕྱོགས་ཞབས་འདེགས་པའི་སྡེ། མ་དངུལ་འབྱུང་ཁུངས་བཅས་གང་གི་ཕྱོགས་ནས་ཀྱང་དཔེར་བལྟས་ཆོག་པ་ཞིག་ཏུ་མཐོང་།
མགོ་ཁྲིད་ཚན་ཆུང་དེ་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཐད་ཀར་དབུ་ཁྲིད་དང་ཐུགས་ཁུར་རྒྱབ་སྐྱོར་ཡོད་དགོས་པ་དང་། རྒྱལ་ཁབ་སྐད་ཡིག་ཨུ་ཡོན་ལྷན་ཁང་གི་བྱེད་སྒོའི་མཛུབ་སྟོན་ཡོད་དགོས་ལ། རྒྱལ་ཁབ་ནོར་སྲིད་ལས་ཁུངས་ཀྱིས་བསྟབས་པའི་འདང་ངེས་ཀྱི་མ་དངུལ་དགོས་པ་ཡིན། དེ་དག་བྱུང་ཚེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། རིམ་པ་གོང་མའི་ཐུགས་ཁུར། མ་དངུལ་གྱི་ཁག་ཐེག་བཅས་ཡོད་སོང་བས། ལས་དོན་རླབས་པོ་ཆེ་དེའི་རྨང་གཞི་བརྟན་སོང་བ་དང་འཕྲིན་ལས་ཀྱི་དབུ་བརྙེས་སོང་བར་བརྩིས་ཆོག
མགོ་ཁྲིད་ཚོ་ཆུང་དེས་དུས་བསྟུན་མཁོ་ངེས་ཀྱི་ཚོགས་འདུ་སྣ་ཚོགས་བསྐང་རྒྱུ་དང་། འཆར་གཞི་བསྒྲག་རྒྱུ་དང་། བྱེ་བྲག་གི་བླང་བྱ་གདོན་རྒྱུ། ལས་རིམ་སྔ་ཕྱི་མཐུན་འབྱོར་ཡོང་བ་བྱ་རྒྱུ། ལས་ཀའི་སྒྲུབ་ཚད་ལ་ལྟ་སྐུལ་བྱ་རྒྱུ། སྔར་སོང་ལས་རིམ་ལ་མཇུག་སྡོམ་དགོད་རྒྱུ། རྗེས་མཐུད་ལས་རིམ་ལ་འཆར་འགོད་འཐེན་རྒྱུ་བཅས་ཀྱི་བྱ་བ་གཉེར་དགོས་པར་སེམས།
ལས་བྱེ་ད་པའི་སྡེ་ཡི་ཡོན་ཏན་པ་རྣམས་ནི་ལས་གཞི་གཉེར་མཁན་གཙོ་བོའི་གྲས་ཡིན་ལ། དེ་ལ་ཉུང་མཐའ་ཡང་མི་གྲངས་སུམ་ཅུ་ཙམ་དགོས་པར་འདོད། དེ་དག་ཀྱང་སྒྲ་གདངས་སྐོར་ཆུང་དང་། ཐ་སྙད་སྐོར་ཆུང་། ཚིག་གི་སྡེབ་སྦྱོར་སྐོར་ཆུང་བཅས་གསུམ་དུ་བགོས་ཏེ་སོ་སོར་འོས་བབ་ཀྱི་བྱ་བ་རྣམས་སྒྲུབ་དགོས། གང་ཞིག་གཞི་རུ་བྱེད་པའི་ཡུལ་སྐད་སྒྲ་གདངས་ལ་དབྱེ་ཞིབ་དང་སྡེབ་སྒྲིག་བྱས་ཏེ་སྤྱི་སྐད་དམ་ཚད་ལྡན་གྱི་བོད་སྐད་ལ་མཁོ་བའི་སྒྲ་གདངས་མ་ལག་མཁོ་འདོན་བྱ་རྒྱུ་ནི་སྒྲ་གདངས་སྐོར་ཆུང་གི་འགན་ཁུར་ཡིན།
བོད་སྤྱི་སྐད་ཀྱི་ཐ་སྙད་མ་ལག་བསྒྲིག་པ་ལ་ལས་འགན་ཧ་ཅང་ལྕི་བས་ལས་བྱེད་མི་སྣ་མང་པོ་དགོས་ཏེ་བཅོ་ལྔ་ཙམ་ཡོད་ནའང་ཉུང་སྟངས་རེད། ཐ་སྙད་བསལ་གསེས་བྱས་རྗེས་མིང་ཚིག་དང་། བྱ་ཚིག བསྣན་ཚིག གྲངས་ཚིག་སོགས་ངོས་བཟུང་ནས་དབུ་ཡིག་གི་ཕྱི་རུ་གསལ་བྱེད་དུ་དགོད་རྒྱུ། མིང་བརྡ་རྣམས་ཚད་ལྡན་དང་གཅིག་གྱུར་ཡོང་བ་བྱས་ཏེ་བོད་སྤྱི་སྐད་ལ་མཁོ་བའི་ཐ་སྙད་མ་ལག་མཁོ་འདོན་བྱ་རྒྱུ་ནི་ཐ་སྙད་སྐོར་ཆུང་གིས་ཁག་འཁུར་དགོས།
ཚིག་གི་སྡེབ་སྦྱོར་ཚོ་ཆུང་གིས་སྔོན་གྱི་བརྡ་སྤྲོད་གཞུང་ལུགས་གྲགས་ཆེན་དག་དང་དེང་གི་བརྡ་སྤྲོད་གཞུང་ལུགས་ལེགས་པོ་རྣམས་ཀྱི་ལེགས་ཆ་འོས་ཆ་འདུས་པའི་བརྡ་སྤྲོད་གཞུང་ལུགས་ཤིག་བསྒྲིག་དགོས་ཤིང་། སྐབས་འདིའི་བརྡ་སྤྲོད་ཅེས་པ་གཙོ་བོར་ཚིག་གི་སྡེབ་སྦྱོར་ཚད་ལྡན་ཚུལ་མཐུན་ཡོང་དགོས་རྒྱུ་དེ་བསྟན་པ་ཡིན། སྤྱིར་བརྡ་སྤྲོད་ཅེས་པའི་ནང་དུ་སྒྲ་གདངས་དང་ཐ་སྙད། ཚིག་སྦྱོར་སྤེལ་སྟངས་གསུམ་ག་འདུས་པ་སྨོས་མ་དགོས། ཚིག་སྦྱོར་སྤེལ་སྟངས་དང་ཕྲད་འཁོལ་སྟངས་ཀྱི་རྣམ་གྲངས་དེ་འདྲར་མང་བ་མ་ཡིན་ཀྱང་དཀའ་ས་དང་གནད་འགག་ཧ་ཅང་མང་པོ་ཡོད་པས་ཁག་ཁུར་ཡང་གི་ཟེར་རྒྱུ་གཏན་ནས་མེད་དོ། །
དེ་ལྟར་གོང་སྨོས་ཀྱི་རྨང་གཞིའི་ལས་འགན་དེ་གསུམ་འགྲུས་རྗེས་ལས་དོན་སྤྱིའི་སུམ་ཆའི་གཉིས་ཙམ་འགྲུབ་པ་ཡིན་པར་སྙམ་ལ། མཇུག་གི་སྤྱི་སྐད་གཏན་འབེབས་ཀྱི་གོ་རིམ་དངོས་ལ་སླེབས་པས་མཁས་པའི་ཚན་ཆུང་གིས་སྟོབས་ཤུགས་འབྱིན་པའི་སྐབས་སུ་བབ་པ་ཡིན། མཁས་པའི་གྲངས་ཀ་ཉུང་མཐའ་ཡང་བཅོ་ལྔ་ཙམ་དགོས་པར་སྙམ། མཁས་པ་རྣམས་ཀྱིས་གོང་སྨོས་མ་ལག་གསུམ་པོར་ཞུན་ཐར་བཅད་དེ་དཔྱད་པ་བཏང་ཞིང་གཏན་ལ་ཁེལ་ཚེ། སྤྱི་སྐད་ཀྱི་མ་ལག་འཐུས་ཚང་དུ་གྲུབ་ཟིན་པ་ཡིན་པས། ལྷག་པ་ནི་ཁྱབ་སྒྲོག་དང་ལག་བསྟར་གྱི་འགན་ཁུར་ཙམ་ཡིན། བསྲེགས་བཅད་བརྡར་པའི་གསེར་བཞིན་དུ་མ་བྱུང་ན་སྤྱི་སྐད་ཚན་རིག་དང་མཐུན་པ་ཞིག་མི་འབྱུང་ལ། དེའི་བེད་སྤྱོད་ཀྱི་རིན་ཐང་ཡང་དམའ་བ་སྨོས་མ་དགོས། མཁས་པས་གཏན་འཁེལ་མ་བྱས་ན་ཚད་ལྡན་མི་འོང་ཞིང་ཀུན་གྱིས་ཡིད་ཆེས་ཀྱང་མི་བྱེད། སྲིད་ཕྱོགས་ནས་བཀས་བསྐུལཏེ་ལག་བསྟར་བྱེད་དུ་འཇུག་དགོས་ཏེ། བོད་ཀྱི་ལོ་རྒྱུས་ཐོག་གི་བཀས་བཅད་གསུམ་ལ་སོམས་དང་གནས་ལུགས་རྟོགས་པར་ངེས། བཀས་མ་བསྐུལ་ན་ཁྱབ་སྒྲོག་བྱས་ཀྱང་ལག་ལེན་བྱེད་མཁན་ཉུང་བ་དང་། བཀས་བསྐུལ་ཀྱང་མཐའ་གཅིག་ཏུ་ལག་ལེན་ལ་ཐེབས་པའང་མ་ཡིན་ཏེ། རྒྱའི་སྤྱི་སྐད་དེ་ཀུན་རྒྱུགས་ཀྱི་སྐད་དམ་ཚད་ལྡན་གྱི་རྒྱ་སྐད་ཅེས་པ་ལོ་དྲུག་ཅུའི་སྔོན་དུ་གཏན་འབེབས་བྱུང་ཞིང་ཁྱབ་སྒྲོག་བྱས་པ་དང་མཉམ་དུ་སྲིད་ཕྱོགས་ཀྱིས་ལག་བསྟར་མཐར་འཁྱོལ་བ་བྱེད་དགོས་པའི་བཀའ་ཡང་ཕབ་མོད། ད་ལྟའི་བར་རྒྱལ་ཡོངས་སུ་ཞིང་ཆེན་རང་རང་ལ་ཡོད་པའི་ས་གནས་ཀྱི་སྐད་དེ་འཁོལ་སྤྱོད་བྱེད་པ་ཤུགས་ཆེ། ཐ་ན་པེ་ཅིང་གྲོང་ཁྱེར་དུའང་དེའི་ཡུལ་སྐད་སྤྱོད་པ་ཤུགས་ཆེ། ཀུན་རྒྱུགས་ཀྱི་སྐད་དེ་མཐའ་གཅིག་ཏུ་སྤྱོད་མཁན་ལ་གཙོ་བོ་བརྙན་འཕྲིན་ལས་ཁུངས་དང་། ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། གློག་བརྙན་དང་ཟློས་གར་ལས་རིགས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ཡོད། ཡིན་ནའང་ཀུན་རྒྱུགས་ཀྱི་སྐད་དེ་བརྙན་འཕྲིན་རླུང་འཕྲིན་སོགས་ལ་བརྟེན་ཏེ་སྤྱད་པས་ཁེབས་རྒྱ་ཆེ་ཞིང་། སྤྱད་བའི་དུས་ཡུན་རིང་བས་ད་ལྟ་རྒྱལ་ཡོངས་ན་དེ་མི་གོ་བའི་མི་ཉུང་ལ། ཐ་ན་གྲངས་ཉུང་མི་རིགས་རྣམས་ཀྱི་ནང་ནའང་དེ་གོ་ཐུབ་མཁན་དང་ཤོད་མཁན་ཧ་ཅང་མང་བ་རེད། གང་ལྟར་ཀྱང་སྐད་དེའི་འཁོལ་སྤྱོད་ཀྱི་རིན་ཐང་ནི་ཧ་ཅང་ཆེན་པོ་ཡིན་པ་དང་། སྤྱི་སྐད་མཚན་ཉིད་པའི་གོ་ཆོད་འདུག་པ་ཀུན་གྱིས་ཤེས།
རང་རང་ཡུལ་ན་སོ་སོའི་སྐད་དེ་གོ་བདེ་སྤྱོད་བདེ་རུ་སོང་ཡོད་པས་རང་གི་ཡུལ་སྐད་བསྐྱུར་ཏེ་སྤྱི་སྐད་ཅེས་པ་ཞིག་སློབས་ལ་ཤོད་ཅིག་ཅེས་ན་དང་དུ་ལེན་མཁན་ཧ་ཅང་ཉུང་ཉུང་ཡིན་པར་བསམ་ཤེས་སྒོམ་ཆོག དེའི་ཕྱིར་ཡང་དག་པའི་གཏན་འབེབས་ཡོད་དགོས་ལ། ནུས་ལྡན་གྱི་ཁྱབ་སྒྲོག་གི་བྱ་བྱེད་དགོས་པ་དང་། གནམ་ལྕགས་ཐོག་གི་སྒུལ་མི་ནུས་ཤིང་ལག་བསྟར་མཐའ་འཁྱོལ་ཡོང་བྱེད་ཀྱི་བཀའ་འབེབས་ཀྱང་ངེས་པར་མཁོ་བ་ཤིན་ཏུ་གསལ། གལ་ཏེ་བཀས་བཅད་གསུམ་པོ་མེད་པའི་དབང་དུ་བཏང་ན་བོད་ལ་ཐུན་མོང་དུ་སྤྱོད་པའི་ཡི་གེ་ཞིག་ཡོད་མེད་ལ་སུས་ཀྱང་ཁ་ཚོན་བཅད་དེ་སྨྲ་ནུས།
སྤྱི་སྐད་ཡག་པོ་ཞིག་ཡོད་ཕྱིན་ཆད། ས་གནས་ཁག་གི་ཡུལ་མི་རྣམས་ཀྱིས་སྤྱི་སྐད་མི་ཤོད་ཀྱང་གོ་ནུས་པ་ཞིག་བྱ་དགོས་བསམས་ན་བརྙན་འཕྲིན་རླུང་འཕྲིན་གྱིས་ཀུན་ནས་ཁེབས་པར་བྱས་ཏེ་སྤྱི་སྐད་འཁོལ་སྤྱོད་བྱས་ན་མི་རྣམས་ཀྱི་རྣར་ལོབས་ཤིང་ཡིད་ལ་གཤཊ་པའི་ནུས་པས་ཀྱང་རབ་ཅིག་གོ་འགྲོ་བ་དང་། དུས་ཡུན་རིང་ཆེད་དུ་མ་སྦྱངས་ཀྱང་ཕལ་ཆེར་གོ་ཐུབ། སློབ་གྲྭ་ཆུང་འབྲིང་དག་ཏུ་སྤྱི་སྐད་ཀྱིས་སློབ་ཁྲིད་བྱེད་པ་དང་། བརྙན་འཕྲིན་རླུང་འཕྲིན་ཁང་དུ་སྤྱི་སྐད་སློབ་ཁྲིད་བྱེད་པའི་ལེ་ཚན་བཀོད་སྒྲིག་བྱས་ན་སྤྱི་སྐད་ལོབས་པ་དང་དར་འཕེལ་དུ་འགྲོ་བར་ཕན་སླེབས་མྱུར་བ་ཡིན།
ཡོངས་སུ་དར་ཞིང་རྒྱས་པའི་སྤྱི་སྐད་ཅིག་བྱུང་བ་དང་། བོད་མི་ཀུན་གྱིས་དེ་གོ་ཞིང་ཤོད་པ་ཞིག་བྱུང་ཚེ། ཕན་ཚུན་འགྲོ་འོང་བྱེད་པ་དང་། བསམ་བློ་བརྗེ་རེས་བྱེད་པ་སོགས་ལ་ཧ་ཅང་སྟབས་བདེ་བའི་མཐུན་རྐྱེན་བསྐྲུན་པ་ཡིན་ལ། སློབ་གསོ་རིག་གནས་དང་། རྩོམ་རིག་སྒྱུ་རྩལ། ཚན་རིག་ལག་རྩལ། དཔལ་འབྱོར་ཚོང་ལས། བཟོ་ཞིང་ཕྱུགས་ལས་བཅས་གོང་དུ་འཕེལ་བ་ལའང་ཕན་ནུས་རླབས་ཆེན་པོ་ཐོན་པར་ངེས།
བོད་སྐད་ནི་མི་རིགས་གང་དེའི་རིག་གནས་ལོ་རྒྱུས་སོགས་རྟེན་བྱེད་ཀྱི་བླ་སྲོག་ལྟ་བུ་ཡིན་པ་དང་། སྤྱི་སྐད་ཅིག་གཏན་འབེབས་བྱས་ནས་གྲུབ་ཏུ་བཅུག་ན་དེ་ལ་འཕེལ་སྟོབས་ཆེན་པོ་བསྣན་པ་དང་ཚེ་ཐག་ཆེ་ཆེར་བསྲིངས་པ་དང་གཉིས་སུ་མ་མཆིས་པས་བོད་སྤྱི་སེམས་འཆང་བ་རྣམས་དང་ཁྱད་དུ་ཡོན་ཏན་པའི་སྡེ་ཡི་སྤྱི་སེམས་ཆེན་པོ་མངའ་བ་རྣམས་ཀྱིས་མ་བསྐུལ་རང་འགུལ་དང་། གསལ་མ་བཏབ་རང་རྟོགས་ཀྱི་སྒོ་ནས་ཐབས་སྣ་ཚོགས་འགོད་པ་དང་བརྩོན་པ་བརྒྱ་ཕྲག་བསྟེན་ནས་བོད་སྤྱི་སྐད་འགྲུབ་པའི་ལས་དོན་ལ་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུག་བྱས་ནས་རྒྱུ་འབྱོར་བ་དང་དཔལ་ལང་ཚོ་སོགས་ཕངས་མེད་དུ་འབུལ་དགོས་པ་ཡིན་ནོ། །
ལས་ཕྱིར་བཞག་དགྲ་དང་། ཟས་ཕྱིར་བཞག་གྲོག་ཟེར་བའི་ཁ་དཔེ་ཡོད་དེ། ལས་དོན་གལ་ཆེན་དང་ཉེར་མཁོར་བསྒྲུབ་རྒྱུ་ཞིག་ཡིན་ཕྱིན་དེ་མྱུར་དུ་འགྲུབ་པའི་ལས་ལ་རེམ་རྒྱུ་ལས་ཕྱིའི་ཕྱིར་བསྐྱུར་ན་ངེས་པར་གྲོགས་སུ་མི་འགྱུར་བའི་ཚུལ་ནི་སྨོས་ཅི་དགོས། ཞེས་གཉའ་བློ་གྲོས་རྒྱལ་མཚན་གྱིས༢༠༡༠ལོའི་ཟླ༢པའི་ཚེས༢༨ཉིན་གྲོང་ཁྱེར་ཟི་ལིང་དུ་ལྷག་བསམ་མཚོན་བྱེད་དུ་ཅུང་ཙམ་སྨྲས་པ་རེ་ཞིག་རྫོགས་སོ། ། དགེ་བར་གྱུར་ཅིག །
མཁས་པ་ཆེན་པོའི་ལེགས་བཤད་གསུང་ཟེར་ན་འདི་འདྲ་རེད། ཉེ་སྔོན་འཚོགས་ཟིན་པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུའི་སྟེང་དུ་གནད་འགག་ཅན་འདི་འདྲ་བརྗོད་མཁན་ཧ་ཅང་དཀོན་པོ་རེད། དངོས་ཡོད་ཡིན་ཞིང་གནས་ལུགས་དང་མཐུན་པའི་དགོངས་འཆར་འདི་ལྟར་ཇི་བཞིན་ལག་བསྟར་བྱ་ཐུབ་ཚེ། བོད་ལ་སྤྱི་སྐད་ཅིག་འབྱུང་ཐུབ་པར་རེ་བ་འདུག་སྙམ།
གོང་དུ་དེང་གི་མཁས་པ་མི་གསུམ་གྱི་གསུང་ཡང་ཞེས་པའི་མཁས་པ་མི་གསུམ་དེ་གང་དག་ཡིན་ནམ།
“བདེན་ཕྱོགས་ལ་ཁས་ལེན་བྱིན་ན་གནས་ལུགས་དང་མཐུན་ལ་དོན་བྱ་འགྲུབ་པར་ཡང་ཕན་པ་ཆེ། བསམ་ཤེས་བསྒོམས་ན་བདེན་ཁ་སྟེར་ཐུབ། ཕན་ཚུན་བདེན་ཁ་སྟེར་རེས་བྱས་ན་མཐུན་སྒྲིལ་ཡོང་བར་ཕན་ཐོགས། མཐུན་སྒྲིལ་བྱུང་ན་ཆེན་པོ་སྒྲུབ་རྒྱུར་ཡང་ཚེགས་མེད། གནས་ལུགས་དང་བདེན་དོན་ལ་ཕྱོགས་རིས་དང་ཨུ་ཚུགས་མི་འགྲོ་བས་དེ་དག་འདོར་དགོས།” ཟེར་བ་བདེན་པ་རེད།
བོད་པ་ཐམས་ཅད་ཀྱིས་སྤྱིའི་སྐད་ལ་འདི་ལྟར་ཤུགས་རྒྱག་དགོས།
སྤྱི་སྐད་འདི་འདྲ་ཞིག་ཡོང་རྒྱུར་དངུལ་དངོས་ཀྱི་འགྲོ་གྲོན་ཕོན་ཆེ་དགོས་ཁར་དབང་ཚད་ཀྱང་ཆེན་པོ་དགོས་པ་འདུག་པས་ཕལ་ཆེར་ཨ་ཞང་ཚང་ལ་རེ་བ་རྒྱག་རྒྱུ་མ་གཏོགས་ལྷག་མི་འདུག་སྙམ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ལྟ་བུར་མཚོན་ན་འགྲོ་སོང་གཏོང་ཐུབ་པའི་དབང་དུ་བཏང་རུང་དབང་ཚད་ལོངས་པ་ཞིག་ཡོང་ཐབས་དཀའ། ཨུ་ཚུགས་ཀྱིས་དབང་ཚད་སྤྱོད་ཁུལ་བྱས་ན་མང་གཙོ་ཟེར་ནས་ཁ་འགོག་གི་རེད། མ་རེད་དམ།
འདི་ནི་བརྒྱ་ཆའི་དགུ་བཅུར་མོས་མཐུན་བྱེད་ཐུབ་པའི་རྩོམ་ཡིག་ལེགས་པོ་ཞིག་རེད།
དེ་སྔར་ཁམས་དང་ཨ་མདོ་ནས་ལྷ་སར་མཇལ་སྐོར་བ་འགའ་རེ་སོང་མྱོང་བ་ལས་ཆོལ་ཁ་གསུམ་པོ་ཕན་ཆུན་འབྲེལ་འདྲིས་ཆེན་པོ་མེད། དེང་སང་རང་བཞིན་གྱིས་འབྲེལ་འདྲིས་མི་བྱེད་རང་བྱེད་ཆགས་ཀྱིན་ཡོད། དེ་བས་དཀའ་ལས་མ་བརྒྱབ་ན་ཡང་ཚང་མར་གོ་བརྡ་འཕྲོད་པའི་སྐད་ཅིག་རང་བཞིན་གྱིས་ཆགས་ངེས་རེད། འདི་ཡང་སེམས་ཁྲལ་ཆེན་པོ་བྱེད་དགོས་པ་ཞིག་མ་རེད་སྙམ། གཙོ་བོ་ཡིག་སྐད་དང་ཡུལ་སྐད་བསྲེས་དང་བསྲེ་བཞིན་པའི་ཐད་ལ་བསམ་ཚུལ་དང་སྟངས་འཛིན་ཞིག་ཡོད་ན་ལེགས།
ཁོ་བོའི་བསམ་ཚུལ་ལ་བོད་པ་ཡོངས་རྫོགས་སྐད་གདངས་གཅིག་འགྱུར་ཆགས་ན་དེ་ལས་དགའ་བ་དང་དེ་ལས་ཡག་པ་མེད་མོད་འོན་ཀྱང་དེ་ནི་བསམ་ཚུལ་ཙམ་དང་སྨོན་ལམ་ཙམ་ལས་དངོས་སུ་དེ་ལྟར་ཕལ་ཆེར་ཡོང་མི་སྲིད་ཟེར་ནའང་མི་འགྲིག་པ་མེད། ད་ལྟ་ལྟོས་དང་ཆོས་ཁ་སོ་སོས་རང་རང་གི་སྐད་དེ་བརྡ་སྤྲོད་དང་མཐུན་ཚུལ་ཁོ་ན་བཤད་ནས་ལུང་པ་རེ་རེའི་སྐད་ལ་ཐམ་ནས་བསྡད་ཡོད། ཕྱོགས་གཅིག་ནས་བསམ་ན་དེང་སང་གཞན་སྐད་དང་པོར་འཇོག་པའི་དུས་ཚོད་དེ་འདྲ་ལ་སོ་སོའི་ལུང་པ་རེའི་སྐད་ལ་ཆགས་པ་དེའང་ཡིད་རངས་བྱེད་འོས་པ་ཞིག་མིན་ཞེས་བརྗོད་མི་ཐུབ། དེས་ན་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པ་ནི་ད་ལྟ་ཡོད་པའི་སྐད་འདི་བཞག་ནས་སྐད་གསར་པ་ཞིག་རྩོམ་རྒྱུ་མ་ཡིན་པར་ད་ལྟ་ཡོད་བཞིན་པའི་སྐད་ཡིག་གཉིས་པོ་དེ་ཅུང་ཟད་ཙམ་ཡང་མི་ཉམས་པ་དང་ཅུང་ཟད་ཙམ་ཡང་ཕྱི་འཐེན་མི་བྱེད་པར་དུས་ཚོད་དང་མཉམ་དུ་མདུན་བསྐྱོད་བྱེད་དགོས་པ་དེ་རེད། མདུན་བསྐྱོད་བྱེད་དགོས་ཅེས་པ་ནི་གནའ་དེང་གི་རིག་གནས་གཉིས་ཀ་ལྡན་པའི་སྐད་ཡིག་ཞིག་ཏུ་བསྒྱུར་ཐབས་བྱེད་དགོས་ཟེར་བ་ཡིན། ལྷག་པར་དུ་སྐད་ཡིག་མི་ཉམས་པར་བྱེད་པའི་ཐབས་ལེགས་ཤོས་ནི་དེབ་མང་པོ་ཡོད་པ་ཙམ་མ་ཡིན་པར་སྐད་ཡིག་དེ་ལ་བརྟེན་ནས་མི་ཚེ་མདུན་ལམ་དང་འཚོ་བའི་དགོས་མཁོ་དང་འབྲེལ་བ་ཡོད་པ་བྱེད་རྒྱུ་དེ་རེད། དེ་ལྟར་བྱེད་མ་ཐུབ་པ་ཕྱིན་ཆད་དེབ་ག་ཚོད་རྩོམ་ཡང་། བགྲོ་གླེང་ག་ཚོད་ཚོགས་ཀྱང་། གཏམ་བཤད་ག་ཚོད་སྤེལ་ཡང་སྐད་ཡིག་སྲུང་མི་ཐུབ་པ་ཐག་བཅད་ནས་བཤད་ཆོག དེ་དག་ནི་ངའི་བསམ་ཚུལ་ཡིན། བསམ་ཚུལ་ནི་བསམ་ཚུལ་རང་རེད།
མཁས་དབང་མཆོག་གི་ཞལ་རྩོམ་དེར་དངོས་གནས་ཡིད་དབང་འཕྲོག་པ་བྱུང་སོང་། ཁོང་གི་སེམས་ཤུགས་དང་ལ་རྒྱ་སྔར་ནས་ཐོས་མྱོང་།