འབྲིང་བ་འཇིགས་མེད།
༄༅།། སྙན་ངག་དང་སྒྲུང་གཏམ་སོགས་སྒྱུ་རྩལ་དང་ལྡན་པའི་རྩོམ་ཡིག་འབྲི་ཐབས་ཀྱི་རིག་པ་ལ་རྩོམ་རིག་ཅེས་འབོད་པ་དང་། སྐབས་རེར་རིག་པ་དེའི་སྒོ་ནས་བྲིས་པའི་བརྩམས་ཆོས་ལའང་རྩོམ་རིག་ཅེས་འབོད། དེ་ལྟ་བུའི་རྩོམ་རིག་དེ་ལ་སྲོལ་རྒྱུན་དང་དེང་རབས་ཀྱི་རྩོམ་རིག་གཉིས་སུ་དབྱེ་སྲོལ་ཡོད་པ་ལྟར། བོད་ཀྱི་རྩོམ་རིག་ལ་དེ་ལྟར་གཉིས་སུ་ཕྱེས་པའི་སྲོལ་རྒྱུན་རྩོམ་རིག་ནི། སྙན་ངག་མེ་ལོང་བོད་དུ་མ་དར་སྔོན་གྱི་གླུ་གཞས་སོགས་ཀྱི་འབྲི་སྲོལ་དང་། སྙན་ངག་མེ་ལོང་བོད་དུ་དར་བའི་རྗེས་ཀྱི་སྙན་རྩོམ་བཅད་ལྷུག་སྤེལ་མ་དང་སྒྲུང་གཏམ་སོགས་ཀྱི་འབྲི་སྲོལ་དེ་དག་ལ་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཏུ་བྱེད།
དེང་རབས་རྩོམ་རིག་ཀྱང་སྲོལ་རྒྱུན་རྩོམ་རིག་གིས་གཞི་བྱས་ནས་དར་བ་ཡིན་པས་དེང་རབས་རྩོམ་རིག་གི་ཁྱད་ཆོས་སུ་བགྲང་བ་མང་པོ་ཞིག་དོན་གྱིས་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་སུ་གྱུར་པའང་ཡོད། དེར་བརྟེན། སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་རྒྱུན་འཛིན་བྱས་ན་གནའ་དེང་གཉིས་ཀའི་རྩོམ་རིག་ལ་ཕན་པར་འགྱུར་བས། རྒྱུན་འཛིན་བྱེད་དགོས་པའི་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་གཙོ་གལ་ཆེ་བ་ཁག་ཅིག་འདིར་མཛུབ་མོ་རི་སྟོན་གྱི་ཚུལ་དུ་མདོ་ཙམ་སྨོས་ན།
དང་པོ། སྲོལ་རྒྱུན་རྩོམ་རིག་གི་རྗོད་སྟངས་སམ་སྒྱུ་རྩལ་མཚོན་ཐབས།
1 རང་བཞིན་བརྗོད་པའམ་དྲང་པོར་བརྗོད་པ་སྟེ། དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས། དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཆུང་གྲོགས་རྗེས་དྲན་སོགས་ཀྱི་རྩོམ་ཐབས་ལྟ་བུ།
2 འཁྱོག་པོར་བརྗོད་པའམ་རྟོག་བཏགས་བརྗོད་པ་སྟེ། འཆར་ཡན་རིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས། དཔེར་ན། ཞང་ཞུང་ཆོས་དབང་གྲགས་པའི་རཱ་མ་ཎའི་རྟོགས་བརྗོད་སོགས་ཀྱི་རྩོམ་ཐབས་ལྟ་བུ།
3 ཚིག་གི་སྙན་ཉམས་གཙོ་བོར་འདོན་ཐབས་སྒྲ་རྒྱན། དཔེར་ན། རྗེ་ཙོང་ཁ་པའི་བློ་སྦྱོང་སྙན་ངག་སྒྲ་རྒྱན་སོགས་ཀྱི་རྩོམ་ཐབས་ལྟ་བུ།
4 དོན་གྱི་མཛེས་ཉམས་གཙོ་བོར་འདོན་ཐབས་དོན་རྒྱན། དཔེར་ན། ཀློང་ཆེན་རབ་འབྱམས་པའི་པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་སོགས་ཀྱི་རྩོམ་ཐབས་ལྟ་བུ།
གཉིས་པ། སྲོལ་རྒྱུན་རྩོམ་རིག་གི་རྩོམ་ཉམས།
1 རྗོད་བྱེད་སྒྲ་ཡི་སྙན་ཉམས། དཔེར་ན། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་སོགས་ཀྱི་རྩོམ་ཉམས་ལྟ་བུ།
2 བརྗོད་བྱ་དོན་གྱི་མཛེས་ཉམས། དཔེར་ན། སྒིས་སྟེང་ཡོངས་འཛིན་གྱི་གསུང་རྟོགས་བརྗོད་གསེར་གྱི་མེ་ཏོག་སོགས་ཀྱི་རྩོམ་ཉམས་ལྟ་བུ།
གསུམ་པ། སྲོལ་རྒྱུན་རྩོམ་རིག་གི་རྩོམ་གཤིས།
1 དྭངས་གསལ་སྙན་འཇེབས་ལྷོད་མཛེས་བརྗོད་བདེ་དོན་གཞོལ་གྱི་རྩོམ་གཤིས། དཔེར་ན།
གུང་ཐང་བསྟན་པའི་སྒྲོན་མེའི་བསླབ་བྱ་སོགས་ཀྱི་རྩོམ་གཤིས་ལྟ་བུ།
2 བརྗིད་ཆགས་སྒྲོམ་ཆེ་ཚིག་གྲིམས་དོན་འདུམས་དོན་ཆོད་ཆེ་བའི་རྩོམ་གཤིས།
༸གོང་ས་ལྔ་པ་ཆེན་པོའི་རང་རྣམ་སོགས་ཀྱི་རྩོམ་གཤིས་ལྟ་བུ།
བཞི་པ། སྲོལ་རྒྱུན་རྩོམ་རིག་གི་རྩོམ་ལུས།
1 བཅད་ལྷུག་སྤེལ་གསུམ་གྱི་ཚིག་ཕྲེང་སྤེལ་སྟངས། དཔེར་ན། རྗེ་ཙོང་ཁ་པའི་རྟག་ངུའི་རྟོགས་བརྗོད་སོགས་ཀྱི་ཚིག་ཕྲེང་སྤེལ་སྟངས་ལྟ་བུ།
2 ཚེག་ཁྱིམ་དང་ཆ་ཡ་མང་ཉུང་ཅི་རིགས་སྙོམས་སྡེབ་ཀྱི་ཚིགས་བཅད་སྡེབ་སྟངས།
དཔེར་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་དང་རྫ་དཔལ་སྤྲུལ་སོགས་ཀྱི་གསུང་མགུར་ལྟ་བུ།
ལྔ་པ། སྲོལ་རྒྱུན་རྩོམ་རིག་གི་བརྡ་སྐད།
1 གྲོང་སྐད་མིན་པའི་བསྟན་བཅོས་སྤྱི་སྐད་དམ་ཡིག་སྐད།
དཔེར་ན། ས་སྐྱ་པཎ་ཆེན་དང་རྗེ་ཙོང་ཁ་པ་ཡབ་སྲས་སོགས་སྔོན་བྱོན་མཁས་པ་དག་གི་གསུང་རྩོམ་ལྟ་བུ།
2 སྙན་ངག་གི་ཐུན་མོང་མ་ཡིན་པའི་སྐད་བརྡའམ་ཐ་སྙད།(ལ་ལས་འདི་ལ་ཚིག་རྒྱན་ཟེར།) དཔེར་ན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་སྐུ་འབུམ་བྱམས་པ་གླིང་གི་བསྟོད་པ་འཇམ་མགོན་དགྱེས་པའི་མཆོད་སྤྲིན་སོགས་ཀྱི་སྐད་བརྡ་ལྟ་བུ།
3 འོས་ཤིང་འཚམ་པའི་མངོན་བརྗོད། དཔེར་ན། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ཡིད་དགའ་ཆོས་འཛིན་གྱི་བསྔགས་པ་དྭངས་ཤེལ་མེ་ལོང་སོགས་སུ་བཀོད་པའི་མངོན་བརྗོད་ལྟ་བུ།
དྲུག་པ། སྲོལ་རྒྱུན་རྩོམ་རིག་གི་རྩོམ་ལུགས།
འདི་ལ་རྩོམ་ལུས་ཞེས་འབོད་མཁན་མང་ཡང་བཅད་ལྷུག་སྤེལ་གསུམ་སོགས་ཀྱི་དབྱེ་ཚུལ་དང་ཟློས་པས་མི་ལེགས་ཤིང་། འདི་ནི་རྩོམ་གྱི་འབྲི་སྟངས་སམ་འགྲོ་ལུགས་ཀྱི་སྒྲོམ་གཞི་མི་འདྲ་བ་རེ་ཡིན་པས་འདིར་རྩོམ་ལུགས་ཞེས་བཏགས།
1 སྙན་ངག་གི་རྩོམ་ལུགས། བཅད་ལྷུག་སྤེལ་གསུམ་ཅི་རིགས་ཀྱི་ལམ་ནས་ཚོར་བརྗོད་སྙན་ངག་དང་དོན་བརྗོད་སྙན་ངག ཡང་ན་ལེགས་བཤད། མགུར་གླུ། རྟོགས་བརྗོད། ཆབ་ཤོག གབ་ཚིག་སོགས་ཀྱི་རྩོམ་ལུགས། དཔེར་ན། སེམས་ཀྱི་ཚོར་འདུ་བརྗོད་པའི་སྙན་ངག་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་མི་རྟག་དྲན་པའི་གསུང་མགུར་ལྟ་བུ་དང་། དོན་གྱི་བྱུང་བ་བརྗོད་པའི་སྙན་ངག་ནི་མདོ་མཁར་ཞབས་དྲུང་གི་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ལྟ་བུ། གཞན་ཡང་ས་སྐྱ་ལེགས་བཤད། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ། གཞོན་ནུ་དྲུག་གི་རྟོགས་བརྗོད། ཀུན་མཁྱེན་འཇིགས་མེད་དབང་པོའི་ཆབ་ཤོག དཔྱི་ས་བློ་གྲོས་རྒྱ་མཚོའི་གབ་ཚིག་སོགས་ལྟ་བུ།
2 སྒྲུང་གཏམ་གྱི་རྩོམ་ལུགས། བཅད་ལྷུག་སྤེལ་གསུམ་ཅི་རིགས་ཀྱི་ལམ་ནས་ཆོས་སྲིད་དངོས་བྱུང་ལ་སྦྱར་བ་དང་། རྟོག་བཟོ་བྱེད་པ། དཔེར་ན། བྱ་སྤྲེལ་གཏམ་རྒྱུད་དང་། གླིང་གེ་སར་གྱི་སྒྲུང་སོགས་ཀྱི་རྩོམ་ལུགས་ལྟ་བུ།
3 ཟློས་གར་གྱི་རྩོམ་ལུགས། དངོས་བྱུང་ངམ་རྟོག་བཟོ་ཅི་རིགས་ཀྱི་འཁྲབ་གཞུང་སྟེ། དཔེར་ན། ལྷ་མོའི་འཁྲབ་གཞུང་བརྒྱད་དང་། གུང་ཐང་བསྟན་པའི་སྒྲོན་མེའི་གསུང་ཟློས་གར་གྱི་བསྟན་བཅོས་ཡང་དག་ལམ་ལ་བཀྲ་བའི་རོལ་རྩེད་སོགས་ཀྱི་རྩོམ་ལུགས་ལྟ་བུ།
བདུན་པ། སྲོལ་རྒྱུན་རྩོམ་རིག་གི་བསམ་བློ།
1 ཡ་རབས་མ་རབས་དང་དགེ་སྡིག་གི་བླང་དོར་བསྟན་ཏེ་མི་སྒེར་དང་སྤྱི་ཚོགས་བཅས་བདེ་སྐྱིད་ལ་སྦྱོར་བའི་བསམ་བློ།
2 བཟོད་བསྲན་དང། བྱམས་སྙིང་རྗེ། ལྷག་བསམ་སོགས་བསྐྱེད་དེ་གཞན་ཕན་བསྒྲུབ་པ་ལ་སྦྱོར་བའི་བསམ་བློ།
3 གནས་ལུགས་ཀྱི་ཟབ་དོན་བསྟན་ཏེ་རྨོངས་པ་སེལ་ཞིང་ཤེས་རབ་བསྐྱེད་པའི་བསམ་བློ་སྟེ།
བསམ་བློ་དེ་དག་ནི་སྔོན་གྱི་མཁས་པ་དག་གི་གསུང་ལེགས་བཤད་དང་། བསླབ་བྱ། རྣམ་ཐར། ལྟ་མགུར་རྣམས་སུ་གསལ་བ་ལྟར་རོ།།
བརྒྱད་པ། སྲོལ་རྒྱུན་རྩོམ་རིག་གི་མཛེས་འཛིན་ལྟ་བ།
1 ཚིག་གི་སྙན་ཆ་ལེགས་པ་ལ་རྩོམ་སྙན་པར་འཛིན་པའི་ལྟ་བ།
2 དོན་གྱི་མཛེས་ཉམས་ལེགས་པ་ལ་རྩོམ་མཛེས་པའམ་ཡག་པར་འཛིན་པའི་ལྟ་བ།
3 བརྗོད་བྱ་ཕན་པའི་རང་བཞིན་ཅན་ལ་རྩོམ་བཟང་བར་འཛིན་པའི་ལྟ་བ།
4 བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་ལ་རྩོམ་གྱི་ཆུ་ཚད་མཐོ་བར་འཛིན་པའི་ལྟ་བ།
5 སྙན་མཛེས་བཟང་མཐོ་བཅས་དེ་ཐམས་ཅད་འཛོམས་པ་ལ་རྩོམ་ཕུལ་དུ་བྱུང་བར་འཛིན་པའི་ལྟ་བ་སྟེ། རྩོམ་ལ་དཔྱོད་པའི་ལྟ་ཚུལ་དེ་དག་ནི་སྙན་ངག་མེ་ལོང་རྩ་འགྲེལ་སོགས་རྩོམ་རིག་གི་རིགས་པའི་གཞུང་ལུགས་རྣམས་དང་། སྔོན་གྱི་མཁས་པ་དག་གི་འཆད་རྩོད་རྩོམ་པའི་མཛད་བཟང་ལ་བསྔགས་པའི་རྩོམ་ཡིག་སོགས་སུ་གསལ་བ་ལྟར་རོ།།
དགུ་པ། སྲོལ་རྒྱུན་རྩོམ་རིག་གི་བརྗོད་བྱ་འགོད་སྟངས།
1 གཞན་ལ་གཅིག་ཏུ་བརྩེ་བའི་སྟོན་པ་བསྟན་པ་བསྟན་འཛིན་གསུམ་གྱི་ཆེ་བའམ་ཡོན་ཏན་བརྗོད་པ། དཔེར་ན། རྗེ་ཙོང་ཁ་པའི་གསུང་བསྟོད་ཆེན་བཞི་སོགས་ཀྱི་ནང་གསུང་སྟངས་ལྟ་བུ།
2 ཡང་དག་པའི་ལྟ་སྒོམ་སྤྱོད་པའི་ངོ་བོ་དང། རིམ་པ། ཉམས་སུ་ལེན་ཚུལ་སོགས་བརྗོད་པ། དཔེར་ན། ལྕང་སྐྱའི་ལྟ་མགུར་ཨ་མ་ངོ་ཤེས་དང་། རྗེ་ཙོང་ཁ་པའི་ལམ་རིམ་ཉམས་མགུར་སོགས་སུ་གསུང་སྟངས་ལྟ་བུ།
3 སྲིད་པའི་ཕུན་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ཏེ། མི་རྟག་པ་དང་སྡུག་བསྔལ་བ་སོགས་ཀྱི་རང་བཞིན་བརྗོད་པ། དཔེར་ན། རྫ་དཔལ་སྤྲུལ་གྱི་གཏམ་པདྨའི་ཚལ་གྱི་ཟློས་གར་སོགས་སུ་གསུང་སྟངས་ལྟ་བུ།
བཅུ་པ། སྲོལ་རྒྱུན་རྩོམ་རིག་གི་ཕན་ནུས་(སྤྱི་ཚོགས་ནུས་པ)འདོན་ཕྱོགས།
1 བཟང་སྤྱོད་གོང་སྤེལ། དཔེར་ན། འབྲོམ་སྟོན་པའི་མི་ཆོས་གནད་ཀྱི་ཕྲེང་བ་སོགས་མཁས་པ་སྔ་ཕྱིའི་གསུང་གི་བསླབ་བྱ་ཁག་གི་ཕན་ནུས་ལྟ་བུ།
2 ཤེས་རབ་གོང་སྤེལ། རྗེ་ཙོང་ཁ་པའི་གསུང་རྟེན་འབྲེལ་བསྟོད་པ་སོགས་མཁས་པ་སྔ་ཕྱིའི་གསུང་གི་ལྟ་གྲུབ་སྐོར་དང་རིགས་ལམ་སྐོར། དེ་བཞིན་རིག་གནས་སྐོར་གྱི་སྡོམ་ཚིག་དང་དཔེར་བརྗོད་ཚིགས་བཅད་ལྷུག་སོགས་(སྙན་ངག་གི་ཚུལ་དུ་བྲིས་པ)ཀྱི་ཕན་ནུས་ལྟ་བུ།
3 ཡིད་འཕྲོག་པའི་མཚར་སྣང་དང་སིམ་ཚོར་བསྐྱེད་དེ་སེམས་ཀྱི་གདུང་བ་སེལ་བ། དཔེར་ན། གེ་སར་གྱི་སྒྲུང་དང་། བཀྲ་ཤིས་པའི་གླུ་དབྱངས་སོགས་ཀྱི་ཕན་ནུས་ལྟ་བུ།
4 འཇིག་རྟེན་ཡོངས་ཀྱི་ཞི་བདེ་གོང་སྤེལ། དཔེར་ན། ནད་མུག་འཁྲུག་རྩོད་ཞི་བའི་གསོལ་འདེབས་དང་སྨོན་ལམ་སྐོར། དེ་བཞིན་ཆོས་དང་རིག་གནས་ཀྱི་གཞུང་མང་པོའི་ནང་འཁོད་པའི་འཇིག་རྟེན་དགེ་བའི་སྨོན་ཚིག་དང་། འགྲོ་དོན་ལ་བསྐུལ་བའི་བསླབ་བྱ་སོགས་ཀྱི་ཕན་ནུས་ལྟ་བུ།
བཅུ་གཅིག་པ། སྲོལ་རྒྱུན་རྩོམ་རིག་གི་རྩོམ་ཁོག་འབུབས་སྟངས།
1 སྦྱོར་དངོས་མཇུག་གསུམ་ཚང་ཞིང་དགོས་སོགས་ཆོས་བཞིའང་ཚང་བ། དཔེར་ན། སྙན་འགྲེལ་དབྱངས་ཅན་དགྱེས་གླུ་སོགས་རིས་མེད་མཁས་པ་སོ་སོས་བརྩམས་པའི་སྙན་གཞུང་དང་། རིན་སྤུངས་ངག་དབང་འཇིག་གྲགས་ཀྱི་ས་པཎ་རྟོགས་བརྗོད་བསྐལ་བཟང་ལེགས་ལམ་སོགས་སྙན་ངག་ཆེན་པོ་རྣམས་ཀྱི་རྩོམ་སྟངས་ལྟ་བུ།
2 བྱ་དངོས་བློ་གསུམ་སོ་སོའི་སྐྱེ་འཕེལ་འགག་གསུམ་གྱི་གོ་རིམ་ལྟར་བརྗོད་པ། དཔེར་ན། རྗེ་བཙུན་མི་ལའི་རྣམ་ཐར་དང་། རྗེ་རིན་པོ་ཆེའི་རྟོགས་བརྗོད་མདུན་ལེགས་མ་སོགས་སྔོན་བྱོན་དམ་པའི་རྣམ་ཐར་དང་རྟོགས་བརྗོད། སྐྱེས་རབས་སོགས་བྱུང་བ་བརྗོད་པའི་རྩོམ་རིགས་ཀྱི་རྩོམ་སྟངས་ལྟ་བུ།
བཅུ་གཉིས་པ། སྲོལ་རྒྱུན་རྩོམ་རིག་གི་བརྩམས་ཆོས།
1 ནང་དོན་རིག་པའི་ལྟ་སྒོམ་སྤྱོད་གསུམ་ལ་སྦྱར་བའི་བརྩམས་ཆོས། དཔེར་ན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས་དང་། རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ལྟ་བུ།
2 འཇིག་རྟེན་གྱི་འཚོ་བ་ལ་སྦྱར་ཏེ་ཡ་རབས་དྲང་བདེན་དང་མཁས་མཛངས་ཀྱི་ཐབས་ལ་སྐུལ་བའི་བརྩམས་ཆོས། དཔེར་ན། ཁ་ཆེ་ཕ་ལུའི་བསླབ་བྱ་དང་འཇུ་མི་ཕམ་པའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་སོགས་ལྟ་བུ།
3 བརྗོད་བྱ་དང་བསམ་བློ་ཇི་ལྟར་ཡང་རྩོམ་ཉམས་ཕུལ་དུ་ཕྱིན་པའི་བརྩམས་ཆོས། དཔེར་ན། གླིང་གེ་སར་གྱི་སྒྲུང་དང་། མདོ་མཁར་ཞབས་དྲུང་གི་མི་དབང་རྟོགས་བརྗོད་སོགས་ལྟ་བུ།
བཅུ་གསུམ་པ། སྲོལ་རྒྱུན་རྩོམ་རིག་གི་རིགས་པའི་གཞུང་ལུགས།
1 སྙན་ངག་སྐོར་ལ། ས་པཎ་གྱི་མཁས་འཇུག་དང་། སྙན་ངག་མེ་ལོང་མ་རྩ་འགྲེལ་སོགས།
2 མངོན་བརྗོད་སྐོར་ལ། མངོན་བརྗོད་མཁས་པའི་རྣ་རྒྱན་དང་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་སོགས།
3 སྡེབ་སྦྱོར་སྐོར་ལ། ས་པཎ་གྱི་སྡེབ་སྦྱོར་མེ་ཏོག་ཆུན་པོ་དང་། སྡེབ་སྦྱོར་རིན་འབྱུང་རྩ་འགྲེལ་སོགས།
4 ཟློས་གར་སྐོར་ལ། ས་པཎ་གྱི་རོལ་མོའི་བསྟན་བཅོས་དང་། སྡེ་སྲིད་ཀྱི་གར་དང་དབྱངས་ཀྱི་བསྟན་བཅོས་མིག་ཡིད་རྣ་བའི་བཅུད་ལེན(འདི་དཔེ་རྒྱུན་དཀོན་པས་མཚན་ཙམ་ལས་མཇལ་མ་མྱོང་།)། ཕྱིས་སུ་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེས་མཛད་པ་ཟློས་གར་གྱི་རིག་གནས་ཞེས་པའི་བསྟན་བཅོས་སོགས་སོ།།
མདོར་ན། བོད་ཀྱི་སྲོལ་རྒྱུན་རྩོམ་རིག་གི་རྗོད་སྟངས་སམ་སྒྱུ་རྩལ་མཚོན་ཐབས་དང་། རྩོམ་ཉམས། རྩོམ་གཤིས། རྩོམ་ལུས། བརྡ་སྐད། རྩོམ་ལུགས། བསམ་བློ། མཛེས་འཛིན་ལྟ་བ། བརྗོད་བྱ་འགོད་སྟངས། ཕན་ནུས་འདོན་ཕྱོགས། རྩོམ་ཁོག་འབུབས་སྟངས། བརྩམས་ཆོས། རིགས་པའི་གཞུང་ལུགས་བཅས་སྲོལ་རྒྱུན་རྩོམ་རིག་གི་ཁྱད་ཆོས་གཙོ་གལ་ཆེ་བ་འདི་དག་མུ་མཐུད་ཉམས་མེད་རྒྱུན་འཛིན་བྱས་ན་བོད་ཀྱི་རྩོམ་རིག་ཙམ་དུ་མ་ཟད། བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་སྤྱི་ལ་ཕན་ཐོགས་ཆེ་བར་གདོན་མི་ཟའོ།།
འདི་ནི་སྔར་གྱི་ཟིན་བྲིས་ཤིག་ལ་བསྐྱར་བཅོས་ཕྲན་བུ་དང་བཅས། འབྲིང་བ་འཇིགས་མེད་ཀྱིས། ༢༠༡༨།༤།༡༩ ལ།