འཇིགས་མེད་བློ་གྲོས།
ཐེངས་འདིའི་སྲིད་སྐྱོང་འོས་བསྡུའི་ཁྲོད་སྐུ་ཞབས་སྤེན་པ་ཚེ་རིང་དང་སྐུ་ཞབས་སྐལ་བཟང་རྡོ་རྗེ་རྣམ་གཉིས་ལ། སྲིད་སྐྱོང་སྔོན་འགྲོ་འོས་ཤོག་མཐོ་ཤོས་དེ་ཐོབ་ཡོད། སྲིད་སྐྱོང་གི་རྐུབ་སྟེགས་དེ་ཧ་ལམ་ཁོང་རྣམ་གཉིས་ཀྱི་ནང་གི་གཅིག་ལ་ཐོབ་ངེས་ཡིན།
སྲིད་སྐྱོང་གི་འོས་མི་ཁོང་རྣམ་གཉིས་རྒྱ་གར་ནས་འཚར་ལོངས་བྱུང་ཞིང་། ལོ་ཚད་ཀྱང་ཧ་ལམ་གཅིག་པ་ཡིན་ལ། དེང་དུས་ཀྱི་ཤེས་ཡོན་ཡང་འདྲ་མཉམ་ཡིན་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་གནད་ཡོད་ཀྱི་ལས་གནས་ཀྱང་ཧ་ལམ་གཅིག་མཚུངས་སུ་འཁུར་མྱོང་ཡོད། དེ་བཞིན་ཏུ། ཆབ་སྲིད་ལྟ་གྲུབ་ལ་མཚོན་ནའང་གཉིས་ཀས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། དེ་བས་སུ་ཞིག་ང་ཚོའི་སྲིད་སྐྱོང་ལ་འདེམས་དགོས་པ་ཧ་ཅང་དཀའ་མོ་ཞིག་ཏུ་ཆགས་ཡོད།
ཡིན་ནའང་། ཁོང་གཉིས་ཀྱི་འདས་ཟིན་པའི་ལས་དོན་ཅི་བྱས་ལ་ང་ཚོས་ཞིབ་བལྟ་ཞིག་བྱས་ན། གཞི་ནས་ང་ཚོས་ཁོང་རྣམ་གཉིས་མི་ག་འདྲ་ཞིག་ཡིན་པ་ཅུང་ཟད་ཤེས་རྟོགས་ཐུབ་སྙམ་ལ། དེ་ལས་ང་ཚོས་མི་སུ་ཞིག་ལ་ཡིད་ཆེས་བློ་འགེལ་དང་གདམས་ཀ་གསལ་བོ་ཞིག་ཤེས་ཐུབ་སྙམ།
དེ་ལ་ང་ཚོས་འདས་པའི་ལོ་ཁ་ཤས་ནང་ཨ་རིའི་དོན་གཅོད་ལས་ཁུངས་སུ་བྱུང་བའི་དོན་རྐྱེན་ཁ་ཤས་ལ་གཅིག་བལྟས་ན། ཁོང་རྣམ་གཉིས་ཀྱི་མི་གཤིས་དང་ལྟ་གྲུབ་སོགས་ལ་དབྱེ་འབྱེད་བྱེད་ཐུབ། དེ་ནི་ཡོངས་གྲགས་སུ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ། ༧རྒྱལ་བོ་རིན་པོ་ཆེའི་སྐུ་པར། དོལ་རྒྱལ་རྗེས་འབྲས་པའི་འཇབ་རྒོལ། དོན་གཅོད་གནས་དབྱུང་བཏང་བ་བཅས་རེད། འདི་དག་ཚང་མ་སྲིད་སྐྱོང་གི་འོས་མི་ཁོང་རྣམ་གཉིས་དང་འབྲེལ་བ་ཡོད་པའི་གནད་དོན་རྐྱང་རྐྱང་ཡིན།
དོན་གཅོད་གནས་སྤོ།
སྤྱིར་བཙན་བྱོལ་བོད་མིའི་དོན་གཅོད་ལས་ཁུངས་ཁག་ནི་བོད་མིའི་སྒྲིགས་འཛུགས་ཀྱི་གཞུང་ཚབ་དང་། སྐུ་ཚབ་ཡིན་ལ། དོན་གཅོད་ཁག་གི་ལས་དོན་བྱེད་ཕྱོགས་ནི་ས་གནས་དེར་ཡོད་པའི་བོད་མིའི་བདེ་སྡུག་ལྟ་སྐྱོང་བྱེད་མཁན་ཡིན། དེ་བས་བོད་མི་གང་དུ་ཡོད་ན་དོན་གཅོད་ལས་ཁུངས་ཀྱང་དེར་བཙུགས་ཏེ། བོད་མིའི་བདེ་སྡུག་ལྟ་སྐྱོང་བྱེད་རྒྱུ་ནི་དོན་གཅོད་ལས་ཁུངས་ཀྱི་འགན་གཙོ་བོ་དེ་ཡིན།
ཨ་རི་དོན་གཅོད་ལས་ཁུངས་ནི་སྤྱི་ལོ ༡༩༧༩ ལོར་ནེའུ་ཡོག་ཏུ་གསར་འཛུགས་བྱས་ཤིང་། གཞུང་ལས་ཁང་ཐོག་བརྩེགས་གསུམ་ཅན་ཞིག་ཀྱང་ཉོས་ཟིན་པ་རེད། ནེའུ་ཡོག་ས་གནས་སུ་བོད་པ་ཁྲི་གཅིག་ཙམ་ཡོད་པས་ཨ་རིའི་ནང་གི་བོད་པའི་སྤྱི་ཚོགས་ཆེ་ཤོས་དེ་ཆགས་ཡོད་པ་དང་། སྐུ་ཚབ་དོན་གཅོད་ཀྱི་ལས་དོན་བྱེད་ཡུལ་ཆེ་ཤོས་དེ་རང་བཞིན་གྱིས་གནས་དེར་ཆགས་ཡོད།
རེད་དེ་སྤྱི་ལོ༢༠༡༤ ལོར་སྐལ་བཟང་རྡོ་རྗེ་དོན་གཅོད་ལ་བསྐོ་བཞག་གནང་བའི་ལོ་གཅིག་གི་རྗེས། ལོ་ངོ་སུམ་ཅུའི་རིང་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་དོན་གཅོད་ཁང་སྒོ་བརྒྱབ་དེ། ཨ་རིའི་རྒྱལ་ས་ཝ་ཤིན་ཏྲོན་དུ་ཨ་སྒོར་ས་ཡ ༣ གྱི་ཁང་པ་ཞིག་ཉོས་ཏེ་ཝ་ཤིན་ཏྲོན་དུ་སྤོས་བ་རེད། སྐབས་དེ་དུས་དོན་གཅོད་ཀྱི་ཁང་པ་ཉོ་བྱེད་དུ། བོད་ཀྱི་ཐེབས་རྩ་ཚོགས་པ་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནས་ཚུལ་དེ་བྱུང་ཡོད། མ་གཞི་ནས་ཝ་ཤིན་ཏྲོན་དུ་སྤྱི་ལོ ༡༩༨༨ ལོར་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེའི་དབུ་ཁྲིད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཡོད་པ་དང་། ལས་ཁུངས་འདི་ནི༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་མཚན་ཐོག་ནས་བཙུགས་པའི་བོད་ཀྱི་སྐུ་ཚབ་ལས་ཁུངས་ཤིག་ཡིན། སྐུ་ཚབ་ལས་ཁུངས་འདིས་ལོ་ངོ་ ༢༦ རིང་ལ་བོད་དོན་ཞུ་གཏུག་ལ་སོགས་པའི་བོད་སྤྱི་བའི་ལས་དོན་སྒྲུབ་དང་འགྲུབ་བཞིན་ཡོད་པ་བཞིན། དེ་བས་གནས་འདི་ལ་བོད་ཀྱི་སྐུ་ཚབ་དོན་གཅོད་གཉིས་པ་ཞིག་དགོས་དོན་མེད། དེ་བཞིན་ཏུ་ཝ་ཤིན་ཏྲོན་དུ་བོད་པ་བརྒྱ་ཕྲག་ལྷག་ལས་མེད་པས་དོན་གཅོད་ཁང་གཉིས་དེ་བས་ཀྱང་དགོས་དོན་མེད། རེད་དེ་བུ་ལོན་གཡར་བསྐྱི་བྱས་ཏེ་སྤོ་འཛུགས་བྱས་པའི་དོན་གཅོད་ལས་ཁུངས་འདིས་གཅིག་ནས་རྒྱལ་སྤྱིའི་བོད་དོན་ལས་དོན་ཁང་གི་ལས་དོན་བྱེད་ཕྱོགས་ལ་འཚང་ཁ་དང་། གཉིས་ནས་ནེའུ་ཡོག་མངའ་ཁུལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཀྱི་བདེ་སྡུག་ལ་འགན་མ་འཁུར་བ། གསུམ་ནས་སྤྱི་བའི་རྒྱུ་རྫས་སྒེར་ངོས་ནས་གང་བྱུང་དུ་སྤྱད་པའི་གནད་དོན་ཞིག་བཟོ་མི་དགོས་བཞིན་ཏུ་བཟོ་དགོས་བ་བྱུང་པ་རེད། བྱེད་སྟངས་འདིའི་བརྒྱུད་རིམ་ནི་སྐབས་དེའི་དོན་གཅོད་སྐུ་ཞབས་སྐལ་བཟང་རྡོ་རྗེ་ལས་བྱུང་བ་ཞིག་ཡིན།
ས་ཡ་གཅིག་དང་ཕྱེད་ཀ
སྐད་གྲགས་ཅན་གྱི་ས་ཡ་གཅིག་དང་ཕྱེད་ཀའི་བུ་ལོན་དེ་ནི། བོད་ཀྱི་ཐེབས་རྩའི་འགན་འཛིན་གྱིས་ཆ་རྐྱེན་ཞིག་གཞི་རྩར་བཞག་སྟེ་དོན་གཅོད་ལས་ཁུངས་ལ་ཞལ་འདེབས་སུ་ཕུལ་བ་ཞིག་ཡིན། མ་གཞི་ནས་དོན་གཅོད་ལས་ཁུངས་ཁག་གི་དོན་གཅོད་རྣམས་ལས་ཁུངས་ནས་འཁྱུར་ཚར་རྗེས། ༧གོང་ས་མཆོག་དང་། བོད་ཀྱི་ཐེབས་རྩའི་ལས་ཁུངས་ཤིག་ལ་བདག་པོ་བརྒྱབ་སྟེ་མི་ཚེ་རྫོགས་འགྲོ་བ་འདི། ཨ་རི་གཅིག་པུ་ལ་བྱུང་བ་ཞིག་མིན་པར། འཇའ་པན་དང་། ཡོ་རོབ་སོགས་ལའང་བྱུང་ཡོད། སྐུ་ཞབས་རིན་ཆེན་ཐར་ལོ་དང་། སྐུ་ཞབས་བློ་བཟང་སྙན་གྲགས་སོགས་དོན་གཅོད་ལས་འཁྱུར་བྱས་རྗེས་བོད་ཀྱི་ཐེབས་རྩ་བདག་ཏུ་བཟུང་བ་རེད། ཁོང་ཚོས་བོད་ཀྱི་ཐེབས་རྩ་བདག་ཏུ་བཟུང་བ་དང་མཉམ། ཨ་རིའི་དོན་གཅོད་ལ་སྟངས་འཛིན་བྱེད་སླད་ཨ་སྒོར་ས་ཡ་གཅིག་གི་ལྕགས་ཀྱི་ཨ་ལོང་ཞིག་བསྐོན་ཡོད། དེ་ཡང་བོད་ཀྱི་ཐེབས་རྩའི་ཡིག་ཆའི་ནང་འདི་ལྟར་བཀོད་ཡོད། བོད་ཀྱི་ཐེབས་རྩ་དང་བོད་མིའི་སྒྲིགས་འཛུགས་གཉིས་ཀྱི་འབྲེལ་ལམ་མུ་མཐུད་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ། བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ནས་འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ་ག་བསྒྱུར་ཞུ་པའི་རེ་འདུན་ལ་མུ་མཐུད་བསམ་ཞིབ་ཞུ་ཟིན་པ་བཅས། ཞེས་ཁྱེད་རང་གིས་ང་ལ་ཡག་པ་གནང་ན་ངས་ཁྱེད་ལ་བྱམས་པོ་བྱས་ཡོང་། གལ་སྲིད་ཁྱེད་ཀྱིས་ང་ལ་རྒོལ་ལན་སློག་ཚེ་ངས་ཁྱེད་ལ་འགྲམ་ལྕག་གཞུ་ཡོང་ཞེས་པ་ལས་ཅི་ཡང་མིན། དངོས་གནས་བཤད་ན། ཨ་རིའི་བོད་ཀྱི་ཐེབས་རྩ་དང་། ཨ་རིའི་བོད་ཀྱི་དོན་གཅོད་ལས་ཁུངས་གཉིས་ཀ ༧ གོང་ས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་བཙུགས་ཤིང་། བོད་མིའི་སྒྲིགས་འཛུགས་ཀྱི་ཁྱིམ་ཚང་གཅིག་གི་ལས་ཁུངས་མ་ལག་ཞིག་ཡིན་པས། ཁྱིམ་ཚང་གཅིག་གི་ནང་དུ་དངུལ་བུན་གཏོང་ལེན་དང་། སྒེར་བའི་ངོ་སོ་མཚོན་རྒྱུའི་ལས་ཀ་ཞིག་བྱེད་དུ་མི་འོས་བསམ། དེ་བཞིན་ཏུ་ཨ་རིའི་ཐེབས་རྩའི་ལོ་རེའི་ཡོངས་འབབ་ཨ་སྒོར་ས་ཡ་བཅུ་ཙམ་ཡོད་པ་འདི་དག་ ༧གོང་ས་མཆོག་དང་བོད་མི་དམངས་ཡོངས་ལ་གནང་བ་ཞིག་ལས། ཨ་རིའི་ཐེབས་རྩའི་སྒེར་བས་སྤྱི་རྒྱུ་སྒེར་སྤྱོད་བྱེད་སྤྱད་ཞིག་ག་ལ་ཡིན།
སྤྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༣ པའི་ཚེས་༣༡ ཉིན། སྐུ་ཞབས་སྐལ་བཟར་རྗེ་ཡིས་རང་གི་ཚོགས་པ་གསར་པ། བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་ཚོགས་པ་ཞེས་པ་ཞིག་གི་མིང་ཐོག་ནས། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ཨ་རིའི་བོད་ཀྱི་ཐེབས་རྩ་ནས་བླངས་ཡོད།
མ་གཞི་ནས་ཨ་རིའི་དོན་གཅོད་ལས་ཁུངས་ཤིག་ཡོད་བཞིན་ཏུ། ཚོགས་པ་གཉིས་པ་ཅན་ཞིག་གིས་དོན་གཅོད་ལས་ཁུངས་ཀྱི་ཚབ་བྱས་ཏེ་ལས་དོན་སྒྲུབ་དགོས་དོན་མེད་མོད། སྐུ་ཞབས་སྐལ་རྡོར་ལགས་ཀྱིས་ཐེབས་རྩ་ཁང་གསར་བ་ཞིག་བདག་བཟུང་བྱེད་སྟངས་འདི་ལ་བལྟས་ན། རང་ཉིད་དོན་གཅོད་ཀྱི་ལས་གནས་ནས་འཁྱུར་རྗེས། སྔོན་གྱི་དོན་གཅོད་ཟུར་བ་ཚོ་ནང་བཞིན་ཐེབས་རྩ་ཁང་གསར་བ། བོད་མིའི་སྤྱི་ཚོགས་ཡང་རྒྱས་ཐེབས་རྩ་ཚོགས་པ་བདག་ཏུ་མི་འཛིན་སུས་བཤད་ཐུབ། དེ་ལས་ཀྱང་ཚབ་ཆེ་བ་ཞིག་ནི། བོད་མི་མང་ཆེ་ཤོས་ནེའུ་ཡོག་ཏུ་ཡོད་པས་དོན་གཅོད་ཁང་ལས་ཁུངས་བོད་པ་མང་ས་དེར་ཡོད་ན། མི་དམངས་ལ་ཕན་ཐོགས་ཤིང་གཞུང་དང་མི་དམངས་གཉིས་ཀའི་འབྲེལ་བའང་རང་བཞིན་གྱི་ཡག་པོ་ཡོང་གི་རེད། སྐུ་ཞབས་སྐལ་རྡོར་ཕེབས་རྗེས་དོན་གཅོད་གློ་བུར་དུ་ཝ་ཤིན་ཏྲོན་དུ་སྤོས་པ་འདིས་དོན་གཅོད་ལས་ཁུངས་དེ་བོད་པའི་སྤྱི་ཚོགས་དང་ཐག་ཇེ་རིང་དུ་ཕྱིན་ཡོད།
སྤྱི་ལོ ༢༠༡༦ ལོར་སྐུ་ཞབས་སྤེན་པ་ཚེ་རིང་ལགས་ཨ་རིའི་སྐུ་ཚབ་དོན་གཅོད་ལ་བསྐོ་བཞག་གནང་ཡོད། བོད་མིའི་སྒྲིགས་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གིས། ནམ་རྒྱུན་ནས་ལོ་རེར་བོད་མིིའི་སྒྲིགས་འཛུགས་ཀྱི་ལས་ཁུངས་མ་ལག་ཁག་གི་ལོ་བསྡོམས་རྩིས་ཞིབ་བྱེད་པ་བཞིན། སྤྱི་ལོ༢༠༡༧ ཟླ་ ༣ ཚེས་ ༢༧ ཉིན། བོད་མིའི་སྒྲིགས་འཛུགས་ཀྱི་རྩིས་ཞིབ་པ་ཆེ་བ་ཞིག་ཝ་ཤིན་ཏྲོན་གྱི་ཨ་རི་དོན་ཁང་ལ་ཆེད་བཅར་གྱིས་རྩིས་ཁྲར་ཞིབ་འཇུག་བྱས་ཡོད། དེ་དུས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནས་ཚུལ་དེ་ཐོན་པ་དང་། དེ་དང་མཉམ་དུ། ༢༠༡༦ ཟླ་ ༨ ཚེས་ ༣༠ཉིན་བོད་ཀྱི་ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས་དང་། བཀའ་ཟུར་བློ་བཟང་སྙན་གྲགས་ལགས་རྣམ་གཉིས་དོན་ཁང་དུ་ཕེབས་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཐོག་ནས་བུ་ལོན་གྱི་ངོ་བོ་ཡིན་པས། སྐུ་ཞབས་སྤེན་པ་ཚེ་རིང་གིས་བུ་ལོན་སྐྱིན་ཚབ་ཀྱི་འགན་འཁུར་དགོས་པའི་རྣམ་པ་བསྟན། དེ་འདྲའི་བུ་ལོན་ཞིག་ལྷག་ཡོད་པ་སྐུ་ཞབས་སྐལ་རྡོར་གྱིས་སྐུ་ཞབས་སྤེན་པ་ཚེ་རིང་ལ་བཤད་མེད་པ་དང་། དོན་གཅོད་ལས་ཁུངས་ཀྱི་ཡིག་ཆ་དང་། ལས་ཁུངས་ཀྱི་ཡིག་སྣོད་གང་གི་ནང་དུའང་བཞག་མེད་པས། སྐུ་ཞབས་སྤེན་པ་ཚེ་རིང་ལ་མཚོན་ན། དེ་ནི་གོ་མ་མྱོང་བའི་བུ་ལོན་ཆེན་པོ་ཞིག་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་།
སྤྱི་ལོ་ ༢༠༡༦ ཕྱི་ཟླ་༩ ཉིན་སྐུ་ཞབས་སྤེན་པ་ཚེ་རིང་གིས་མུན་ཁུང་དུ་ལྷག་པའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་གནས་ཚུལ་དེ། བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་སྐྱོང་ལ་འདྲི་སྐབས་། སྐུ་ཞབས་བློ་བཟང་སེང་གེ་ཁོང་ཁྲོ་རབ་ཏུ་འབར་ནས་སྐུ་ཞབས་སྤེན་པ་ཚེ་རིང་དོན་གཅོད་ནས་གནས་དབྱུང་བཏང་བ་རེད། གནས་དབྱུང་བཏང་བའི་ཉེས་སྐྱོན་བཅུ་བགྲང་བའི་ནང་། ཉེས་སྐྱོན་དོན་ཚན་བརྒྱད་པའི་ནང་འདི་ལྟར་བཀོད་ཡོད། ཚོགས་ཕེབས་སྐུ་ཚབ་དོན་གཅོད་ཚང་མའི་མདུན་སྲིད་སྐྱོང་ནས་དངུལ་འབབ་དེ་ཨ་རི་བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་རོགས་དངུལ་ཡིན་པ་ལས་བུ་ལོན་མིན་པའི་གསལ་བཤད་ལམ་སྟོན་ཞིབ་གསལ་གནང་ཡོད་རུང༌། དེར་ཡིད་ཆེས་ཆ་འཇོག་གཏན་ནས་མེད་པར་འདི་ལོ་རྩིས་ཞིབ་སྐབས་འབྲེལ་ཡོད་གོང་རིམ་ཕྱི་དྲིལ་ལས་ཁུངས་དང་བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མ་ཞུས་པར་རྩིས་ཞིབ་པར་གོང་གསལ་དངུལ་འབབ་ཨ་རི་བོད་ཀྱི་ཐེབས་རྩ་ཁང་ལ་བུ་ལོན་སྤྲོད་བསྡད་ཡིན་པ་བཏོན་དགོས་པ་རྩིས་ཞིབ་པར་ནན་བརྗོད་གནང་ཡོད།
གནས་སྟངས་འདི་ལས་ང་ཚོས་གསལ་བོར་ཤེས་པ་ཞིག་ནི། དོན་གཅོད་ལས་ཁུངས་ཀྱི་འགྲོ་གྲོན་ཅི་ཡོད་སྐབས་ཐོག་དོན་གཅོད་རང་ནས་འགན་འཁུར་དགོས་བ་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་ཡིན་དང་། ཡང་ན་ཞལ་འདེབས་ཡིན་པ་གསལ་བོར་བཟོ་རྒྱུ་ནི། ལས་ཐོག་དོན་གཅོད་དེའི་འགན་འཁུར་དུ་རང་བཞིན་དུ་ཆགས་ཡོད། དེ་བཞིན་དུ། དོན་གཅོད་ལས་ཁུངས་ཀྱི་ཡོངས་འབབ་དང་། འགྲོ་གྲོན་གྱི་རྩིབ་ཞིབ་མཐའ་དག་དབུས་བོད་མིའི་སྒྲིགས་འཛུགས་ལ་འབུལ་དགོས་པ་ནི་གཞུང་འབྲེལ་ལས་ཁུངས་ཚང་མའི་འགྲོ་སྟངས་ཤིག་ཡིན། དེ་ལྟར་མ་ཡིན་པར་དངུལ་རྩིས་དེ་དག་སྲིད་སྐྱོང་དང་སྐལ་རྡོར་གཅིག་པུས་ཤེས་དགོས་བ་ལས། གཞན་སུ་གང་གིས་ཀྱང་ཧ་མ་གོ་བར་བྱས་ན། འདི་ལ་སྤྱི་རྒྱུ་སྒེར་བདག་བྱས་པར་འབོད་པ་དང་། སྲིད་སྐྱོང་དང་དོན་གཅོད་སྐལ་རྡོར་གཉིས་ཀས་ཨ་རིའི་དོན་ཁང་གི་འགྲོ་གྲོན་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ དབུས་རྩིས་ཞིབ་ལས་ཁུངས་དང་། སྐབས་ཐོག་དོན་གཅོད་ལའང་ཧ་མ་གོ་བར་བྱེད་པ་འདི་སྤྱི་རྒྱུ་སྒེར་བདག་བྱེད་པ་མིན་ན་ག་རེ་ཡིན།
སྐུ་ཞབས་སྤེན་པ་ཚེ་རིང་གིས་རང་གི་འགན་འཁྲི་འཁྱོལ་བའི་ཆེད་དུ། མུན་ཁུང་ནང་གི་ཨ་སྒོར་དེ་དག་རྩད་གཅོད་བྱེད་སྐབས། སྐུ་ཞབས་སྐལ་རྡོར་གྱིས་ལན་འདེབས་མི་བྱེད་ཅིང་། སྲིད་སྐྱོང་བློ་བཟང་སེང་གེས་སྤེན་པ་ཚེ་རིང་གིས་ཚང་མའི་མདུན་དུ་ང་ལ་མཐོང་ཆུང་བྱས་སོང་ཞེས་བཤད་ནས། སྐུ་ཞབས་སྤེན་པ་ཚེ་རིང་གནས་དབྱུང་བཏང་བའི་ཚུལ་འདིར་བལྟས་ན། སྲིད་སྐྱོང་གིས་རང་གི་ཆེ་མཐོང་ནི་བོད་མིའི་སྒྲིགས་འཛུགས་ཀྱི་དངུལ་རྩིས་ལས་ཀྱང་གལ་ཆེ་བར་བརྩི་བཞིན་ཡོད་པ་མཚོན་ཐུབ་ལ། དོན་གཅོས་ལས་ཁུངས་ཀྱི་དངུལ་གྱི་རྩིས་ཁྲ་གཞན་ལ་ཤེས་སུ་མི་འཇུག་པ་འདིར་བལྟས་ན། ང་ཚོའི་མ་ཤེས་པའི་དངུལ་རྩིས་ཀྱི་གསང་བ་ག་ཚད་ཅིག་སྲིད་སྐྱོང་དང་། སྐུ་ཞབས་སྐལ་རྡོར་གཉིས་ཀས་སྦས་གསང་བྱེད་བཞིན་ཡོད་པ་སུས་ཀྱང་བཤད་མི་ཐུབ།
༧རྒྱལ་བ་རིན་པོ་ཆེའི་སྐུ་པར།
དེང་སང་སྤྱི་ཚོགས་ཐོག་གླེང་སློང་ཆེན་པོ་བྱེད་བཞིན་པའི་ཨ་རིའི་དོན་ཁང་ནང་གི་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་སྟོན་གྱི་གནས་སྟངས་དེ་ནི། སྐལ་རྡོར་དོན་གཅོད་ཡིན་པའི་སྐབས་སུ་བྱུང་བ་ཞིག་ཡིན། ཨ་རིའི་དོན་གཅོད་ཀྱི་ཁང་བརྩེགས་གསར་པ་ཉོས་མ་ཐག དོན་གཅོད་སྐལ་རྡོར་གྱིས། སྲིད་སྐྱོང་བློ་བཟང་སེང་གེའི་འདྲ་པར་ཞིག་མི་ཚང་མའི་མཐོང་ཡུལ་དུ་ཡོད་པའི་རྩིགས་ངོས་སུ་བཀལ་ཞིང་། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཆུང་བ་ཞིག་མི་མང་གི་མཐོང་སྣང་ཆེར་མེད་ས་ཞིག་ཏུ་བཤམས། དེ་ལྟར་བྱས་པ་ཁོང་གིས་བཤད་རྒྱུར ༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་གནང་ཚར་ཞིང་། ཆབ་སྲིད་ཀྱི་དབུ་ཁྲིད་སྲིད་སྐྱོང་ཡིན་ཙང་དེ་ལྟར་བྱས་པ་ཡིན་ལ། འཇའ་པན་དང་ཡོ་རོབ་སོགས་ཀྱི་བོད་ཀྱི་དོན་གཅོད་ཁང་དུའང་དེ་ལྟར་བྱེད་ལུགས་ཡོད་པར་སྨོས། སྲིད་སྐྱོང་བློ་སེང་གིས་སྐུ་ཞབས་སྐལ་རྡོར་ལ་རྒྱབ་སྐྱོར་དང་དག་འབུད་བྱེད་སླད་ ༧རྒྱལ་བའི་སྐུ་པར་མར་བླངས་ཤིང་། སྲིད་སྐྱོང་གི་སྐུ་པར་ཡར་བཀལ་བ་བྱས་མེད་ཚུལ་ཞེས། སྐུ་པར་གྱི་རྩ་ཆེ་ཆུང་གི་ཁ་ཕྱོགས་དེ་སྐུ་པར་བརྗེ་བོ་བརྒྱབ་པའི་ཕྱོགས་སུ་གཡོལ་རྩིས་བྱེད་བཞིན་ཡོད་མོད། བོད་མི་རྣམས་ཀྱིས་ཁོང་གཉིས་ཀྱི་བྱས་ཉེས་དག་སེལ་དེར་ཡིད་ཆེས་བློས་འགེལ་བྱེད་ཐུབ་མེད་ལ། ཁས་ལེན་ཡང་བྱེད་མི་སྲིད། རྒྱུ་མཚན་ནི་བོད་མི་ཡོངས་ཀྱི་གོར་གོར་བྱས་ན་དཀྱིལ་ནས་བཞུགས་མཁན་དང་། རིང་རིང་བྱས་ན་འགོ་ནས་བཞུགས་མཁན་དེ། ནམ་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་སུའང་ ༧གོང་ས་མཆོག་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པ་གསལ་བོར་བཀོད་ཡོད།
མ་གཞི་ནས་བོད་མི་དམངས་ཇི་ལྟར་རྨོངས་ཀྱང་། ས་བབ་དང་། མཐོ་དམན། གོ་གནས་ཀྱི་རིན་ཐང་དེ་ག་འདྲ་ཞིག་ཡིན་པ་གསལ་ཐིང་ཐིང་ཤེས་པའི་མི་རིགས་ཤིག་ཡིན།
ཨ་རིའི་དོན་གཅོད་ཐེ་བའི་དོན་གཅོད་ལས་ཁུངས་ཡོངས་ཀྱི་མཚན་གནས་ཁ་བྱང་སོགས་སུའང་། རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དོན་གཅོད་ཅེས་གསལ་བོར་བྲིས་ཡོད་པ་ཞིག་ལས། བློ་བཟང་སེང་གེའི་སྐུ་ཚབ་དོན་གཅོད་ཞེས་བྲིས་མེད་པས་ན། སྐུ་ཞབས་སྐལ་རྡོར་གྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་བཀུར་མི་བྱེད་ཅིང་། རང་གི་ལས་ཁུངས་ཀྱི་མཚན་གནས་ཁ་བྱང་ལའང་བརྩི་མཐོང་མི་བྱེད་པར་འདི་ལྟར་བྱེད་དགོས་དོན་གང་ཡིན་ནམ།
དོལ་རྒྱལ་རྗེས་འབྲང་པའི་འཇབ་རྒོལ།
བར་སྐབས་ཤིག་ནས་དོལ་རྒྱལ་རྗེས་འབྲང་པ་ཁ་ཤས་ནི་སྨྱོ་བཞག་པ་ནང་བཞིན་རེད། བོད་པ་དང་ ༧རྒྱལ་བ་རིན་པོ་ཆེའི་སྒང་ལ་སྨྱོས་བཞག་པ་རེད། སྤྱི་ལོ་ ༡༩༩༧ ལོར་ཤུགས་ལྡན་པས་མཚན་ཉིད་རྒན་ལགས་ཐེ་བའི་དགེ་འདུན་པ་གསུམ། རྒྱལ་བའི་ཕོ་བྲང་དང་རྒྱང་ཐག་གོམ་པ་བརྒྱ་ཕྲག་ལས་མེད་པའི་སར་དམར་གསོད་བཏང་བ་རེད། དོལ་རྒྱལ་རྗེས་འབྲང་པ་དག་གི་ཁོག་ལ་འདྲེ་ཞུགས་ཏེ་གླང་ཆེན་སྨྱོན་པའི་སྤྲུལ་བ་ལངས་ཏེ། ༧གོང་ས་མཆོག་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་ཚང་མས་ཤེས། སྤྱི་ལོ་༢༠༡༤ ལོར། སྐུ་ཞབས་སྐལ་བཟང་རྡོ་རྗེ་ཨ་རིའི་དོན་གཅོད་ཡིན་པའི་སྐབས་སུ། དོལ་རྒྱལ་འབྱུང་བོའི་སྨྱོ་ཆུ་འཐུང་བའི་བུད་མེད་ཞིག་གིས། ༧གོང་ས་མཆོག་གི་མདུན་ཏུ་འཇབ་རྒོལ་བྱས་ཡོད། གནས་སྟངས་དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་དང་། ཡ་ང་བ་ཞིག་ཡིན་ལ། གནས་སྟངས་དེ་ནི་དོན་གཅོད་སྐལ་རྡོར་གྱིས་ ༧རྒྱལ་བའི་སྐུ་ཕྱྭར་འགན་འཁུར་མ་ཐུབ་པའི་བྱས་ཉེས་ཚབ་ཆེན་ཞིག་ཡིན། ཁོང་གི་བྱས་ཉེས་དེ་ནི་བཀའ་ཤག་གིས་སྐུ་ཞབས་སྤེན་པ་ཚེ་རིང་ལ་ཉེས་འཛུགས་བྱས་པའི་ཉེས་འཛུགས་དོན་ཚན་བཞི་བ་ལས་ཀྱང་ཚབ་ཆེ་བ་ཡོད། ཉེས་འཛུགས་དོན་ཚན་བཞི་བའི་ནང་དུ་དོལ་རྒྱལ་རྗེས་འབྲང་བ་དག་གིས་སྤྱི་ལོ ༢༠༡༧ ལོའི་ཟླ༥ བའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ལམ་འགྲམ་དུ་དགའ་བསུ་བྱས་པ་ཞིག་ལས། ༧གོང་ས་སྐྱབས་མགོན་ཆེན་པོའི་གམ་དུ་བཅར་ཏེ་ ༧གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་ཉེན་ཆེ་བའི་ལས་དོན་གང་ཡང་སྤེལ་ཐུབ་མེད། རེད་དེ་གནས་སྟངས་འདི་གཉིས་ལ་བཀའ་ཤག་གི་ཐག་གཅོད་བྱེད་ལུགས་རྦད་དེ་འགོ་མཇུག་ལྡོག་ཡོད། སྐུ་ཞབས་སྐལ་རྡོར་གྱི་སྐབས་སུ་བྱུང་བའི་དོལ་རྒྱལ་བའི་དོན་རྐྱེན་ལ་ཐག་གཅོད་གང་ཡང་མ་བྱས་ཤིང་། སྐུ་ཞབས་སྤེན་པ་ཚེ་རིང་གི་སྐབས་སུ་བྱུང་པའི་དོལ་རྒྱལ་བའི་དོན་རྐྱེན་དེ་ལས་བཀའ་ཤག་ཐུགས་འཚབ་ཡོད་ལུགས་སྨོས་ཏེ། སྐུ་ཞབས་སྤེན་པ་ཚེ་རིང་གནས་དབྱུང་བཏང་བའི་རྒྱུ་རུ་གྱུར་ཡོད།
འདི་ནི་དངོས་གནས་བཤད་ན། དྲང་བདེན་མིན་པའི་སྲིད་དབང་སྒེར་གཅོད་གྱི་གནས་སྟངས་ངོ་མ་དེ་རེད།
མདོར་བསྡུས་ནས་བཤད་ན། ཨ་རིའི་དོན་གཅོད་ཁང་དུ་བྱུང་བའི་དོན་རྐྱེན་འདི་དག་ལས་སྐུ་ཞབས་སྐལ་རྡོར་གྱིས། སྲིད་སྐྱོང་བློ་བཟང་སེང་གེ་དང་མཉམ་དུ་ཨ་རིའི་དོན་གཅོད་ཁང་སྤོ་མི་དགོས་བཞིན་ཏུ་ཝ་ཤིན་ཏྲོན་དུ་སྤོས་ཏེ་བོད་མིའི་སྒྲིགས་འཛུགས་དང་བོད་མིའི་སྤྱི་ཚོགས་གཉིས་ཁ་བྲལ་དུ་བཏང་བ་དང་། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་དོན་རྐྱེན་འདི་ལས་ཁོང་གིས་བོད་མིའི་སྒྲིགས་འཛུགས་ཀྱི་རྩིས་ཞིབ་ལས་ཁུངས་ཀྱི་རྒྱབ་ཏུ། ད་དུང་ཨ་སྒོར་ག་ཚད་ཞིག་གསང་བ་བྱེད་བཞིན་ཡོད་པ་སུས་ཀྱང་ཤེས་རྟོགས་མི་ཐུབ་ལ། སྐུ་ཞབས་སྐལ་བཟང་རྡོ་རྗེ་ལགས་ཀྱིས༧རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྡོག་རོལ་དུ་བཏང་ཞིང་། དོལ་རྒྱལ་རྗེས་འབྲང་པའི་འཇབ་རྒོལ་ལ་གདོང་ལེན་བྱེད་མ་ཐུབ་པར ༧རྒྱལ་བའི་སྐུ་ཕྱྭ་ལ་གནོད་ཉེན་ཚབ་ཆེན་བཟོས་ཡོད་པས། དངོས་གནས་བཀའ་ཤག་ཐུགས་འཚབ་བྱེད་ཡུལ་ནི་སྐུ་ཞབས་སྐལ་བཟང་རྡོ་རྗེ་ཡིན་པ་ལས་སྐུ་ཞབས་སྤེན་པ་ཚེ་རིང་ཡིན་མི་སྲིད། བཙན་བྱོལ་བོད་མིའི་སྒྲིགས་འཛུགས་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་ཀྱང་། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ནི་བཀའ་ཤག་ཐུགས་འཚབ་བྱེད་མི་དགོས་བའི་མི་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་པས། སྐུ་ཞབས་སྤེན་པ་ཚེ་རིང་ལགས་ནི་སྐུ་ཞབས་སྐལ་བཟང་རྡོ་རྗེ་ལགས་དང་བསྡུར་ན། མི་གཤིས་དང་། སྤྱི་སེམས། ཕྱི་གསལ་ནང་གསལ། ནུས་པ་མཉམ་སྤུངས་་བྱེད་མཁན་གྱི་དབུ་ཁྲིད་ཀྱི་ཆ་རྐྱེན་ཡོངས་སུ་ཚང་བའི་འོས་མི་ཞིག་ཡིན་པས་ན། ཐེངས་འདིའི་སྲིད་སྐྱོང་གི་འོས་དེ་ཁོང་ལ་བླུགས་ཐུབ་ན་བོད་སྤྱི་བའི་རྩ་དོན་ལ་སྨན་པ་ཞིག་ཡིན་པ་གསལ་བོ་རེད།