རྩོམ་འབྲི་བ། འཇམ་དབྱངས་ཤེས་རབ།
རྡོ་གྲུབ་ཆེན་ལྔ་བ་༧ཐུབ་བསྟན་ཀློང་ཡངས་རིག་འཛིན་རྒྱ་མཚོ་མཆོག་གི་ངོ་མཚར་བའི་མཛད་པ་ཁ་ཤས་ཟུར་གསལ་གྱི་ཚུལ་དུ་ཞུ་བ།
(སྐྱེས་བུ་དམ་པ་འདི་ནི་ཟབ་གསང་འོད་གསལ་ཀློང་ཆེན་སྙིང་གི་ཐིག་ལེའི་བསྟན་པའི་མངའ་བདག་རྡོ་གྲུབ་ཆེན་རིན་པོ་ཆེའི་སྐུ་ཕྲེང་བཞི་པ་རིག་འཛིན་བསྟན་པའི་རྒྱལ་མཚན་ནམ་རིག་འཇའ་ལུས་རྡོ་རྗེའི་ཡང་སྲིད་འཁྲུལ་མེད་དུ། དཔོན་བླ་དབང་ཆེན་ཉི་མ། རྡོ་གྲུབ་ཆེན་ཐུབ་བསྟན་ཕྲིན་ལས་དཔལ་བཟང་པོ། མཁའ་འགྲོ་ཏ་རེ་ལྷ་མོ། སེ་ར་ཡང་སྤྲུལ་སོགས་དམ་པ་དུ་མས་མགྲིན་གཅིག་ཏུ་བསྔགས་པ་ཡིན་ཚུལ་ཁོ་བོས་བྱས་པའི་རྗེ་འདིའི་མཛད་རྣམ་མདོར་བསྡུས་སུ་གསལ་ལ། འདིར་ཁ་བྱང་ལྟར་ངོ་མཚར་བའི་མཛད་པ་ཁ་ཤས་ཟུར་གསལ་དུ་ཞུས་པ་ཡིན།)
མཁན་པོ་བསོད་ལྡན་ཚང་ས་དམར་ལྷས་ཐང་ན་ཡོད་དུས་ཤིག་ལ། གྲུབ་སྤྲུལ་ལྔ་བ་རིན་པོ་ཆེས་བེའུ་འཚོ་བཞིན་བཞུགས་ཡོད་པར། མར་དཀར་ཤིང་རིལ། ཉི་མ་དང་ལག་པའི་དྲོད་ཀྱིས་བཞུ་མི་ཐུབ་པ་ཞིག་རྙེད་དེ། ཕ་ཡབ་མཆོག་ལ་ཕུལ་བར་ཁོང་གིས། “འདི་ནི་དམ་ཅན་ར་མར་ཟེར་བ་དེ་ཁྱོད་ལ་ཕུལ་བ་ཡིན་འདུག་”ཅེས་གསུངས་ཤིང་བཟའ་ཚང་ཡོངས་ལ་ཁ་རེག་ཅུང་ཙམ་རེ་བྱེད་བཅུག་ཅིང་ཤིན་ཏུ་གཙིགས་ཆེན་གནང་ངོ་། །
ཕྱི་ལོ་1977-80རིན་པོ་ཆེ་ཚང་གནུབས་ཟུར་ཡུལ་ཚོའི་སློབ་གྲྭར་བཞུགས་དུས་ཤིག་ན། སློབ་གྲྭ་དེའི་དགེ་རྒན་ཚེ་དབྱང་ཟེར་བའི་བོད་རིགས་བུ་སྨད་ཅིག་ཡོད་པ་དེ་ན་རེ། ཉིན་ཞིག་ཁོ་མོས། “ཡ། ཀློང་ཡངས། ཁྱོད་ཀྱིས་ལུང་བསྟན་ཞིག་ཤོད་དང་། དོན་ལོ་(དོན་ལོ་ནི་མེད་པོ་སྡུག་པོ་ཞིག་གི་བྱིས་པ་ཡིན་ཅིང་ཡི་གེའང་ཆེན་པོ་མི་ཤེས་པ་ཞིག)འདིས་བར་ཚོད་ཅིག་ལ་རང་ཁ་སོས་ཐུབ་རྒྱུ་ཨེ་ཡིན་ནམ་བྱས་པར། འདི་འུ་ཚོ་ལས། སུ་གཅིག་ལས་བྱེད་པར་མ་ལོག་གོང་ནས་བྱ་བ་ལོན་འགྲོ་ངེས་རེད་ཟེར། ཕུར་སྐྱབས་དང་ཕུན་ཁོ་(འདི་གཉིས་སློབ་གྲྭ་དེའི་ཆེས་བཟང་གྲས་ཡིན།)འདི་གཉིས་ཅིས་འགྲོའམ། འདི་གཉིས་ཀྱིས་ངེས་པར་བྱ་བ་ཞིག་ལོན་ཀོ་ཞུས་པར། ཁོང་གིས་དེ་གཉིས་ལས་བྱེད་པར་ལོག་ས་མེད་ཀི། ཉིན་ཞིག་ཁྱོད་རང་སྒོ་ཕྱིར་འབུད་དུས། ཁོ་གཉིས་ཀྱིས་སྡོང་ཁལ་ཞིག་བཀལ་ཏེ་ཁ་སྤུའི་ནང་ལའང་བད་ཅིག་ཆགས་ཏེ་འགྲོ་བཞིན་ཡོད་ངེས། ཞེས་བསམ་ཡུལ་ལས་འདས་པའི་དྲིས་ལན་གནང་སོང་། ཕྱིས་སུ་དེ་བཞིན་དུ་ང་རང་གི་མྱོང་ཐོག་ཏུ་ཁེལ་བས་དེ་འདྲའི་སྐད་ཆ་སྐྲག་སྤྱད་གསུང་མཁན་ཞིག་ཡིན་”ཟེར། “ཡང་ཉིན་ཞིག་བྱིས་པ་ཚོས། དགེ་རྒན། ཀློང་ཡངས་ཀྱིས་ནི་བྱེའུ་གསོད་ཀྱིན་འདུག ཅེས་འུར་ལངས་པས་དེར་བལྟ་སར་འགྲོ་དུས། དེར་བྱེའུ་རོ་ཞིག་སློབ་མ་ཚོས་ང་ལ་གཏད་སོང་། ཞིབ་ཏུ་བལྟས་ཀྱང་ཤི་འདུག་པ་ནི་དངོས་གནས་རེད། དེར་ངས་ཁྱོད་ཀྱིས་ཀྱང་འདི་འདྲ་བྱེད་པ་ཨེ་རེད། ཅེས་ཅུང་ཙམ་ཡིད་ཕངས་ཤིང་སེམས་ཕམ་པའི་སྒོས་སྙད་མགོ་བརྩམས་པ་ན། ཁོང་གིས། ཨེ། དགེན་ལགས། འདི་ཤི་བ་མ་རེད་ཀོ། གསུངས་ནས་ལྗགས་བསྔགས་ཤིག་གནང་བར། བྱེའུ་དེ་སླར་སོས་ཏེ་འཕུར་བ་ནི་མི་མང་བོའི་མངོན་སུམ་དུ་གྱུར།” ཅེས་གླེང་ངོ་། །བསད་པ་གསོ་ནུས་ཤིང་ཤི་བ་འདྲེན་ནུས་པའི་སྐྱེས་བུ་ཁྱད་པར་བ་འདི་ནི་མཁྱེན་བརྩེ་འཇའ་ལུས་རྡོ་རྗེ་དངོས་སུ་ཕེབས་པ་མ་ཡིན་ནམ། ད་དུང་དེ་ལྟ་མང་ཡང་འདིར་ཡི་གེས་འཇིགས་ནས་རེ་ཞིག་དེ་ཙམ་མོ། །
ཕྱི་ལོ་1980-1983ལྔ་བ་རིན་པོ་ཆེ་ཚང་རྣམ་ཐར་ནང་ན་བཞུགས་དུས་ཤིག་ལ། ཁོང་དང་ཤོས་ཐལ་སྐྱ་སྒོང་གཉིས་ཁང་ཤག་གཅིག་ཏུ་ཉལ་བར། ཤོས་ཐལ་སྐྱ་སྒོང་གིས་ཉིན་བཞིན། “ཡ། ཁྱེད་རང་མ་གཟིམ་སྔོན་ལ་ང་ཉལ་བཏང་”ཟེར་ནས་ཉལ་བ་དང་། སྐབས་གང་མང་ལ་མཚན་མོ་ཁྱིམ་ནས་མ་ཉལ་བར་ཕྱི་རོལ་ཏུ་སོང་བའང་ཡོད་འདུག སྤྲུལ་སྐུས་ཕར་གཟིགས་ནའང་ཁོས་ཞེད་སྣང་ཆེན་པོ་བྱེད་ཀྱིན་འདུག་སྙམ་པ་བྱུང་། ཉིན་ཞིག་སྐྱ་སྒོང་གིས་ཡར་ལུང་ཚང་དང་གཏུམ་པོ་ཚང་རྣམ་གཉིས་ལ། “ཀློང་ཡངས་ནི་ཚང་མས་སྤྲུལ་སྐུ་རེད་ཟེར་གྱིན་འདུག་སྟེ། སྤྲུལ་སྐུ་ཡིན་པ་ཕར་ཞོག་དེ་ལ་འདྲེ་གནས་ཚོད་རེད། ང་ལ་མཚན་མོ་སྐྲག་སྣང་གང་མང་བསྐྱེད་སོང་”ཞུས། དེར་བླ་མ་གཉིས་ཀྱིས། “ཡ། ག་འདྲ་ཞིག་འདུག་”ཅེས་གསུངས་པར་ཁོས། “ཀློང་ཡངས་ལ་ནུབ་རེ་བཞིན་སྨིན་མཚམས་ནས་འོད་ཅིག་འཆར་ཏེ། སྐོར་བ་ཞིག་བྱས་ནས་ཁོའི་རྟེན་མའི་སྟེང་དུ་བསྡད་སྟོན་གི། དེ་དུས་འོད་དེ་གཟུགས་ཅན་ཞིག་ཏུ་འགྱུར་གྱིན་འདུག དེ་ནི་འོད་ཅན་འོད་ཅན། ལུས་ཡོངས་རྫོགས་མིག་གིས་གང་བསྡད་ཡོད་པ། དྲོན་པོ་དྲོན་པོ། ཅུང་ཙམ་བསྡད་ན་དྲོད་ཀྱིས་བཞུ་ཡིན་འདུག་སྙམ་པ་དང་། དྲི་ངན་འདྲ་སྐྲག་བྱེད་ཅིག་བྲོ་ས་ཞིག་རྒྱུན་དུ་འབྲལ་མེད་དུ་འདུག་པས་ཁོ་ལ་ངན་པ་ཞིག་གནས་ངེས་རེད།” ཅེས་གཟའ་མཆོག་རཱ་ཧུ་ལའི་མངོན་རྟོགས་གྱེར་བ་བཞིན་ཞུས་ཚེ། གཏུམ་དྲག་རོལ་པའི་རྡོ་རྗེས། “ཨོ། ཁྱོས་དེ་འདྲ་ཞིག་རིག་རྒྱུ་དེའང་སྐལ་བ་མི་དམན་པ་ཡོད་ཟིག གསོལ་བ་ཐོབ་དང་བཟང་ནི་རེད་ཀོ། དེ་ནི་ཁོང་གི་ཚེ་རབས་ལུས་ཀྱི་སྲུང་མ་གཟའ་མཆོག་རཱ་ཧུ་ལ་རེད།” ཅེས་གསུངས་སོ། །
ཕྱི་ལོ་1980-1983ཉིན་ཞིག་ལྔ་བ་རིན་པོ་ཆེའི་གསོལ་ཅན་དེ། ཁོང་དང་། ཡར་ལུང་རིན་པོ་ཆེའི་གྲྭ་བ་བསོད་དར། སྤྲུལ་མཉམ་མེད་སོགས་ཀྱིས་གྱང་ངོས་ལ་བརྒྱབས་ཀྱང་གཅོག་མ་བཏུབ། འགྲོ་རན་ཁར་ཁོང་རིན་པོ་ཆེས་བསོད་དར་ལ་གནང་། བསོད་དར་གྱིས་ཡར་ལུང་ཚང་ལ་”འདིའི་དཀར་ཡོལ་དེ་བརྩན་པོ་ཞིག་ཡིན་”ཚུལ་ཞུས་ཤིང་ཁོས་ཡང་བསྐྱར་གྱང་ངོས་ལ་གཅིག་བརྡབས་པས་སིང་སྒྲ་དང་བཅས་ཆག་སོང་། དེར་ཡར་ལུང་ཚང་གིས་”གྲུབ་སྤྲུལ་རིན་པོ་ཆེ་ཚང་གི་གྲུབ་རྟགས་ཡིན་པ་ལས། དཀར་ཡོལ་དེ་འདྲ་བརྩན་པོ་ཞིག་ག་ལ་ཡིན།” ཞེས་གསུངས་སོ། །
ཕྱི་ལོ་1982-1983 གསེར་རྟ་གེ་སར་ཟློས་གར་ཚོགས་པའི་ཆུ་གློག་སྐུད་པ་ཆད་ཚེ། རིན་པོ་ཆེ་ཚང་གློག་སྡོང་མགོར་འཛེགས་ཏེ་གློག་སྐུད་གཅིག་གི་སྟེང་ནས་བྱོན་བཞུགས་སྒོས་གློག་སྐུད་མཐུད་པས་དེར་ཡོད་ཚང་མ་ཧ་ལས་ཤིང་བསྟོད་བསྔགས་མི་འཐེན་མཁན་དང་དད་འདུན་མི་བྱེད་མཁན་གཅིག་ཀྱང་མ་བྱུང་ངོ་། །
ཕྱི་ལོ་1984-86ལྔ་བ་རིན་པོ་ཆེ་ཁོང་དཔལ་བླ་རུང་ན་བཞུགས་དུས་ཤིག་ལ། འདུ་ཁང་ཀ་བར་ཤམ་ཐབས་བསྐོན་པ་སོགས་ངོ་མཚར་བའི་གྲུབ་རྟགས་ཁ་ཤས་གནང་བས། “རྡོ་གྲུབ་ཆེན་སྤྲུལ་སྐུ་འདི་འདྲ་མིན་ན་ག་འདྲ་ཡིན།” ཞེས་གྲགས་པ་འབར་ཡང་ཁོང་གིས་བཀའ་གདམས་གོང་མའི་རྣམ་ཐར་བཞིན་དུ་སྦས་པའི་བརྟུལ་ཞུགས་ཁོ་ན་དང་དུ་བླངས་ཤིང་བྱ་བ་ཉུང་ཞིང་དོན་ཉུང་བའི་སྒོས་སྔ་ཕྱིར་སྤོང་དག་ཀྱང་གང་མང་མཛད།
ཕྱི་ལོ་1990བོད་རབ་གནས་ལྕགས་རྟ་ལོར། གྲྭ་བ་འཇམ་དགྱེས་རྐང་ནད་ཀྱིས་ཐེབས་ནས་གྲུབ་སྤྲུལ་རིན་པོ་ཆེ་ངོས་ཀྱིས་ཁྲིད་དེ་གསེར་རྟ་རྫོང་ནས་སྨན་སྟོན་བྱེད་སྐབས། རྐང་བར་སྨན་གྲི་ལན་ཁ་ཤས་བཏབ་ཀྱང་མ་ཆོད་པས་རྒྱ་སྨན་པ་དེས། “ཁྱེད་བོད་པ་ཚོར་སྐེར་འདོགས་རྒྱུ་དང་། ལུས་ལ་འཆང་རྒྱུ་མང་བས་དེ་འདྲ་ཨེ་ཡོད།” ཅེས་དྲིས་ཚེ། ལྔ་བ་རིན་པོ་ཆེ་མཆོག་གིས་གནང་བའི་ཕྱག་མདུད་ཅིག་ལས་གཞན་མེད་ཚུལ་བཤད་པར། རྗེ་ཡིས་དེ་ཡར་འགྱོག་ཙམ་གནང་ཚེ། གྲི་དེ་ཉིད་ཀྱིས་བཤའ་བཅོས་བྱེད་ཐུབ་པར་གྱུར་ཏོ། །སྨན་སྐམ་གྱིས་རྐང་བའི་ནང་གི་རུས་པ་རྣམས་ཁྱིས་འཆའ་བ་ལྟར་དབྲད་ནའང་། ནད་པ་ལ་བཟི་ཁབ་སོགས་ཡེ་མ་བཀོལ་ཀྱང་ཟུག་གཟེར་བསྲན་མི་ཐུབ་པ་ཞིག་མ་བྱུང་བས་ཀུན་གྱིས་ཡ་མཚན་པའི་གནས་སུ་བརྩིའོ། །
ཕྱི་ལོ་1993-94ཡང་སྐོར་ཞིག་ལ་རྗེ་ཡི་རླངས་འཁོར་རཀ་མདའི་ལྕགས་ཟམ་སྟེང་ནས་འགྲོ་སྐབས་འཁོར་ལོའི་འོག་གི་ཤིང་ཆག་སྟེ་སྔུན་ལྟག་གི་འཁོར་ལོ་བཞི་ག་ཆུ་ནང་ལ་ལྷུང་། དེར་རྗེ་ཡིས། ཁ་ལོ་བ་ཧི་མེས་ཏོས་ལ། “ཡ། ཁྱོད་ཀྱིས་སྐོར་དང་ངས་བཀྱག་”གསུངས་ཏེ། རྗེ་ཡིས་རླངས་འཁོར་མགོ་ཤེད་ཀྱིས་བཏེགས་པས་རླངས་འཁོར་ཕྱིར་ཐོན་ཐུབ། དེ་རྗེས་རྣམས་སུའང་ཁ་ལོ་བས་”སྤྲུལ་སྐུ་འདིར་སྟོབས་ཤུགས་ཡ་མཚན་ཞིག་ཡོད། ཁོང་མི་གཅིག་གིས་ལྒང་འགྲིལ་གྱི་མགོ་བཏེགས་སོང་ཡང་ནབ་སྟོད་བངས་པ་ཙམ་ལས་སྐྱོན་བྱུང་མེད་པ་རེད། དེ་ལ་ལྗིད་ཚད་ག་ཙམ་ཡོད་རྒྱུ་རེད།” ཅེས་ཁོ་ཧ་ལས་པའི་རྣམ་འགྱུར་གྱིས་ཡང་ཡང་ལབ་པ་བྱུང་བ་ལྟར་སྐུ་རྩེད་ཙམ་ལའང་ཧ་ལས་དགོས་པ་མང་ངོ་། །
ཕྱི་ལོ་1993-95 ཉིན་ཞིག་གྲྭ་བ་བསོད་དཔལ་སྐྱབས་རྗེ་བླ་མའི་མདུན་དུ་སོང་བར་གྲུབ་སྤྲུལ་རིན་པོ་ཆེས་སྔས་མགོ་ཞིག་རས་ཀྱིས་དཀྲིས་ནས་བྱིས་པ་ཆུང་ཆུང་ཞིག་དང་འདྲ་བ་བཟོས་འདུག དེར་སོང་ནས་ཁམས་འདྲི་ཞུས་ཟིན་མཚམས། ཁོང་གིས་གློ་བུར་དུ། “ཡ་ཁྱོད་ཀྱིས་འདི་ཁྱེར་ཏེ་མཐུ་དབང་ལ་བྱིན་ནས། འདི་ཁྱོད་ལ་ཧྲིང་མིག་གིས་བསྐུར་བ་རེད་ཅེས་ཟློས་ཤོག”་གསུངས། “ཕྲན་གྱིས་དེ་ལྟར་བྱེད་མི་ཕོད་ལགས། དབོན་པོ་ཚང་ནི་བཙུན་པ་རང་ཡིན་པས་དེ་འདྲ་སྨྲས་ན་རྣམ་རྟོག་ཟོས་ནས་སྤྲོ་ལངས་འོང་”ཞུས་ཀྱང་། “དེར་མི་སྐྱོན་ང་ལ་ཐབས་ཤེས་ཡོད་པས་སོང་”གསུངས། དེ་ནས་བླ་མའི་བཀའ་བཞིན་བསྒྲུབས་པས། དབོན་པོ་ཚང་ཐུགས་རྒྱལ་བཞེངས་ཏེ་བརྡུང་བརྡེག་ཡིད་ཚིམས་པ་ཞིག་བྱས་པར། གྲུབ་སྤྲུལ་རིན་པོ་ཆེ་ཕེབས་ཏེ། “དེ་འདྲ་མ་བྱེད། ཅང་ཤེས་ནི་མ་རེད། ནམ་ཞིག་ཁྱེད་གཉིས་བཟའ་ཚང་ལ་ལོག་བསྡད་ཡོད་ནའང་སྲིད་པས། ཀུ་རེ་ཉམས་མཚར་ཅུང་ཙམ་རེར་བསྲན་མི་ཐུབ་རྒྱུ་ཅི་ཡོད། གྲྭ་བ་འདི་དག་ལས་ཁྱོད་ལ་བརྩི་བཀུར་ཞུ་མཁན་ལ་འདིས་དགའ་མེད་པས། ད་སྐྱུར་ཐོང་། “སོགས་གསུངས། ཕྱིས་སུ་དེ་ཁོ་ན་བཞིན་བྱུང་བས། ཁོ་བོའི་བླ་མ་དེ་འབྱུང་འགྱུར་ཇི་བཞིན་གཟིགས་པ་ལ་ཆགས་ཐོགས་བྲལ་བ་ཞིག་ཡིན་ཅེས་དེ་དང་དེ་སོགས་བཞུད་ཟིན་པའི་ཕུ་བོ་ལགས་ཀྱིས་གྲུབ་སྤྲུལ་ལྔ་བའི་མཛད་རྣམ་དུ་མ་ང་ཚོ་ལ་རྒྱུན་དུ་ཤོད་པ་ལས་ཐོས་སོ། །
ཕྱི་ལོ་1992མགོ་དགེ་དགོན་གྱིས་གདན་ཞུས་ལྟར་རིན་པོ་ཆེ་ཚང་རེ་སྐོང་ཕྱོགས་སུ་ཕེབས་ཐེངས་དང་བོ་མཛད་སྐབས། དཔོན་སྐོར་གྱིས་ཁྱིམ་ཞུས་བྱས་ཏེ་ཨ་ལགས་དམག་གསར་ཚང་ལ་གདན་འཇོག་གནང་། དེ་བ་ཚང་གི་བུ་མོ་སྐྱ་བོས་མདའ་དར་ཞིག་ཕུལ་ཏེ། “འདི་ཁྱེད་ཀྱི་སྐུ་སྐྱེ་སྔོན་མ་༧ཁྱབ་བདག་འཇའ་ལུས་རྡོ་རྗེ་མཆོག་གིས་ཚེ་རིང་མ་ཕབ་པའི་རྟེན་རེད། རིག་གསར་སྐབས་སུའང་གཞན་ལག་ལ་མ་ཤོར་ཞིང་། སྐྱེས་ཆེན་བླ་སྤྲུལ་ཆེ་གཉན་གང་མང་བྱོན་ཡང་མ་ཕུལ།(པཎ་ཆེན་རིན་པོ་ཆེ་བྱོན་ཡང་མ་ཕུལ། རེ་སྐོང་གཏེར་རྒན་བྱོན་ཡང་མ་ཕུལ། གྲུབ་དབང་ནམ་མཁའ་ཚང་བྱོན་ཡང་མ་ཕུལ།)ད་ལན་རིན་པོ་ཆེ་ཁྱེད་ལ་འབུལ་བ་ལགས་པས་རྟགས་ཡ་མཚན་ཅན་ཞིག་ཅིས་ཀྱང་སྟོན་པར་སྐུ་མཁྱེན་”ཟེར། རིན་པོ་ཆེ་ཚང་གིས་མདའ་དར་ཕྱག་ཏུ་བསྣམས་ཏེ་སྐར་ཆ་འགའ་ལ་དེ་མུས་སུ་བཞུགས། ཡུད་ཙམ་འདས་རྗེས་མདའ་དར་དེ་བབ་ནས་ཕྱག་གཡས་པས་གཟུང་མི་བཏུབ་པ་ཙམ་དུ་འགུལ། དེར་ཁོང་གིས་ཕྱག་གཡོན་པས་ནས་བཀྲབས་ཤིག་གནང་སྟེ་བརྟན་བཞུགས་གྲུབ་རྗེས་ཕྱིར་གནང་། ཚུལ་དེ་དེར་འདུས་ཁྱིམ་ཚང་དྲུག་ཅུ་ལྷག་གི་མིག་གི་དཔྱིད་དུ་འབར་རོ། །དེ་ནས་གཏེར་སྟོན་ཆོས་སྒར་དུ་བྱོན་ཏེ་ཆོས་འབྲེལ་དང་ཕྱག་དབང་སོགས་གནང་། དེར་ཨ་ཁུ་སྤྱི་བོ་རྒྱལ་ཞེས་པ་སྐུ་གོང་མས་ལྷ་སྒོ་ཕྱེས་མྱོང་བ་དེས་ལྷ་ཞིག་སྤྲུལ་སྐུ་ལ་གཟིགས་འབུལ་བཀྱག་ཅིང་རབ་གནས་ཞུས་སོང་ཞིང་། ཕྱིས་རིན་པོ་ཆེ་མཆོག་ཕ་ཡུལ་ལ་ཆིབས་བསྒྱུར་གནང་སྐབས། རྒྱོ་འཇིགས། རྭ་ཨ་ཁུ། ཨ་ལགས་མི་བསྐྱོད། བློ་གྲོས། ཨ་ལགས་ཀུན་བཟང་བཅས་ཕེབས་ཏེ། ཚང་མས་ཐང་ཁ་རེ་བསྣམས་ནས་”ངེད་ཚོ་ལའང་ཨ་ཁུ་སྤྱི་བོ་རྒྱལ་ལ་བྱས་པ་ནང་བཞིན་ཞིག་ཐུགས་རྗེས་གཟུང་བར་ཞུ།” ཞེས་ནན་བསྐུལ་བྱེད་པ་བྱུང་།
ཕྱི་ལོ་1992རྭ་ཚང་སྡེ་བས་ཚོ་ཞུས་བྱེད་སྐབས། ན་ནིང་གློས་ཚང་སྡེ་བར་འབུ་ཆ་ག་བ་མང་བོ་བབས་ནས་རྩྭ་ལྗང་ལ་གནོད་པ་ཚབས་ཆེན་ཐེབས་འདུག་ཅིང་། ད་ལོ་ངེད་ཚོའི་སར་ཡང་འབབ་ཀྱིན་འདུག་(འབུ་བབས་དྲགས་པས་འཕྲུལ་རྟའི་འཁོར་ལོའི་དབར་ལ་འཚངས་ནས་སྐོར་མི་ཐུབ་པ་ལྟ་བུའང་བྱུང་ཟེར་)པས། དེར་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་གཏད་གནང་བར་གསོལ་བ་བཏབ་པ་ལྟར་གནང་བས་རྗེས་སུ་གནོད་འབུ་དེ་ཚོ་ས་བུད་དོ། །
ཕྱི་ལོ་1993.7.20ལུགས་རྙིང་ཟླ་༦ཚེས་༡ལ། གྲུབ་དབང་ལྔ་བ་རིན་པོ་ཆེ་འདི་ཉིད་༧རྡོ་གྲུབ་ཆེན་རིན་པོ་ཆེ་ཐུབ་བསྟན་འཕྲིན་ལས་དཔལ་བཟང་བོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་གཞིར་བྱས། རྡོ་གྲུབ་ཆེན་དགོན་པའི་བླ་གྲྭ་ལྷན་རྒྱས་བཀའ་གྲོས་གཅིག་མཐུན་གྱིས་ཁྱབ་བདག་འཇའ་ལུས་རྡོ་རྗེ་མཆོག་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་དང་སྦྲགས་གྲུབ་ཆེན་ཡུལ་དགོན་གཉིས་ཀྱི་བསྟན་སྲིད་གཉིས་ཆར་གྱི་བདག་པོར་མངའ་གསོལ་སྐབས། སྐུ་སྲུང་དང་མདུན་འདུག་(ཤ་ཚང་ཝོས་པ་དང་རིག་ཆེན་སོགས་)ཚོས་མཉམ་མ་བཞག་པའི་གླགས་བཙལ་ཏེ་སྡིག་པོ་ཆེ་གདོན་གྱིས་བརླམས་པ་ཞིག་གིས་སྦྱར་དུག་དྲངས། དེ་ཚེ་རྗེ་ཡི་ཞལ་མདངས་ཇེ་ནག་ལ་སོང་ཞིང་དངུལ་ཆུ་(འདི་རྔུལ་ཆུ་ལ་མ་འཁྲུལ་ཞིག འོ་ན་གང་ལགས་ཤེ་ན། ལྕགས་ཞུན་གྱི་ཟིལ་ཆུ་ལའོ)ཁྲ་ལམ་མེར་བཞུར་བྱུང་བར། སྲུང་མདུན་པ་དག་གིས་ཅི་ཡིན་གྱི་བློ་གྲོས་སྐོར་ཚེ། བཏུང་ཆུ་དྲངས་ཁུལ་གྱིས་དུག་དྲངས་པར་ཤེས། འདྲེན་མི་སུ་ཡིན་ཀྱང་ཞིབ་ཏུ་རྟོགས་མོད་ཁོང་རིན་པོ་ཆེས་བརྩད་གཅོད་དང་ཡུས་བསྔོ་མི་ཆོག་པའི་ཞལ་གསུང་ནན་མོ་བསྩལ་པས་བཏང་སྙོམས་སུ་བཞག སྙུང་གཞི་བཞེས་ཚུལ་ཙམ་ཡང་མ་གནང་བར་ཆེ་བརྗིད་གཟུགས་སྐུའི་དཀྱིལ་འཁོར་དེ་དད་ལྡན་གདུལ་བྱ་རྒྱ་མཚོའི་འདྲེན་བྱེད་ཀྱི་དཔལ་དུ་གཡོ་བ་མེད་པར་བཞུགས་སོ། །
ཕྱི་ལོ་1995-97ཉིན་ཞིག་གྲུབ་དབང་ལྔ་བ་རིན་པོ་ཆེ་དང་། ཨ་ནེ་པད་མཚོ། ཨ་ཁུ་འཇིགས་བྲལ་རྣམས་མཉམ་དུ་བཞུགས་པའི་སྐབས་ཤིག་ན། ཁོང་རིན་པོ་ཆེས་མཆོང་འགྲིག་(跳棋)གི་འགྲིག་རྡེལ་ཞིག་ལ་ཕྱག་རིས་ཕབ་པ་ད་ལྟ་གྲུབ་དགོན་དུ་མཇལ་དུ་ཡོད་དོ། །ཨ་ཁུ་འཇིགས་བྲལ་ན་རེ། “སྤྱིར་གྲུབ་རྟགས་དེ་འདྲའི་རིགས་གནང་ཚེ་དེ་ཉིན་ཕྱག་ཞབས་ཀྱི་རྗེས་གསལ་བོ་ཞིག་དོད་མེད་ནའང་། གཞན་སུས་མ་ཚོར་བར་བསྐུངས་ན་ཉིན་བདུན་ལྷག་འདས་ཚེ་ཕྱག་ཞབས་ཀྱི་རི་མོ་དེ་ཚོ་གསལ་བོར་མངོན་གྱི་ཡོད། འོན་ཀྱང་དེ་ཉིན་ནས་གསལ་བོར་མཐོང་ཐུབ་པའང་འགའ་རེ་འབྱུང་གིན་ཡོད། ལྷག་ཏུ་དངོས་པོ་དེ་ཚོར། རིན་པོ་ཆེ་ཉིད་ལ་རབ་གནས་བྱེད་པར་བསྐུལ་ན་རྗེས་མར་རི་མོ་མི་ཡལ་བར་ཕན་ནུས་ཟབ་མོ་ཡོད་པ་མཐོང་སོང་”ཟེར།
ཕྱི་ལོ་1995-1998ཡང་ཉིན་ཞིག་རིན་པོ་ཆེ་ཁོང་དང་། གྲྭ་བ་འཇིགས་བྲལ། ཁོང་གི་ཚ་བུ་འཆི་མེད་རྣམས་བླ་བྲང་བསམ་འཕེལ་ཆོས་གླིང་དུ་བཞུགས་པའི་སྐབས་ཤིག་ན། རིན་པོ་ཆེས། “དེ་རིང་འུ་ཚོ་སྐྱིད་པོ་ཞིག་རྩེ་ཨེ་རེད། ཡ། འཇིགས་བྲལ། ལྕགས་འཛེར་རིང་བོ་ཞིག་ཁྱེར་ཤོག་དང་། འུ་ཚང་གི་ལྕགས་ཀྱི་སྙིགས་བཞབ་དེ་ངས་ཕུག་ཨེ་སྟོན་”གསུངས། དེར་འཇིགས་བྲལ་གྱིས། “ཅིག་ཕུག་དགོངས་ན་སྙིགས་བཞབ་ཕུག་པས་ཅི་བྱ། དེར་བལྟས་ཀི་དཀར་ཡོལ་ཕུག་ན་ཡ་མཚན་ཆེ།” ཞུས་པས། ཁོང་གིས། “ཡ། ཁྱེར་ཤོག་”གསུངས། དེར་ཨ་ཁུ་འཇིགས་བྲལ་གྱིས་སྔ་འདང་ཕྱི་འདང་གང་མང་བྱས་ཏེ། “ཡ། ངའི་ཇ་ནེ་ཁྱེར་ན་རང་ཉིད་སྡིག་སྒྲིབ་ཆེ་བའི་སྟབས་ཀྱིས་ཕུག་ཐུབ་རྒྱུ་མ་རེད། དེར་བལྟས་ཀི་ཨ་ཅེའི་ཇ་ནེ་ཁྱེར་ན་ཡག་རྒྱུ་རེད་”བསམས་ཏེ། ཨ་ནེ་པད་མཚོའི་ཇ་ནེ་འཆི་མེད་ལ་འབུལ་དུ་བཅུག དེར་ཁོང་གིས་འཆི་མེད་ལ་ཇ་ནེ་གཟུང་དུ་བཅུག་སྟེ། འཛེར་མ་རིང་བོ་ཚོན་ལྔ་ཅན་དེའི་ལྟག་པར་ཐོ་བས་ཏིང་ཏིང་གི་སྒྲ་དང་བཅས་ཏེ་བརྡུངས་ནས། ཇ་ནེ་དེར་སྙིང་དབྱིབས་ཀྱི་རྗེས་ཤིག་བཏོད་དེ་ཕུག དེ་མཐོང་བ་དང་འཇིགས་བྲལ་གྱིས་ད་འགྲིག་ཐལ་སྙམ་ནས། སྤྲུལ་བཀྲ་དོན། མཐུ་དབང་། ཁོ་རང་། རིག་ཆོས། འཇམ་དགྱེས་བཅས་གྲྭ་འཁོར་ཡོངས་ཀྱི་ཇ་ནེ་རྣམས་རིམ་བཞིན་སྤྲུལ་སྐུའི་ཕྱག་ཏུ་ཕུལ་ཡང་། དེ་དག་ལ་འཛེར་རྗེས་ཙམ་རེ་བཏོད་པ་ན་འཛེར་མ་བཏབ་ཚད་གུག་སོང་། དེར་གྲུབ་སྤྲུལ་རིན་པོ་ཆེས། “ཡ། འཇིགས་བྲལ་དཀར་ཡོལ་འདི་ཚོ་བརྩན་ཆེས་པས་འཛེར་མ་རྣམས་གུག་འགྲོ་བ་ལས་ཕུག་ཐུབ་པ་མི་འདུག་”ཅེས་གསུངས། དེར་འཇིགས་བྲལ་གྱིས། “ཨ་ཅེའི་ཇ་ནེ་ཕུག་ཐུབ་ལ་ང་ཚོའི་ཇ་ནེ་ཕུག་མི་ཐུབ་པའི་རྒྱུ་མཚན་ཅི་རེད། ལྷག་ཏུ་ང་ལ།” ཞེས་གདུང་ཡུས་བརྗོད་པར་བརྩམ་ཚེ། རིན་པོ་ཆེས། “ཡ། འཇིགས་བྲལ་འདི་ལ་བསམ་འཆར་ཞིག་ཆེ་གི་དང་། ངའི་ཇ་ཕོར་དེ་ཁྱེར་ཤོག་”གསུངས། དེར་ཁོང་གི་ཇ་ཕོར་དེ་ཕུལ་བ་ན། “ཡ། འཇིགས་བྲལ། འཛེར་མ་ལན་ཅི་འདེབས་དགོས་”གསུངས་པར། ཁོས་གློ་བུར་བའི་དྲི་བ་དེར་”ཇ་ཕོར་རྐུབ་ཀྱི་ཕྱོགས་བཞིར་ལན་རེ་ཐོབ་”ཞུས་པར་རིན་པོ་ཆེས་དེ་ལྟར་བཏབ་སྟེ། “ཡ། ཇ་ཕོར་ཕུག་རྒྱུ་དེ་ལས་སླ་བོ་ཡིན་འདུག ཕོར་རྐུབ་ཀྱི་ཕྱོགས་བཞིར་འཛེར་མ་ལན་རེ་བཏབ་ཡོད། ད་དཀྱིལ་དུ་གཅིག་འདེབས་སམ་”གསུངས་ནའང་གྲྭ་བ་འཇིགས་བྲལ་གྱིས་བློས་མ་ལྕོགས་པར་”ད་ཆོག་ལགས་”ཞུས་ཤིང་ཕྱག་ཕུལ་ཏེ་རང་གི་རྟེན་སྐལ་ལ་ཞུས། དེར་ཨ་ཁུ་འཇིགས་བྲལ་གྱིས་གྲྭ་བ་ཚོའི་ཇ་ནེ་རྣམས་ཀྱི་ནང་དུ་འཛེར་མ་ལྔ་རེ་གུག་འདུག་པ་དེ་ལྟར་བསྒྲིགས་ཏེ་ཁོང་ཚོར་མཇལ་བཅུག་སྟེ། “རིན་པོ་ཆེས་འཛེར་མ་འདི་སྙེད་ཅིག་བཏབ་ཀྱང་འུ་ཚོའི་ཕོར་བ་ཕུག་མ་ཐུབ་པ་འདི་ག་རེད།” ཅེས་གླེངས་སོ། །ཇ་ཕོར་དང་ཇ་ནེ་འདིའང་ད་ལྟ་གྲུབ་དགོན་དུ་མཇལ་དུ་ཡོད་དོ། །
ཕྱི་ལོ་1998བོད་རབ་གནས་ས་སྟག་ལོའི་སྟོན་ཟླ་ར་བའི་ཉིན་ཞིག་ལ། གྲྭ་བ་ཚོས་རྙེད་པའི་རྡོ་ཞིག་ལ་མཛུབ་རྗེས་འདྲ་འདྲ་79ཅན་ཞིག་ཡོད་པ་དེ། གྲུབ་དབང་ལྔ་བ་རིན་པོ་ཆེ་ལ་ཕུལ་ཏེ། “འདིར་ཁྱེད་ཀྱི་ཕྱག་རྗེས་ཤིག་ཞུ་”བྱས་པས། ཁོང་རིན་པོ་ཆེས། “འདི་འདྲ་མང་བ་ལའང་”གསུངས་ཏེ། ཕྱག་མཛུབ་ཀྱིས་ཤུད་ཙམ་བྱས་པས་རྗེས་འགའ་ཞིག་བསུབས་ནས་ཁོང་ཡིད་བཞིན་ནོར་བུའི་ཕྱག་རྗེས་ཤིག་ས་ལེར་བཏོད་པ་ད་ལྟའང་གྲུབ་དགོན་དུ་མཇལ་དུ་ཡོད་དོ། །
ཕྱི་ལོ་1998-99ཡང་ཉིན་ཞིག་གི་སྔ་མོར་རིན་པོ་ཆེས། ཨ་ཁུ་རིག་ཆོས་ལ་”བསུང་ཆབ་འདིའི་ཁ་འབྱེད་མི་ཐུབ་ཀི་”གསུངས་ཏེ། ཁོའི་ལག་ཏུ་གཏད་པར་ཁོས་ཀྱང་མཉམ་མ་བཞག་པར་ཁ་འབྱེད་གྲབས་གནང་སྐབས། ཨ་ནེ་པད་མཚོས། “ཝེ། དེའི་ཁ་མ་འབྱེད་དང་ཁོང་གིས་བསྣུར་བཞག་ཡོད་ཀི་”སྨྲས་པས། ཨ་ཁུས་ཀྱང་དེར་ཞིབ་བལྟ་བྱེད་དུས་དངོས་གནས་བསྣུར་བཞག་ཡོད་པ་མཐོང་ནས་ཨ་ཁུ་རིག་ཆོས་རང་གི་རྟེན་སྐལ་ལ་ཞུས་ཏེ་བདག་གཉེར་བྱས་པ་ད་ལྟ་གྲུབ་དགོན་དུ་མཇལ་དུ་ཡོད་དོ། །
ཕྱི་ལོ་1998-2000ཡང་ཉིན་ཞིག་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེར་གྲྭ་འཁོར་ཚོས་ཡང་ཡང་ཞུས་ངོར། སོ་ཤིང་གིས་ཕུག་པའི་ཤེལ་རྡོ་གྲྭ་གྲངས་རེ་གནང་བ་ད་ལྟ་སོ་སོའི་མགུལ་དང་། གའུའི་ནང་དུ་འདུག་གོ། །
ཕྱི་ལོ་1998-2000ཡང་སྐོར་ཞིག་ཏུ་མགོ་ལོག་པདྨ་རྫོང་ནས་གྲྭ་བ་ཚོས་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེ་ལ་ཕྱག་དང་བཅས་རྟེན་སྐལ་ཞུས་པར། རྒྱ་ཁབ་ལ་ལྗགས་མདུད་བཏབ་སྟེ་གྲྭ་གྲངས་རེ་གནང་བའང་ད་ལྟ་སོ་སོའི་མགུལ་དུ་བཏགས་ཡོད་དོ། །
ཕྱི་ལོ་1999 བོད་རབ་གནས་ས་ཡོས་ལོའི་སྟོན་ཟླ་ར་བའི་ཉིན་ཞིག་གི་དགོང་མོ་ཆུ་ཚོད་10ཡས་མས་ཤིག་ལ། གྲྭ་བ་ཨ་ཁུ་རིག་ཆོས་དང་མཉམ་དུ་རྡོ་གྲུབ་དབང་རིན་པོ་ཆེས་གསོལ་ཇ་བཞེས་པ་ན། སོ་ཤིང་ལ་ལྗགས་མཆིལ་བཏབ་སྟེ་སོག་ཀ་ཕུག་ནས་སོ་ཤིང་གི་མགོར་བསྐོར་ཏེ། “རིག་ཆོས། ཟོག་གི་སོག་ཀ་དེ་ཕུག་རྒྱུ་ལས་སླ་བོ་ཞིག་ཡིན་འདུག་”གསུངས། ཨ་ཁུ་རིག་ཆོས་ཀྱིས་ཞིབ་བལྟ་བྱེད་སྐབས་སོག་ཀའི་རུས་པ་མཐུག་ས་དེ་ནས་སོ་ཤིང་གིས་ཕུག་འདུག་པ་མཐོང་བས་ཨ་ཁུ་རིག་ཆོས་ཀྱིས་བདག་གཉེར་བྱས་པ་ད་ལྟ་གྲུབ་དགོན་དུ་མཇལ་དུ་ཡོད་དོ། །
ཕྱི་ལོ་1999-2001ཉིན་ཞིག་གྲུབ་ཆེན་རི་ཁྲོད་དུ་ལྔ་བ་རིན་པོ་ཆེའི་སྐུ་རིམ་དུ་ཉེར་ལྔའི་ཚོགས་འཁོར་སྐོར་བའི་དུས་ཤིག་ལ། ཡུམ་ཀའི་རྡོ་སྐུ་ལས་བདུད་རྩིའི་རྒྱུན་བབ་པ་ང་ཚོ་དགེ་སློབ་ཀུན་གྱི་མིག་གི་དཔྱིད་དུ་འབར་རོ། །
ཕྱི་ལོ་2000-02སྐོར་ཞིག་ཤར་རེབ་གོང་ནས་འོང་བའི་སྔགས་པ་སྲི་གཅོད་རྡོ་རྗེ་བཟའ་ཟླ་གཉིས་ཀྱིས། སྐྱབས་རྗེ་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེར། ཆང་གི་དམ་བུ་ཞིག་ཕུལ་ཏེ། “འདི་གཉིས་ལ་ཡིན་གཅིག་མིན་གཉིས་གྲུབ་རྟགས་ཤིག་སྟོན་རོགས། གལ་ཏེ་དེ་ལྟར་མ་གནང་ཚེ་ས་འདི་དང་ཁ་མི་འབྲལ་ངེས་ཅན་ཡིན་”ཞེས་ཞུས་ཤིང་། དུས་ཡུན་རིང་བོ་འགོར་ནས་གྲུབ་དགོན་གྱི་དབྱར་གནས་འཚོག་པར་ཉེ་ཡང་ཁོ་གཉིས་འགྲོ་ཁ་མ་ཉན་པ་ན། གྲུབ་དབང་བླ་མ་རིན་པོ་ཆེའང་ཐབས་ཤེས་ཀྱིས་སྟོངས་པའི་ཚུལ་གྱིས་རྡོ་ཞིག་ཁྱེར་འོང་བཅུག་ནས་རྡོ་དེས་དམ་བུ་ལ་གང་མང་ཞིག་བསྣུན་ནས་གནང་བར། རྡོ་དང་དམ་བུ་གཉིས་ཀར་ཕྱག་རིས་ཤིན་ཏུ་གསལ་བོ་ཕབ་འདུག་པས་བཟའ་ཟླ་གཉིས་ཧ་ཅང་སྤྲོ་བའི་ངང་ཡུལ་བར་ཐེགས་སོ། །
ཕྱི་ལོ་2002ཡང་གྲུབ་དགོན་དུ་ཐུབ་བསྟན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་གི་རྨང་འདྲུ་བའི་སྐབས་ཤིག་ལ། རིན་པོ་ཆེས། ཨ་ཁུ་འཇིགས་བྲལ་ལ་”དེ་རིང་ང་འདུ་ཁང་གི་ས་རྐོ་སར་འགྲོ་དུས་ཆུ་འཁྱིལ་ཞིག་གི་ནང་དུ་ཅིག་མིན་ན་སར་བརྡབས་སོང་”གསུངས། ཨ་ཁུས་ཅི་ཡིན་ནམ་སྙམ་ནས་དེར་བལྟ་སར་འགྲོ་དུས། ད་སྔུན་རིན་པོ་ཆེ་ཞུད་ས་དེར་རྡོ་ཞིག་གི་སྟེང་ལ་ཞབས་རྗེས་ཕབ་འདུག་པ་དེ་གདན་དྲངས་ནས་དིང་སང་རིན་པོ་ཆེའི་གཟིམ་སྒོའི་སྔུན་ན་ཡོད་དོ། །
ཕྱི་ལོ་2002ཡང་ཐུབ་བསྟན་རྣམ་པར་རྒྱལ་བའི་གཙུག་ལག་ཁང་གི་རྨང་འདྲུ་བའི་སྐབས་ཤིག་སྟེ། གྲུབ་དགོན་གྱི་བླ་གྲྭ་ཡོངས་རྫོགས་སྒྱུ་འཕྲུལ་ཞི་བའི་སྒྲུབ་མཆོད་འཚོག་བཞིན་པ་ན། སྤྲུལ་སྐུ་རིན་པོ་ཆེས། གློ་བུར་དུ་དེར་འཚོག་མཇལ་བྱེད་བཞིན་པའི་བུ་ཆུང་(རུས་ཤིག)ཕུན་ཚོགས་(ཀླུ་སྒྲུབ)ལ་”ཁྱོད་སོང་ནས་འདུ་ཁང་གི་ས་སློག་མཁན། ཁྲོ་ཆུ་བ་བླ་མ། མགོན་པོ་སོགས་ལ་ཅ་ལག་རྣམས་ཅི་བྱས་ཀྱང་བླ་ཡི། ཁྱེད་རང་རྣམས་བྲོས་ཤིག” ཅེས་སྐུལ་བར་གནང་བས། ཁོ་མྱུར་མོར་སོང་སྟེ་དེ་ལྟར་སྨྲས་མ་ཐག་ཁོང་ཚོ་མྱུར་སྟབས་ཀྱིས་མར་གཟུར་ཙམ་བྱས་པ་དང་། གད་ཁ་རྡིབ་ནས་ཤིང་རྟ་དང་ཅ་ལག་རྣམས་བསྣུར་ཡང་མི་གཅིག་ལའང་སྐྱོན་མ་བྱུང་ངོ་། །
ཡང་གྲུབ་སྤྲུལ་ལྔ་བ་རིན་པོ་ཆེ་དབུས་འབྱོན་སྐབས་གསུམ་པ་ཕྱི་ལོ་2007ལོར་ཁྲ་འབྲུག་སྒྲོལ་མ་ལྷ་ཁང་གི་གུ་རུ་ང་འདྲ་མ་མཇལ་གནང་མཛད་པ་ན། མཆོད་དཔོན་དེས། ཁ་བཏགས་ཤིག་གིས་གུ་རུའི་ཞལ་ངོ་སོགས་ཕྱིས་ཏེ་རིན་པོ་ཆེར་ཕུལ་བ་ན། ཁ་བཏགས་དེར་འོད་དཀར་བོ་ཡ་མཚན་ཞིག་འཚེར། དེར་འདུས་ཚང་མས་མཇལ་ཁ་ཞུས་ཤིང་དཔར་ཡང་བཏབ། དེ་ནས་དར་དེ་རིན་པོ་ཆེའི་ནང་ལྭའི་སྒྲོག་གུ་བརྟོལ་ཏེ་སྐུ་རུམ་དུ་ཕུལ་ནས་སྔར་བཞིན་བསུམས་ནའང་འོད་ཟེར་དེ་རིན་པོ་ཆེའི་མགུལ་དང་གོང་ཁ་སོགས་ནས་འཚེར་བ་ཞིག་བྱུང་། ཚུལ་དེ་དེར་ཡོད་ཀྱི་མི་ཚོགས་ཇི་སྙེད་དང་རིན་པོ་ཆེའི་གྲྭ་འཁོར། པད་མཚོ། སྤྲུལ་སྐལ་བཟང་ནོར་བུ། འཇིགས་བྲལ། དབོས་པ། དབང་ལོ། ལས་རབ་བཅས་ལ་གསལ་ལོ། །གུ་རུ་ང་འདྲ་མ་མདོ་སྨད་དུ་གདན་དྲངས་པར་ཡང་གྲགས་སོ། །ཁ་བཏགས་དེ་ད་ལྟའང་གཞན་དང་མི་མཚུངས་པར་འོད་ཅན་ཞིག་ཡིན་པར་གླེང་ངོ་། །
སྤྱི་ལོ་2007ལོའི་ཟླ་8ཚེས་13བང་ཀོ་ཧྥུན་གྱིས་བཤད་རྒྱུར། “བདག་གིས་སྙིང་ནས་དད་པ་དང་ཡིད་ཆེས་བྱ་བར་འོས་པའི་ངེས་དོན་གྱི་གྲུབ་པའི་དབང་ཕྱུག་ཆེན་པོ་རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེའི་མཛད་རྗེས་གཉིས་བཤད། ⒈ བདག་གི་ཨ་ཁུ་གཉིས་པ་ལོ་55ཡིན། མཁལ་མ་གཉིས་ལ་ངན་སྐྲན་ཨེ་རྟགས་ཅན་དུ་ངོས་འཛིན་མཛད། གཅིན་འགགས་སོགས་ནད་ཚབས་ཤིན་ཏུ་ཆེ་ལ། ཅེས་ཀན་གྱི་མཐོ་ཚད་800ལ་ཐོན། ལུས་ཕུང་བདེ་ཐང་ཅན་ཞིག་ལ་80ནས་100བར་ཡིན། 2007ཟླ་6ནང་མཁལ་མ་ཡ་གཅིག་ལ་གཤག་བཅོས་བྱས་རྗེས་ཇེ་སྡུག་ཏུ་གྱུར། མཁལ་མ་གསར་བའི་ནུས་པ་མ་ཐོན་ལ་རྙིང་བ་ལའང་ཅེས་ཀན་གྱི་མཐོ་ཚད་1000ཡན་ཆད་དུ་སླེབས། མཁལ་མའི་རང་འགུལ་གྱི་ནུས་པ་གཞི་ནས་ཉམས་ཏེ་འཕྲུལ་ཆ་ལ་བརྟེན་ནས་འགུལ་སྐྱོད་བྱེད་དགོས་བྱུང་། གཤག་བཅོས་བྱས་པའི་རྨ་ཁ་ལ་གཉན་ཚད་རྒྱས་པ་སོགས་བཟོད་བསྲན་མི་ཐུབ་པའི་ན་ཟུག་གིས་སྲོག་གི་ཉེན་ཁ་ལ་ཐུག་དུས། རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེ་ལ་ཞུས་ནས་ཁོང་གིས་བྱིན་རླབས་དང་རིམ་གྲོ་བྱས་པ་རྣམས་བསྒྲུབས་རྗེས་མཁལ་མའི་ནུས་པ་ཐོན་པ་དང་རྨ་སོས་པ་སོགས་རྒྱུན་ལྡན་དུ་གྱུར། གཟའ་འཁོར་གཉིས་ཀྱི་རྗེས་ནས་ནད་པའི་ལུས་པོ་བདེ་ཐང་དུ་གྱུར་ཏེ་སྨན་ཁང་ནས་ཕྱིར་བུད། ⒉ བང་ཀོ་ཧྥུན་གྱི་ཨ་ཞང་ལོ་70ཡིན། རྒྱུ་མའི་ངན་སྐྲན་སྟེ་ཨེ་ཀྲིན་ཞེས་པ་བཅོས་མེད་ཀྱི་ནད་ཞིག་གིས་ཐེབས་ནས་གཤག་བཅོས་བྱས། ཟླ་གཉིས་ཀྱི་རྗེས་ནས་རྒྱུ་མ་འབྱར་ཏེ་གཉན་ཚད་རྒྱས། ཚད་གྲངས་38ལྷག་ལ་ཐོན། གཤང་གཅིའང་འགགས་ནས་ན་ཟུག་དང་ཉེན་ཁ་ཆེན་པོར་གྱུར། ཉིན་རེ་བཞིན་དུ་སྒོར་ཁྲི་གཅིག་ནས་ལྔ་སྟོང་བར་གྱི་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་། སྨན་ཁང་གིས་བཤད་རྒྱུར་ད་ནི་སྐྱོབ་ཐབས་ཀྱི་རེ་བ་མེད། ཉིན་20འགོར་སོང་བས་ནད་བབས་ཇེ་སྡུག་ལས་མེད་ཟེར། སྐབས་དེར་རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེ་ལ་ཞུས་ནས་ཁོང་གིས་བྱིན་རླབས་དང་རིམ་གྲོ་བྱས། ཉིན་གསུམ་གྱི་རྗེས་ནས་ནད་པ་གཞི་ནས་བདེ་ཐང་དུ་གྱུར།” ཞེས་དྲྭ་ཚིགས་སུ་བཀོད།
“ཨོ་རྒྱན་འཚོ་མོའི་ཨ་ཡས་2007ཟླ་3ཚེས་18དུས་ཚོད་10སྐར་20ཐོག་ཚེ་ལས་འདས། མོ་རང་རྒྱུན་དུ་ཆོས་ལ་དོན་གཉེར་བྱེད་མཁན་ཞིག་མིན་ཀྱང་ཉེ་ཆར་སངས་རྒྱས་ཀྱི་མཚན་རེ་འདོན་པ་དང་། གཟའ་འཁོར་གཉིས་ཀྱི་སྔོན་ལ་རང་མོས་བཞིན་རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེ་ལ་ཁ་པར་ལས་སྐྱབས་སྡོམ་ཞུས། མོ་ཚེ་དུས་མ་བྱས་པའི་ཉིན་གཉིས་ཀྱི་སྔོན་ལ་ཁྲུས་བྱས་ཤིང་གོས་གསར་བ་བགོས། ཚེ་ལས་འདས་མ་ཐག་གང་མགྱོགས་ཀྱིས་རིན་པོ་ཆེར་འཕོ་བ་ཞུས། ཉིན་དེའི་དགོང་མོར་བེམ་པོར་གཞོན་ཤ་ཆགས་པ་དང་གདོང་མདོག་ལ་དམར་མདངས་རྒྱས། ཉིན་གསུམ་པར་སྦྱིན་སྲེག་བྱེད་དུས་འཇའ་ཤར་བ་དང་། མོའི་རུས་པ་ལ་རང་བསྲེལ་མེ་ཏོག་ཅན་བྱུང་བ་སོགས་ཧ་ཅང་ངོ་མཚར་ཆེ།” ཞེས་དྲྭ་ཚིགས་སུ་བཀོད།
“ཕྱི་ལོ་2007ལོར། སི་ཁྲོན་ཁྲིན་ཏུའུ་ཡི་མི་མིང་ལ་ཡང་སུའུ་ཀྲིན་ཟེར་བ་ཞིག་ལ་ནད་བྱུང་ནས་སྨན་ཁང་ན་ཡོད་དུས། མོའི་ཚ་བོ་ཆོའུ་ཆས་ཆིན་ཅིན་གྱིས་རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེའི་སྐུ་མདུན་དུ་འོང་ནས་རྒྱུ་མཚན་ཞུས། ཁོང་གིས་གསུང་རྒྱུར་ད་འཚོ་བའི་རེ་བ་མེད་པ་མ་ཟད། དུས་ཚོད་འདི་དང་འདིར། ཞེས་གསལ་བོར་གསུངས། ཁོང་གིས་གསུང་བའི་དུས་ཚོད་ལ་སྐར་ཆ་གཉིས་ཀྱིས་མ་ཐོན་པའི་སྔོན་ལ་འདས་སོང་། མོ་ཚེ་ལས་འདས་སྐབས་ཀྱི་རྣམ་པ་ནི་གདོང་མདོག་དང་ཁ་ཤ་སྔོ་ལ་ཁྲོ་ཉམས་ཅན། ཁ་གདངས་ནས་ཡོད་པ་སོགས་འཇིགས་སུ་རུང་བ་ཞིག་རེད། ཡུལ་མིའི་སེམས་ལའང་མི་བཟོད་པའི་སྡུག་བསྔལ་བསྐྱེད། འཕྲལ་དུ་ཁོང་ལ་འཕོ་བ་ཞུས་ནས་དུས་ཚོད་གཅིག་ཙམ་གྱི་རྗེས་སུ། གདོང་མདོག་རིམ་གྱིས་དམར་བོར་གྱུར་པ་དང་ཁ་ཤའང་དམར་སྨུག་ཏུ་གྱུར་ནས་རིམ་བཞིན་ཁ་ཟུམ། སྣང་ཚུལ་ལ་སྤྲོ་ཉམས་ཅན་ཞིག་ཏུ་གྱུར་པའི་ཚོར་བ་སྟེར། སྨན་ཁང་གི་ནད་གཡོག་གིས་བཤད་རྒྱུར་མི་ཤི་བའི་ཉིན་འགའི་རྗེས་ནས་དུར་ལས་བྱེད་དུས་ཀྱང་སྔར་བཞིན་མི་ཞིག་གཉིད་དུ་ཡུར་བ་དང་མཚུངས། ཆོའུ་ཆས་ཅིན་གྱི་ཨ་ཕའི་རྨི་ལམ་དུ་ཨ་ཡེ་ཕྱིར་ཐོན་ཏེ། མོས་བཤད་རྒྱུར་ཕྱི་རོལ་ཏུ་རྩེད་མོ་རྩེ་རུ་འགྲོ་ཟེར། ཁོ་མི་ཁོམ་པས་མི་འགྲོ་ཞེས་བཤད་སྐབས། མོ་ཕྱིར་སོང་བའི་ལུས་ཀྱི་ཚུགས་ཀ་ན་གཞོན་ཞིག་ཏུ་གྱུར་འདུག ཡང་ཞིང་ལྡེམ་པའི་གོམ་པ་ཇེ་མགྱོགས་སུ་གྱུར་པ་ལས་མཐར་བྱིས་པ་ཞིག་ཏུ་གྱུར་ནས་འོད་ཅིག་གི་ནང་ཐིམ་སོང་ཞེས་བཤད།” ཅེས་ཆོའུ་ཆས་ཅིན་གྱིས་དྲྭ་ཚིགས་སུ་བཀོད་དོ། །
ཕྱི་ལོ་2008བོད་རབ་གནས་ས་བྱི་ལོའི་ཉིན་ཞིག་ཏུ། ཨ་ཁུ་འཇིགས་བྲལ། རྒྱ་ཨོ་རྒྱན་ཉི་མ་སོགས་རྒྱ་ནག་པེ་ཅིན་དུ་སྟོན་འཁོར་མཉམ་འཛོམས་ངང་ལོ་སར་དུས་སྟོན་ལ་བཞུགས་པ་ན། རྗེ་ཡིས་འཇིགས་བྲལ་གྱི་ལག་པའི་མཁྲིག་མ་ནས་བཟུང་སྟེ། “དེ་རིང་འདི་ལྟར་བསྣུར་བསམ་གི་”གསུངས་ནས་ལག་མགོའི་ཕྲེང་བ་དང་མཉམ་དུ་བསྡམས་པས། ཕྲེང་རྡོག་དག་ལས་ཁ་ཤས་ལེབ་མོར་བསྣུར།(དེ་ཉིན་ཕྲེང་བ་རྡོག་པོ་བདུན་བསྣུར་བཞག་ཡོད་ལ་རྗེས་སུ་དེ་ལས་མང་པོ་ཞིག་ལ་རྗེས་གསལ་བོར་དོད།) དེར་འཇིགས་བྲལ་གྱིས་ཕྱག་ཕུལ་ཏེ་རང་གི་རྟེན་སྐལ་ལ་ཞུས། ཚུལ་དེ་རྒྱ་རིགས་དག་གིས་མཐོང་ནས་ཁོང་ཚོ་ལའང་འདི་འདྲ་ཞིག་ཅིས་ཀྱང་དགོས་པར་བསྐུལ་ཚེ། སྐྱབས་རྗེ་རིན་པོ་ཆེས། “རང་གར་དེ་འདྲ་ནུས་པ་མ་རེད་ཉིན་རེར་འདི་ལྟར་བྱས་ན་ཐུབ་སྙམ་པ་ཞིག་ཤར་འོང་གི། དེ་དུས་ཇི་ལྟར་བྱས་ཀྱང་ལས་སླ་བོ་འདུག དེ་དུས་སྣང་བ་འདི་སྟོང་སང་ངེ་འདྲའམ། ཟང་ཐལ་ལེ་བ་ཞིག་འབྱུང་གི།” ཞེས་གསུངས་སོ།།
སྐྱབས་རྗེ་རྡོ་གྲུབ་ཆེན་ལྔ་བ་༧རིག་འཛིན་ཀློང་ཡངས་རྒྱ་མཚོ་མཆོག་ཕྱི་ལོ་2009ལོའི་ལོ་སར་ལ་པེ་ཅིང་ནས་ཧི་པེ་ཐང་ཧྲིན་ལ་གདན་ཞུས་ལྟར་བྱོན། ལོ་སར་གྱི་ཉིན་བཞི་བ་བོད་ས་བྱི་ལོའི་ཟླ་12ཚེས་3ལ། ཐང་ཧྲིན་ཧྲི་ཁེ་ཕན་ཆས་གོ་ཆེན་རྡོ་སོལ་སྔོག་འདོན་ས་ཚིགས་ཀྱི་སྤྱི་གཉེར་ལས་ཡས་ཁོན་གྱིས་ཁོ་རང་གི་གཏེར་ཁུང་ནས་མི་མང་བོ་ཤི་མྱོང་བས་དེའི་དགེ་རྩར་གསུར་མཆོད་རྒྱ་ཆེན་པོ་ཞིག་ཞུས། བུད་ཤིང་རྐྱང་བའང་རླངས་འཁོར་ལྔ་དྲུག་ཙམ་དང་དཀར་གསུམ་མངར་གསུམ་གྱི་གཙོས་ཟས་སྣ་རི་ལྟར་སྤུངས་པ་དང་། རྒུན་ཆང་དང་མངར་ཁུ་སྣུམ་གྱི་རིགས་མཚོ་ལྟར་བསྐྱིལ་ནས་དཀར་གསུར་གྱི་རྫས་མ་ཚང་མེད་པ་སྟ་གོན་བྱས། སྐྱབས་རྗེ་༧རིན་པོ་ཆེས་དབུ་འཛིན་འོག་ཆོ་ག་དངོས་ཀྱི་སྐབས་སུ་མེ་ཕུང་ནི་དངོས་གནས་ཡ་ང་བ་ཞིག་འབར། སྐབས་དེར་གསུར་མགྲོན་ཡར་མར་དུ་རྒྱུ་བ་སོགས་ཀུན་ལ་རང་བློ་དང་འཚམ་པའི་མཐོང་སྣང་རེ་བྱུང་། བསྔོ་སྨོན་སྐབས་སུ་ཐམས་ཅད་འུར་ཟིང་དུ་གྱུར། འཚང་ཁ་ཤིག་ཤིག་གིས་”ཐུགས་རྗེ་ཆེན་པོ་”ཟེར་ནས་མེ་ཕུང་ལ་མཛུབ་མོ་གེར་བ་དང་ཐལ་མོ་སྡེབ་པ་སོགས་བྱས། ཁོ་ཚོས་བཤད་རྒྱུར་”ཐུགས་རྗེ་ཆེན་པོ་འོད་དང་འོད་ཟེར་གྱིས་བརྒྱན་པ་ཞིག་མངོན་སུམ་དུ་མཐོང་”ཞེས་ངོ་མཚར་ཆེན་པོས་ཕན་ཚུན་ལ་བཤད། གཏེར་ཁུང་གི་སྦྱིན་བདག་ལས་ཡས་ཁོན་གྱིས་བཤད་རྒྱུར། “ང་རང་གིས་མཐོང་བའི་དུས་ཡུན་ཧ་ཅང་ཐུང་སོང་བས་རང་གི་མིག་ལའང་ཡིད་མི་ཆེས་པ་འདྲ། དངོས་གནས་ཡག་པོ་རེད། རིན་པོ་ཆེའི་བཀའ་དྲིན་ཡིན་”ཟེར་ནས་ངེས་ཤེས་གཏིང་ནས་རྙེད་པའི་དད་པ་སྐྱེས། པེ་ཅིང་ནས་ཡོང་བའི་སློབ་མ་ཀྲང་ཞོ་ནན་གྱིས་བཤད་རྒྱུར། “བདག་གིས་མཐོང་བ་ནི་དབུ་ན་འོད་དཀར་བོ་འཁོར་བ། ལྭ་བ་རིང་བོ་ཅན་མོ་རྒྱུད་ཀྱི་ལྷ་ཞིག་རེད་”ཅེས་བཤད། བང་ཞིག་ཁྲུན་ཧ་ཅང་ངོ་མཚར་བའི་རྣམ་འགྱུར་དང་དགའ་སྤྲོ་འཕེལ་བའི་ངང་སྔ་མ་རྣམས་དང་གཅིག་མཚུངས་ཀྱི་མཐོང་སྣང་ལབ། སྐྱབས་རྗེ་༧རིན་པོ་ཆེ་ཉིད་ཀྱི་གཟིགས་སྣང་ལའང་”རྒྱ་ལྷ་ཐུགས་རྗེ་ཆེན་པོ་ལྭ་རིང་ཅན་འོད་དཀར་བོའི་ཀློང་ན་ཞལ་རང་ལ་ཕྱོགས་ནས་བཞུགས་པ། དངོས་གནས་ངོ་མཚར་ཆེ་བ་ཞིག་མཇལ་”གསུངས་ནས་ཕྱག་ཐལ་མོ་སྦྱར། འདི་དང་འདི་ལྟ་བུ་སོགས་ཀུན་གྱི་མཐོང་སྣང་གཅིག་མཚུངས་བྱུང་ཞིང་། ཆོས་དང་བརྒྱུད་པ་ལ་དད་གུས་ཀྱི་པདྨོ་རབ་ཏུ་བཞད་པར་གྱུར་ཏོ། །
ཡང་། “བཀང་ཏོང་ཞིང་ཆེན་གྱི་མི། བཀང་པོ་ཆེན་ཞེས་པ་ཁོ་ལ་མཆིན་ནད་ཀྱིས་ཐེབས་ཏེ་ས་དེ་གའི་སྨན་ཁང་ནས་བརྟག་དཔྱད་བྱས་ཤིང་མཆིན་པའི་ངན་སྐྲན་ཚབས་ཆེན་དུ་ངོས་འཛིན་བྱས།(ཨེ་ཀྲིན་ཟེར་བའི་ནད་ཅིག་གི་མིང་ཡིན།)ཡུལ་མི་དང་བཅས་པ་སྡུག་བསྔལ་གྱིས་མནར་སྐབས། རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེའི་མཚན་སྙན་ཐོས་ཏེ་ཁ་པར་བརྒྱུད་ནས་ཁོང་ལ་ཞུས། རིམ་གྲོ་རྣམས་ཇི་བཞིན་བསྒྲུབས་རྗེས་ཧ་ཅང་བདེ་སོང་བའི་སྣང་བ་བྱུང་། ལོ་དེའི་ཟླ་12ཚེས་9ཉིན་ཕྱིར་སྨན་ཁང་ལ་སོང་ནས་བརྟག་དཔྱད་བྱེད་དུས། ནད་མ་ལུས་པ་སངས་འདུག ཅེས་སྨན་པའང་ཧ་ལས་སོང་ཞེས།” ཁོ་རང་ཉིད་ཀྱིས་གློག་དྲྭ་བརྒྱུད་ནས་ཆོས་དང་བླ་མའི་ཡོན་ཏན་རྒྱ་ཆེའི་མང་ཚོགས་ལ་གཟིགས་མོར་ཕུལ།
ཕྱི་ལོ་2008ལོའི་ཟླ་1ཚེས་1ཉིན། ཅང་སུའུ་ནན་ཐོང་གི་མི་ལོ་68ཅན་གྱི་རྒྱ་རིགས་བུ་སྨད་ཅིག་ཚེ་ལས་འདས། སྐབས་དེར་མོའི་བུ་མོ་ཨོ་རྒྱན་སྒྲོལ་མས་ཁ་པར་བརྒྱུད་ནས་རྡོ་གྲུབ་༧ལྔ་བ་རིན་པོ་ཆེ་ལ་སྙན་ཞུ་ཕུལ། ཉིན་གཉིས་པར་བེམ་པོའི་ངོ་ནས་འོད་འཕྲོས། གདོང་མདོག་ཇེ་ཡག་ནས་ཇེ་ཡག་ཏུ་གྱུར། སྤྱི་བོ་ནས་རླངས་པ་སྐྱ་ཕལ་ཕལ་བྱུང་བ་ཀུན་གྱིས་མཐོང་། ཉིན་ལྔ་བར་བེམ་པོ་སྦྱིན་སྲེག་བྱས་རྗེས་རུས་པ་ལ་རིང་བསྲེལ་མེ་ཏོག་ཅན་བྱུང་བ་འདྲ་པར་དང་བཅས་གློག་དྲྭར་བཀོད་ནས་ཆོས་ལ་དད་པ་བྱས་ན་ཕན་ཡོན་མིག་མཐོང་ལག་ཟིན་དུ་ཡོད་པའི་ངེས་ཤེས་གསལ་བོར་བརྗོད།
ཕྱི་ལོ་2009ལོར་ཀྲང་བཀས་ཆེན་ཚེ་དུས་བྱས། སྐབས་དེར་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེ་ལ་འཕོ་བ་ཞུས། ལོ་དེའི་ཟླ་བདུན་པའི་ཚེས་4ནུབ་མོར་མོའི་ནུ་མོ་ཀྲང་བཀས་ཡུན་གྱི་རྨི་ལམ་དུ། ལམ་ཆེན་ཞིག་བརྒྱུད་ནས་འགྲོ་སྐབས། ཤར་ཕྱོགས་སུ་སེམས་ཅན་སྡིག་བསྔལ་གྱིས་མནར་བ་སྐེ་བཅད་ལག་རྡུམ་བྱེད་པ་སོགས་མཐོང་ཡང་མོ་ལ་འཇིགས་སྐྲག་གི་སྣང་བ་མེད། ཧ་ཅང་རྒྱ་ཆེ་བའི་ལམ་གྱི་བཞི་མདོ་ཞིག་ཏུ་ཐོན་སྐབས་མོའི་ཨ་ཅེ་བཀས་ཆེན་མཐོང་སོང་། ཁོ་མོའི་གྱོན་གོས་དང་ངོ་མདངས་སོགས་ཧ་ཅང་བཟང་། མོས་སྙིང་ཉེ་བའི་ངང་ནས་ལག་བརྡ་བྱས་ཤིང་། ད་དུང་མོས་བཤད་རྒྱུར་”འདི་ན་ཞེ་སྡང་སོགས་གཞི་ནས་མེད། ཧ་ཅང་བདེ་སྐྱིད་དང་ལྡན་རྗེས་མ་ཁྱེད་ཀྱང་འདིར་ཤོག་”ཅེས་བཤད། འདི་ནི་རང་བཞིན་གྱི་རྨི་ལམ་ཞིག་དང་མི་འདྲ་ཞིང་། ཤིན་ཏུ་གསལ་བས་ཉིན་སྣང་དང་མཚུངས། རྗེས་སུ་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེར་ཞུས། ཁོང་གིས་གསུང་རྒྱུར་”ནུབ་ཕྱོགས་བདེ་བ་ཅན་དུ་སྐྱེས་པའི་རྨི་ལྟས་བཟང་བོ་འདུག་”གསུངས། ཀྲང་བཀས་ཡུན་གྱིས་དྲྭ་ཚིགས་སུ་བཀོད།
ཡང་། “མིང་ལ་ཏི་ཧྲོས་ཟེར་བའི་མི་ཞིག་སྐྱེས་ནས་བཟུང་སྐེ་ནང་ན་ནད་ཅིག་ཡོད་པས། ནད་འཕར་དུས་སྡུག་བསྔལ་གྱི་ཚོར་བ་བཟོད་དཀའ་བ་མྱོང་ནས་བརྒྱལ་འགྲོ་བ་སོགས་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་མནར། སྨན་དང་བཅོས་ཐབས་གང་གིས་ཕན་ཐོགས་མ་བྱུང་། རྗེས་སུ་རྡོ་གྲུབ་ཆེན་༧ལྔ་བ་རིན་པོ་ཆེ་ལ་ཕྱག་མོ་གཟིགས་ནས་རིམ་གྲོ་བསྒྲུབས་ཚར་བའི་ནུབ་མོར། མལ་ཁྲིའི་ཐོག་ན་གན་རྐྱལ་དུ་ཡོད་དུས། རྣ་བ་གཡོན་པའི་ནང་དུ་”བུན་”ཞེས་པའི་སྒྲ་ཞིག་གྲག་ཅིང་རྣ་བ་ཁ་ཕྱེ་བ་ལྟ་བུའི་ཚོར་སྣང་བྱུང་། དེ་ནས་བཟུང་ལུས་པོ་བདེ་ཐང་དང་། གཉིད་ཀྱང་སྔར་ལས་ལྷག་པའི་སྐྱིད་པོ་འོང་། ཕྱི་ཉིན་ནས་བཟུང་ཧ་ཅང་བདེ་བའི་སྣང་བ་ཤར་བས། མངོན་ཤེས་ཕྲན་བུ་ཡོད་པའི་མི་ཞིག་ཡོད་པ་དེས་བཤད་རྒྱུར། སྔོན་ཆད་ཁྱོད་ཀྱི་ལུས་པོ་མུན་པ་ནག་པོ་ཞིག་གིས་བཏུམ་ཡོད་ཀྱང་དེ་རིང་འོད་དམར་བོ་ཞིག་གིས་དཀྲིས་འདུག་ཟེར།” ཞེས་ཁོ་རང་གིས་དྲྭ་ཚིགས་སུ་བཀོད་དོ། །
“མིང་ལ་ཤ་ཡན་ཟེར་བ་ཟི་ཁྲོན་ཟོའུ་ཉིན་གྱི་མི་ཡིན། སྤྱི་ལོ་2008ཟླ་1ཚེས་4ནངས་སྔ་ཚེ་ལས་འདས། སྐབས་དེར་ཧྥོ་ཙི་ཤིན་བརྒྱུད་ནས་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེ་ལ་སྙན་ཞུ་ཕུལ། འཆི་རྐྱེན་ནད་ཀྱི་དབང་གིས་བེམ་པོར་དྲི་ང་འདུག ཉིན་དེའི་དགོང་མོའི་ཆུ་ཚོད་12སྟེང་རྡོ་གྲུབ་ཆེན་༧ལྔ་བ་ཚང་གིས་འཕོ་བ་གསུངས། དེ་ནས་ཆུ་ཚོད་གཅིག་ཙམ་ནས་བེམ་པོ་ལས་དྲི་བཟང་འཐུལ་བ་ཀུན་གྱི་མངོན་སུམ་དུ་མཐོང་། མི་རྣམས་ཀྱིས་བཤད་རྒྱུར་མེ་ཏོག་ཏྲི་ཙི་དཔའ་དང་རྒྱ་ཇ་བཟང་བོའི་དྲི་སྐབས་རེར་གསལ་ལ་སྐབས་དེར་མི་གསལ་བར་མྱོང་བ་དང་། བེམ་པོའི་སྤྱི་གཙུག་ན་དྲོད་རྒྱས་པ་བཅས་ངོ་མཚར་སྣ་ཚོགས་བྱུང་བར་གླེང་།” ཞེས་གཤིན་པོའི་ཡུལ་མིས་དྲྭ་ཚིགས་སུ་བཀོད།
ཕྱི་ལོ་2009.10.12ཉིན་རྡོ་གྲུབ་ཆེན་ལྔ་བ་རིན་པོ་ཆེར། ཨ་ལགས་གདུགས་དཀར་གྱིས་རྟེན་མདུང་ལ་རབ་གནས་ཞུས་པར་རིན་པོ་ཆེས་ཀྱང་དེ་བཞིན་གནང་ཚེ། རྟེན་མདུང་དེ་ཕྱག་གཡས་པས་གཡོན་སར་སྤྲད་དེ། ཕྱག་ནས་ཤིག་གཏོར་ནས་ལོགས་ཤིག་ཏུ་བཞག་གནང་མཛད། དེ་དུས་རྟེན་མདུང་གཡས་གཡོན་གང་གིས་སྐྱོར་མེད་དུ་ཡོད་པ། ཨ་ལགས་གདུགས་དཀར། དམག་གསར་སྤྲུལ་པའི་སྐུ་འཇིགས་མེད་ལྷུན་གྲུབ། སྤྲུལ་པད་དཀར་མཁྱེན་པའི་དབང་ཕྱུག སྤྲུལ་འཇིགས་མེད་གསང་སྔགས་བཅས་ལ་སྤྱན་གྱི་བདུད་རྩིར་གྱུར། ཅུང་ཙམ་ནས་སྲོག་ཡིག་འབྲི་དགོངས་བཞེད་ཚེ། རིན་པོ་ཆེ་ཚང་གིས། “ག་རེ་མདུང་དེ་ཇི་ལྟར་བཞག་ཟིག་ཀོ་”གསུངས་པར། དེར་ཡོད་ཚང་མས་ཡ་མཚན་པོར་བཞག་ཡོད་ཚུལ་ཞུ་དུས། ཁོང་གིས་”ངས་འཇོག་ས་ཞིག་ཡོད་ཀི་བསམ་སོང་”གསུངས།
ཡང་ལོ་ཟླ་དེའི་ནང་དུ། གྲུབ་སྤྲུལ་རིན་པོ་ཆེ་རེབ་གོང་བཀས་ནན་ས་ཆའི་དགོན་པ་ཞིག་གིས་གདན་འདྲེན་ཞུས་པར། རིན་པོ་ཆེ་ཁྲིར་འཁོད་དེ་ལྷན་རྒྱས་ལ་ཞལ་ཏ་བཀའ་སློབ་གནང་བའི་དབུ་ཚུགས་པ་དང་མཉམ་དུ། ཁྲི་དེའི་དབྱིངས་རུམ་ན་གདུགས་ཤིག་ཡོད་པ་བཀའ་སློབ་མཇུག་མ་དྲིལ་དབར་དུ། རླུང་སོགས་མི་དང་མི་མིན་གྱི་བྱེད་རྩོལ་ལ་མ་ལྟོས་པར་གཡས་ཕྱོགས་སུ་ཀྱི་ལེར་རང་འཁོར་བརྒྱབས་པ། རེབ་གོང་མཁན་འཇམ་དཔལ་རྡོ་རྗེ་དང་། ཨ་ཁུ་འཇིགས་བྲལ་སོགས་དེར་འདུས་ཡོངས་ཀྱི་མིག་གི་དཔྱིད་དུ་འབར་རོ། །
ཕྱི་ལོ་2009.10.12ཉིན་སྤྲུལ་རིན་པོ་ཆེ་ནངས་སྔ་གཟིམ་ལས་བཞེངས་པ་དང་། “དེ་རིང་ཉིན་ཤུག་ཡུལ་ཚོའི་རླངས་འཁོར་ཞིག་འཕྲོག་བཅོམ་བྱས་སོང་ཡང་ཁ་ལོ་བར་སྐྱོན་མེད་ཀི་ཟེར་འདུག དེ་ང་ལ་ཁྱེད་ཚོས་བཤད་པ་ཡིན་ཨ་”གསུངས་པར། དེར་ཡོད་ཚང་མས་”ང་ཚོས་དེ་འདྲ་ཞིག་ཐོས་མ་སོང་”ཞུས། “དེས་ན་ཕལ་ཆེར་ངའི་རྨི་ལམ་ཡིན་རྒྱུ་རེད་”གསུངས། དེའི་ཉིན་ཏག་ཏག་དོན་དངོས་དེ་འདྲ་ཞིག་བྱུང་སོང་བས་ཀུན་གྱིས་ངོ་མཚར་དུ་མཐོང་ནས་དད་གུས་ཚད་མེད་འཕེལ་ལོ། །འདི་ཡས་མས་ཤིག་ཏུ། ཁྱིམ་ཚང་ཞིག་གིས་བྲིས་ཐང་ཞིག་ལ་རབ་གནས་ཞུས་པར་ཁོང་གིས་དེ་ལྟར་གནང་ཚེ། ལྷ་དེ་དངོས་སུ་འགུལ་བྱུང་བ་མི་ཚོར་ཚད་མེད་པའི་ངོ་མཚར་གྱི་གནས་སུ་འབར་རོ། །
ཡང་གྲུབ་སྤྲུལ་ལྔ་བ་ཚང་སོགས་ཀྱིས་རིན་པོ་ཆེ་སྐུ་ཕྲེང་བཞི་བ་ཚང་ཆིབས་སྐྱེལ་ཞུ་བའི་སྐབས་ཤིག་ན། མས་ཡ་ལོའི་འགབ་བུན་ཁྲན་ལ་མ་ཐོན་གོང་དེར། རྗེ་ཡིས་”རླངས་འཁོར་ཞིག་ཐོད་ཐུག་བརྒྱབས་སོང་། ད་དུང་སྣ་ལམ་དུའང་གཞོབ་དྲི་འདྲ་ཞིག་བྲོ་གི་འདུག་”གསུངས་ནས། ལྒང་འགྲིལ་རྣམས་འདུག་བཅུགས་ཏེ་བསྒུགས་པར། རླངས་འཁོར་བཅུ་ཁ་ཞིག་ཐོན་ནའང་སྐྱོན་མི་འདུག དེ་ནས་ཡང་ཅུང་ཙམ་བསྒུགས་པར་སྤྲུལ་སྐུ་ངག་དབང་བློ་གྲོས་ཀྱི་རླངས་འཁོར་ལ་གནད་དོན་བྱུང་བ་ཚོར་བས། དེར་ཡོད་ཀུན་གྱིས་”མངོན་མཁྱེན་ལ་འཁྲུལ་བ་མི་འདུག་”ཅེས་གླེང་ཞིང་ངོ་མཚར་བའི་གཏམ་གྱི་བྱུང་བ་ཞིག་ང་ཚོའི་བསྒོ་སྐལ་དུ་གྱུར་ཏོ། །
མཛད་བསྡུས་འདི་དག་ལ་དཔགས་ནས་ཆོས་དང་བླ་མའི་བྱིན་རླབས་སྙིང་ལ་ཞུགས་ན་དཀོན་མཆོག་བདེན་པའི་བྱིན་རླབས་མངོན་སུམ་དུ་མཐོང་བར་ཡིད་ཆེས་བྱར་རིགས་སོ། །
གཞན་ཡང་། སྐོར་མང་ཞིག་ཏུ་ཚོགས་ལས་བདུད་རྩི་བབས་པ། ཕྱི་མཐའ་གཟིགས་པའི་ལུང་བསྟན་བསྩལ་པ་ཇི་བཞིན་དུ་དོན་ཁེལ་བྱུང་བ། གནམ་མཚོ་བརྩོན་འགྲུས་ཚང་ལ་བསྟན་པའི་གྲུབ་རྟགས། གཡུ་ལྷ་ཚང་ལ་བསྟན་པའི་གྲུབ་རྟགས། ཆོས་རྗེ་མཆོག་དང་མཉམ་དུ་མི་ཉག་གོ་བོ་ལྷ་རྩེར་ཕེབས་སྐབས་ལྷ་བཟོ་དཔལ་ལྡན་ནོར་བུའི་ལྷམ་གྱིས་ཞབས་རྗེས་བཞག་པ། མཚོན་སྲུང་གིས་དགྲ་བགེགས་ཀྱི་འཚེ་བ་དངོས་སུ་བཟློགས་པ་སོགས་ཡ་མཚན་གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་ཕྱི་རབས་དད་པའི་རྟེན་དུ་གནང་བ་ཤིན་ཏུ་མོད་ཀྱང་འདིར་དེ་ཙམ་བྱའོ། །འདི་རིགས་ཞིབ་པར་ཤེས་འདོད་ན་ཁོ་བོའི་ཉིན་རེའི་ཟིན་ཐོར་གསལ་ལོ། །
ཕྱི་ལོ་2011.12 བོད་རབ་གནས་ལྕགས་ཡོས་དགུན་གྱི་ཟླ་བར་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས་ཕྱག་ཐེལ་གནང་བ་དཔར་བཏབ་པ་དེར། དཔལ་གསང་བདག་ཕྱག་ན་རྡོ་རྗེ་ཧ་ཅང་གསལ་བོར་དོད་ཡོད་པ་དྲྭ་ལམ་སོགས་ན་ཁྱབ་གདལ་དུ་འགྲོ་བཞིན་པ་ཀུན་གྱིས་མཁྱེན་གསལ་ཡིན་པ་སོགས་སྔ་ཕྱིར་ངོ་མཚར་བའི་མཛད་པ་ཤིན་ཏུ་མང་ཡང་རེ་ཞིག་ཡི་གེར་འཇིགས་ནས་བཞག་གོ། །
ཁོ་བོས་གྲུབ་རྗེ་ལྔ་བ་རིན་པོ་ཆེའི་རྣམ་བསྡུས་ཤིག་འབྲི་འདུན་གྱིས་སྤྲུལ་སྐུ་ཨུ་པོ་ལ་དྲི་བ་ཁ་ཤས་ཞུས་པ་ཡིན། ཁོང་གིས་གསུངས་ན་”སྔོན་ཆད་བྱིས་པའི་དུས་ནས་ཕལ་བའི་བློ་ཡུལ་ལས་འདས་པའི་མཛད་པའང་མང་ཙམ་གནང་མཁན་ཞིག་ཡིན་ཅིང་། ད་ལྟ་དེ་དག་འདི་རེད་དེ་རེད་ཅེས་བཤད་རྒྱུ་གསལ་བོ་ཞིག་མེད། རྒྱུ་མཚན་མཛད་པ་ཁ་ཤས་ནི་དེ་དུས་བལྟས་ན་འདི་གྲུབ་རྟགས་ཤིག་མིན་ན་ཅི་ཡིན་སྙམ་པའང་ཕྱིས་སུ་གང་ཡིན་ཡིན་གྱིས་བྱེད་ཐུབ་པའང་སྣང་རྒྱུ་འདུག ཡང་འགའ་རེ་ནི་དེ་དུས་མཉམ་འཇོག་མ་བྱས་ཀྱང་རྗེས་སུ་ཧ་ལས་དགོས་པ་ལྟ་བུར་སྣང་བ་མི་ཉུང་བ་ཞིག་ཀྱང་མཐོང་སོང་། གང་ལྟར་སྔོན་ཆོས་རྗེ་བླ་མས་དང་། ཕྱིས་སུ་རྡོ་གྲུབ་ཆེན་རིན་པོ་ཆེས་ཐུགས་བརྩེ་ཟབ་ཅིང་གཟིགས་མཐོང་ཆེ་བ་དེ་ཚོར་བལྟས་ན། ཅིག་ཧ་ལས་དགོས་པ་ལྟ་བུ་ཞིག་དང་། ཁོང་ཉིད་ཀྱིས་ཀྱང་སྤྱོད་ལམ་ཀུན་ཏུ་བླ་མའི་བཀའ་བརྩི་ཐུགས་ལོན་ལ་འབད་ཅིང་། བདོག་པ་གང་ཞིག་ཡིན་ཡང་བླ་མར་འབུལ་བ་ལ་དགའ་སྣང་ལས་འབྱུང་མི་སྲིད་པ་འདི་ཚོ་ང་རང་གིས་བལྟས་ན་ཅིག་བཤད་རིན་ཡོད་པ་ཞིག་ཏུ་བརྩིས་ཡོད་”གསུངས།
གཞན་རྨོག་གསར་སྤྲུལ་སྐུ་སོགས་རྡོ་རྗེའི་མཆེད་པོ་མི་ཉུང་བ་ཞིག་གིས་”གྲུབ་རྗེ་ཁོང་ལ་བླ་མའི་རྣམ་ཐར་གྱི་ཕྱོགས་ནས་ང་ཚོས་གླེང་དགོས་ན་ཅུང་སྤྱོད་ཡུལ་དུ་གྱུར་ཟེར་བའང་ཁག་པོ་འདུག་སྟེ། ཁོང་མི་སེར་དཀྱུས་མ་ཞིག་གི་ཚད་ནས་བདེན་པ་བདེན་དྲང་གིས་སྨྲས་ན། རྟག་ཏུ་གཞན་དོན་ཁུར་ཁྱེར་གྱི་མཛད་རྣམ་སྐྱོང་ཞིང་། ངན་སྨྲས་སྒྲོ་སྐུར་ཅི་འདྲ་ཞིག་བྱས་ཀྱང་ཕྱི་ཕྱིར་དེ་ལ་ཐུགས་བརྩེ་གནང་བས་ཁོག་ཡངས་པ། ཚུགས་ཐུབ་ཅིང་རང་གི་མཚན་སྙན་གྱི་ཆེད་དུ་མི་དམངས་སྡུག་ལ་མི་སྦྱོར་བ། གཞན་དག་གིས་མྱི་ཆེན་ཚོའི་ངོ་ལ་ཇི་ལྟར་ལྡག་པ་ལྟར་དམ་པ་འདིས་ཁས་དམན་དང་ཉམ་ཆུང་གི་ངོ་ལོན་ལོན་དང་། གཙིགས་ཆེ་ཆེ་མཛད་པ་སོགས་ཀྱི་བྱུང་བ་བྲིས་ན་ཕལ་བས་རྨི་ལམ་དུ་འོང་བའང་དཀའ་མོ་འདུག་”ཅེས་ཞལ་ཏ་སློབ་སྟོན་གནང་འདུག འོན་ཀྱང་ཁོ་བོའི་རྩོམ་རྩལ་དང་ཤེས་འཇོན་གང་ཐད་ནས་སོ་སོའི་མོས་པ་དང་འཚམས་པ་ཞིག་འོང་ཐབས་དཀའ་བས། ཕྲན་གྱིས་ཁ་ཕྱོགས་འདི་འདྲ་ཞིག་བདམས་བཀོད་བྱས་པ་ལགས།
ཞེས་ཟུར་གསལ་དུ་བྲིས་པའི་༧གྲུབ་རྗེ་ལྔ་བ་རིན་པོ་ཆེའི་ངོ་མཚར་བའི་མཛད་རྣམ་ཁག་གཅིག་གོ་བདེའི་ངག་གིས་རྣམ་པར་བསྡུས་པ་འདིར་ཡི་གེ་མང་གིས་དོགས་ཤིང་། ལྷག་ཏུ་སྐྱབས་རྗེ་རིན་པོ་ཆེ་ཁོང་འདི་རིགས་ཁྱབ་བསྒྲགས་ཀྱིས་བསྟོད་ཁུལ་རྩོམ་པ་དག་ལ་ཐུགས་ཡོང་ཡེ་མི་དགྱེས་ཤིང་། རྟག་ཏུ་”སྒྲུབ་རྒྱུད་གོང་མའི་རྣམ་ཐར་ལས་གཞན་ཞིག་མིག་དཔེ་དང་། ཉམས་ལེན་དུ་མི་དགོས་”ཞེས་ལན་གཅིག་མིན་པར་གསུངས་པས་ཁོ་བོ་ཅག་གིས་ན་ལོར་བྲིས་པ་དེར་འདི་རིགས་འབྲི་འགོད་མ་བྱས་ནའང་། ཕྱིས་སུ་རང་དགོན་གྱི་བླ་གྲྭ་རྒན་གཞོན། མི་སེར་གང་མང་གིས་”སྤྲུལ་སྐུའི་རྣམ་ཐར་འདི་འདྲ་དང་དེ་འདྲའི་རིགས་གཅིག་ཀྱང་མ་བཀོད་པ་ཅི་ཡིན། མ་འོངས་པར་ཅིས་ཀྱང་རྩོམ་འབྲི་བྱེད་རོགས་”ཞེས་བསྐུལ་དྲགས་པས། ཇི་སྐད་དུ། “ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར། །ཝ་མི་བརྒྱལ་ཀ་མེད་ལྷ་འདྲེས་འགྲམ་ལྕག །”ཟེར་བ་ལྟར་འདིར་མཚོན་ཙམ་ཟུར་གསལ་དུ་ཞུས་པ་
ནང་གི་སེམས་རྒྱུད་འདུལ་བའི་བླ་མ་འམ་སྤྲུལ་སྐུ་ནི་དངོས་གནས་ཡ་མཚན་དང་ལྡན་པར་མཐོང་དགོས་པ་ལས། མིག་ལམ་དུ་སྣང་བའི་སྤྲུལ་རྟགས་སྟོན་མཁན་ནི་ནུབ་ཕྱོགས་ཡུལ་གྲུ་ཀུན་ན་སྤྲུལ་སྐུ་མ་ཡིན་པ། ཁྲི་ལ་མ་བཞུགས་པ་མང་པོ་ཡོད་རེད། དེ་ལ་ཧང་སང་དགོས་དོན་ཡོད་པ་མ་བསམ།
སྐུ་བསྟོད་གསུང་བསྟོད་ཐུགས་བསྟོད་རིང་དྲགས་ནས་ཀློག་ཁོམས་མ་བྱུང་གང་ལྟར་དུས་རབས་ཉེར་གཅིག་པ་འདིར་སྤྲུལ་སྐུ་སྤང་ལ་ཤ་མོང་བརྡོལ་བ་བཞིན་དུ་གང་སར་ཁྱབ་ཡོད། དེ་ཡིན་དུས་སྤྲུལ་སྐུས་དྲན་དགོས་པ་སྔར་གྱི་ཀ་ཁ་ག་ང་མི་དྲན་པར་མི་དགགོས་པའི་དབྱུག་གོག་དང་འཕྲེང་གོག་དྷར་གོག་དྲན་ཚུལ་འདི་ཚོ་ཡག་རྟགས་མ་རེད། དེ་ཚོ་ཡང་དྲན་མ་དྲན་ཅི་ཤེས་དང་པོ་རང་ནས་འདི་དང་འདི་ཞེས་བདམ་དགོས་པའི་བསླབ་བྱ་བྱས་ཟིན་དུས་ཧ་ལས་རྒྱུ་མི་འདུག ད་ནི་སྤྲུལ་སྐུའི་ཡོན་ཏན་ཤོད་པའི་སྐབས་མ་ཡིན་ཞིང་སྤྲུལ་སྐུ་འགོག་པའི་དུས་ལ་བབས་ཡོད།
ཆ་ཚང་ཞིག་བཀླགས་པ་ཡིན། དངོས་གནས་ཡ་མཚན་ཆེན་པོ་མཐོང་སོང་། སྐུ་ཚེ་ཡུན་དུ་གནས་ནས་སེམས་ཅན་གྱི་དོན་ངལ་བ་མེད་པར་མཛད་པར་ཤོག གཞན་དྲི་བ་ཞིག་ཡོད། འབྲས་ལྗོངས་ན་བཞུགས་ཡོད་པ་དེ་རྡོ་གྲུབ་ཆེན་གྱི་སྤྲུལ་སྐུ་མ་ཡིན་ནམ། ཡང་ན་སྤྲུལ་སྐུ་གཉིས་བྱུང་བ་ཡིན།།
རྫུན་མ་ཤ་སྟག་བྲིས་ནས་ཆོས་ཟོག་པོར་བཏང་འདུག དད་པ་ལྟ་ཅི་དོགས་པ་རྒྱ་མིའི་མི་འབོར་ནང་བཞིན་བསླེབས་སོང་། ཁྱོེད་ཀྱི་དམིགས་ཡུལ་དེ་སྤྲུལ་སྐུ་དེ་ལ་དད་པ་སྐྱེ་ཆེད་ཡིན་ན་དེ་ལས་ལྡོག་པའི་ཚོར་བ་ཤར་བྱུང་།
འདི་བཀླགས་པའི་འབྲས་བུ་དེ། ཡ་ད་ཡང་འདིར་བླུ་བྲིད་ཀྱི་སྟོན་མོ་ཆེན་པོ་ཞིག་བཤམས་འདུག་སྙམ་པའི་ཚོར་བ་བསླེབས།
རྫ་དཔལ་སྤྲུལ་གྱི་སྤྱོད་པ་དེ་ཚོ་ངོ་མ་ངོ་མཚར་ཆེ། བླ་མ་འདི་པ་ངོ་མ་དཀོན།
དད་ལོག་ཅན་འདི་ཚོའི་མིག་ལམ་དུ་འདི་འདྲ་སྤེལ་ན་རིན་ཆེན་ནོར་བུ་མི་གཙང་ཁྲོད་དུ་གཡུག་པ་དང་མཚུངས། བོད་ཀྱི་གཏམ་དཔེར། བླ་མས་རྟགས་མི་འདོད་ཀྱང་། རྟགས་གྱིས་བླ་མ་འདོད་ཟེར་བ་གོ་མ་མྱོང་ངམ། སྔོན་ཆད་བོད་ཀྱི་བླ་མ་གྲུབ་ཐོབ་ཚོ་རྒྱ་ཡུལ་དང་སོག་པོ་རུ་ཕེབས་ནས་འདི་འདྲའི་རྟགས་མང་བོ་བཞག་ནས་གཞན་དད་པ་སྐྱེས་སུ་བཅུགས་པ་རེད། དེང་དུས་རྒྱ་ཡུལ་དུ་བོད་བླ་ཐབས་ཆག་ཚོར་གདུལ་བྱ་ག་འདྲ་འདུག དེ་ནི་འདི་འདྲའི་སྐྱེས་ཆེན་དམ་པ་རེས་གཉིས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། གྲུབ་རྟགས་ཡོད་མཁན་ཚོས་ངེས་པར་དུ་བསྟན་དགོས་པ་རེད། རང་ཉིད་ཀྱིས་མ་འཇོན་པ་དང་བྱེད་མ་ཐུབ་པ་ཞིག་གཞན་གྱིས་ཀྱང་བྱེད་མི་ཐུབ་སྙམ་པ་ནི་ང་རྒྱལ་ཁོ་ན་ཡིན་ནོ། ཕྲན་ནི་འདི་འདྲའི་རིགས་ལ་ཡིད་ཆེ་གཙང་མ་ཡོད། གང་ཡང་ཡིན་ཞེ་ན་ངེད་ཀྱི་མིག་ལམ་དུའང་འདི་འདྲའི་རིགས་དངོས་སུ་གྲངས་མེད་པ་ཞིག་བྱུང་མྱོང་། རྟོགས་པ་དང་རྟོགས་པའི་ཡོན་ཏན་ནི་བློ་དམན་ཚོའི་བློ་ཡུལ་དུ་མི་ཤོང་བ་ཡོད་པ་རེད་ད། དམ་ཉམས་ཚོ་དེ་ཤེས་པར་གྱིས།།
རྟ་བདུན་དབང་བོའི་མཆན་ལ་དངོས་གནས་ཡིད་ཆེས་ཡོད། ལྷག་པར་ཏུ་ཉིད་ཀྱིས་༼རྟོགས་པ་དང་རྟོགས་པའི་ཡོན་ཏན་ནི་བློ་དམན་ཚོའི་བློ་ཡུལ་དུ་མི་ཤོང་བ་ཡོད་པ་རེད་ད། དམ་ཉམས་ཚོ་དེ་ཤེས་པར་གྱིས།།༽གསུང་བ་ལ་ཡིད་ཆེས་དམ་པོར་ཡོད། ཐུགས་རྗེ་ཆེ་ཞུ།
རྡོ་གྲུབ་རིན་པོ་ཆེ་འབྲས་ལྗོངས་སུ་སྐུ་གསོན་པོ་བཞུགས་བཞིན་བདུད་འདྲེ་ཞིག་དེར་རྫུ་བ་མིན་འགྲོ།
ཤིན་ཏུ་གལ་ཆེན་པོ་ཞིག་ལ་དེང་དུས་སྤྲུལ་རྫུན་འགའ་རེ་བཞིན་དུ་གཞན་ལ་བདུད་འདྲེ་ཟེར་བ་དང་། དམེ་གྱོན་དགྲ་འཁོན་འཛིན་མི་དགོས་པར་ཐུགས་རྒྱུད་གཅིག་པའི་རྣམ་སྤྲུལ་མཁྱེན་བརྩེ་རྣམ་ལྔ་དང་རྡོ་གྲུབ་རྣམ་གསུམ་དང། གཏེར་སྟོན་བསོ་རྒྱལ་རྣམ་གཉིས་ལྟ་བུ་ནི་གཅིག་གྲོགས་གཅིག་དང་། གཅིག་གིས་གཅིག་ལ་བརྩེ་གདུང་དང་དད་གུས་བརྩི་བཀུར་ནང་མཐུན་ཆོས་བརྒྱུད་དེ་ལ་ཕན་པའི་བསྟན་འགྲོར་སྨན་པ་དག་ནི་སྙིགས་དུས་སུ་ཡར་དཔེ་ཆོས་དང་་མཐུན་པ་རུ་མཐོང་ངོ་།།
དེང་སང་བླ་མ་མང་ནེ་རེད། སྒོར་མོ་མང་ནེ་རེད། རྫུ་འཕྲུལ་སྟོན་མི་དགོས། མཇེ་མཁྲེགས་པོ་ཞིག་དང་གདོག་ཅུང་ལེགས་ཙམ་ཡོད་ན། སློབ་མ་ཡོད་ཡོད་པ་རེད། གཙོ་རྒྱོ་ཡག་པོ་རྒྱག་ཐུབ་ན། བསྟན་དོན་འདི་རེད། དཔེར་ན། རྒྱ་མོ་དེ་ཚོ་ཨ་རིར་ཡོང་ནས་ཕར་ལོག་དུས། བླ་མ་ལ་འབུལ་ཆེད་ལག་སྐྱེས་གཙོ་བོ་གཅིག་ཨ་རིའི་རྒྱོ་སྨན་བྷ་ཡར་སྒ་རག་ཟེར་བ་འདི་རེད། མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཡིན།
ཉ་ཉོག་འདི་འདྲ་ལ་མཐོམས་གི་མ་རེད་ལོའོ
དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་ཚང་མ་འདི་འདྲའི་རིགས་མང་བོ་ཡོད་འདུག འོན་ཀྱང་ལྕགས་ལ་མདུད་པ་དར་ལྟར་བཏབ་པ་དང་རྡོ་གཟན་ལྟར་རྫིས་པ་སོགས་ཁ་ཅིག་ནི་རྫས་སྔགས་ལ་བརྟེན་ནས་ཡོད་པ་གསལ་པོ་རེད། རྫས་སྔགས་ལ་བརྟེན་ནས་མར་རིལ་ཆུ་ཁོལ་དང་མེ་ནང་དུ་འཕངས་ཀྱང་མི་ཞུས་པ་སོགས་ནི་འདུག གོང་གི་རྡོ་གྲུབ་གྱིས་བསྟན་པའི་གྲུབ་རྟགས་རྣམས་ནི་ཡང་དག་ཡིན་ས་རེད་སྙམ་པ་ཞིག་བྱུང་སོང་། ངོ་མཚར་ཆེ། །