བོད་ཀྱིས་ཏུན་ཧོང་ལ་དབང་དབང་སྒྱུར་བྱས་པའི་ལོ་ཚིགས་ལ་བོད་ཀྱི་མཁས་པ་ལ་བཞེད་ལུགས་ཅི་ཡོད་མ་ཤེས། རྒྱའི་མཁས་པ་ལ་བཤད་ཚུལ་མི་འདྲ་བ་འགའ་རེ་ཡོད་སྐད་ཀྱང་དེ་དག་ཀྱང་ངས་རྩད་གཅོད་བྱས་མེད། ངས་ཏུན་ཧོང་གི་ཆེད་མཁས་རྒྱ་མི་མ་ཏེ་ཟེར་བ་ཞིག་གིས་བརྩམས་པའི་”ཏུན་ཧོང་མོ་ཀོ་ཕུག་པའི་ལོ་རྒྱུས་ཞིབ་འཇུག”ཟེར་བའི་དཔེ་དེབ་ཅིག་ལ་བལྟས་པ་ཡིན། ཞིབ་འཇུག་པ་འདིས་བོད་ཀྱིས་ཏུན་ཧོང་ལ་དབང་སྒྱུར་བྱས་པའི་ལོ་ཚིགས་སྐོར་ལ་དམིགས་བསལ་གྱིས་རྩོམ་ཞིག་བྲིས་འདུག ཞིབ་འཇུག་པ་འདི་ལྟར་ན་བོད་ཀྱིས་ཏུན་ཧོང་ལ་དབང་སྒྱུར་བྱས་པའི་དུས་སྐབས་ནི་སྤྱི་ལོ་་༧༧༧ ལོ་ནས་ ༨༤༨ བར་ཡིན་པར་འདོད།
སྤྱི་ལོ་༧༦༣ ལོར་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་སྟག་སྒྲ་ཀླུ་གོང་གིས་བོད་དམག་ཁྲིད་ནས་སྐབས་དེའི་རྒྱ་ནག་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་ལ་དཔུང་འཇུག་བྱས་ནས་ཁྲང་ཨན་ཕབ་ནས་ཉིན་བཅོ་ལྔར་བདག་བཟུང་བྱས་རྗེས་ཕྱིར་འཐེན་བྱས་ཡོད། སྟག་སྒྲ་ཀླུ་གོང་བྱས་རྗེས་དེ་གཟེངས་བསྟོད་བྱེད་ཆེད་པོ་ཏ་ལའི་ཞོལ་ན་དེང་སང་ཡང་ཡོད་པའི་རྡོ་རིང་སྟེ། ངག་རྒྱུན་དུ་ཞོལ་རྡོ་རིང་ཞེར་བ་དེ་བཙུགས་ནས་སྟག་སྒྲ་ཀླུ་གོང་གི་བྱས་རྗེས་དང་དེ་ལ་བརྟེན་ནས་སྟག་སྒྲའི་མི་རྒྱུད་ལ་དམིགས་བསལ་གྱི་ཐོབ་ཐང་ཅི་གནང་སོགས་བཀོད་ཡོད།
མ་ཏེས་བཤད་པ་ལྟར་ན། བོད་དམག་གིས་རྒྱ་ནག་གི་རྒྱལ་ས་ཁྲང་ཨན་བླངས་ནས་བཏང་སྟེ་ཕྱིར་ལོག་པའི་ལམ་དུ་རྒྱའི་ཡུལ་གྲུ་མང་པོ་ཕབ་ནས་བོད་འོག་ཏུ་བཅུག ཏུན་ཧོང་ཡང་དེའི་གྲས་ཀྱི་གཅིག་ཡིན་ལ། བོད་དམག་གིས་དེ་ལ་སྤྱི་ལོ་ ༧༦༧ ལོར་རྒོལ་འགོ་བརྩམས། ཡིན་ན་ཡང་རྒྱ་དམག་གིས་འགོག་རྒོལ་ཤུགས་ཆེར་བྱས་རྐྱེན་གྱིས་ལོ་ངོ་བཅུའི་རིང་ལ་དམག་རྒྱག་དགོས་བྱུང་སྟེ། མཐར་སྤྱི་ལོ་ ༧༧༧ ཏུན་ཧོང་ཡོངས་སུ་བོད་འོག་ཏུ་ཤོར།
མ་ཏེ་ལྟར་ན། བཙན་བཟུང་གི་ཐོག་མའི་ལོ་བཅུའི་རིང་ལ། རྒྱ་འབངས་དང་རྒྱ་དམག་ལྷག་འཕྲོས་རྣམས་ཀྱིས་བོད་ཀྱི་དབང་འོག་ཏུ་གནས་མ་འདོད་དེ་དྲག་པོའི་ངོ་ལོག་ཡང་དང་ཡང་དུ་བྱུང་ཡོད་པ་ལ་བོད་དམག་གིས་དྲག་གནོན་ཡང་ཡང་ནས་ཡང་དུ་བྱེད་དགོས་བྱུང་ཡོད། རྒྱ་མིས་བོད་ཀྱི་དབང་འོག་ཏུ་སྡོད་འདོད་གཏན་ནས་བྱེད་ཀྱི་མེད་རྐྱེན། ༧༨༦ ལོར་ཡུལ་ཕྱོགས་དེས་རྒྱ་མི་རྣམས་ཀྱིས་བོད་ཕྱོགས་ཀྱི་དཔོན་རིགས་སྐོར་ཞིག་ལྐོག་གསོད་ཀྱི་དོན་རྐྱེན་ཡང་བྱུང་། དོན་རྐྱེན་དེ་ཞི་འཇགས་བྱུང་རྗེས་བོད་རྒྱལ་གྱིས་ཡུལ་ཕྱོགས་འདི་ལ་lun zan xi (འདི་བོད་སྐད་ལ་ཅི་ཡིན་རྩད་གཅོད་བྱེད་ས་མ་རྙེད།)ཟེར་བ་དཔོན་པོ་ཞིག་བཏང་ནས་དབང་སྒྱུར་བྱས། དཔོན་པོ་འདི་ཡོང་ནས་ཡུལ་ཁམས་འདི་ལ་བདེ་འཇགས་བྱུང་བ་མ་ཟད། དཔལ་འབྱོར་དང་རིག་གནས་ཀྱང་ཡར་རྒྱས་བྱུང་ཡོད་པར་གྲགས། དཔོན་པོ་འདི་སྤྱིར་བཏང་སྲིད་ཐབས་ལ་མཁས་པ་ཞིག་ཡིན་པ་ལས། ཏུན་ཧོང་ལ་ཡོང་ནས་སྲིད་ཐབས་དམིགས་བསལ་ཞིག་བེད་སྤྱོད་བཏང་ཡོད་པ་ནི། བོད་དམག་ཡོང་ནས་གོ་ས་ཤོར་བའི་ས་གནས་ཀྱི་རྒྱ་མིའི་དཔོན་རིགས་མང་པོ་ཞིག་ཡང་སྐྱར་དཔོན་གནས་སུ་བཀོད་པ་དེས་རྒྱ་སེམས་འགུག་པ་ལ་ཕན་ཐོགས་ཤིག་བྱུང་བར་བཤད།
ཏུན་ཧོང་ཕྱོགས་ལ་སྲིད་ཕྱོགས་ནས་བོད་ཀྱིས་དབང་བསྒྱུར་ན་ཡང་། འཛིན་སྐྱོང་བྱེད་སྟངས་མང་པོ་ཞིག་ཐང་རྒྱལ་རབས་ཤུགས་རྐྱེན་ཆེ་བ་དང་། རིག་གཞུང་དང་ཡུལ་སྲོལ་གོམས་འདྲིས་ཀྱི་ཕྱོགས་ནས་རྒྱ་ཕྱོགས་གཙོ་བོ་ཡིན་པར་བཤད། སྐབས་དེར་བོད་ཀྱིས་རྒྱ་ནག་གི་ཡུལ་གྲུ་མང་པོར་དབང་སྒྱུར་བྱས་ཡོད་པ་ལས་། ཏུན་ཧོང་ནི་རྒྱའི་རིག་གནས་དང་སྲོལ་རྒྱུན་གྱི་གསོན་སྟོབས་ཆེས་ཆེ་བའི་ཡུལ་གྲུ་ཡིན་པར་ངོས་འཛིན་བྱེད། གླང་དར་གྱི་རྗེས་ལ། བོད་བཙན་པོའི་སྟོབས་ཤུགས་ཉམས་རྒུད་དུ་འགྲོ་སྐབས། ཏུན་ཧོང་ནི་བོད་ལ་ངོ་ལོག་བྱས་ཏེ་ཐང་རྒྱལ་ཁབ་ཀྱི་འོག་ལ་འཛུལ་མཁན་དང་པོ་ཡིན་པར་བཤད་ལ། དེ་ཡང་བོད་ཀྱི་དབང་སྒྱུར་སྐབས་ལ་རྒྱ་མི་རིགས་ཀྱི་ལར་ཞེན་དང་མི་རིགས་སྲོལ་ཤུགས་ཆེར་གནས་ཐུབ་པ་དེ་ལ་འབྲེལ་བ་ཡོད་པར་བཤད།
གོང་དུ་སྒོམ་སྡེ་ལྷ་རམས་པ་ལགས་ནས་བོད་ཀྱི་ཏུན་ཧོང་ལ་དབང་སྒྱུར་བའི་སྐབས་དེ་ཁྲི་སྲོང་ལྡེ་བཙན་སྐབས་ལ་བྱུང་ཡོད་མེད་ལ་ཐེ་ཚོམ་ཅུང་ཙམ་གནང་སོང་ཡང་། གལ་སྲིད་རྒྱའི་མཁས་པ་འདི་ལྟར། བློན་པོ་སྟག་སྒྲ་ཀླུ་གོང་གི་རྒྱའི་རྒྱལ་ས་ཕབ་ནས་ལོ་ཤས་ཀྱི་རྗེས་སུ་ཏུན་ཧོང་བོད་འོག་ཏུ་ཤོར་བ་ཡིན་ན་འདི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བྱུང་བར་ཐེ་ཚོམ་ཡོད་པ་མ་རེད། ཅིའི་ཕྱིར་ཞེ་ན། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་རྒྱའི་རྒྱལ་ས་ཕབ་ཚུལ་དེ་གོང་གི་ཞོལ་རྡོ་རིང་དང་། ཏུན་ཧོང་གཏེར་ཡིག རྒྱའི་ཡིག་ཚང་སོགས་ལོ་རྒྱུས་ཀྱི་དོན་དག་བྱུང་ནས་དེའི་དྲོད་རླངས་མ་ཡལ་བའི་སྐབས་ལ་ཡིག་ཐོག་ལ་བཀོད་དེ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་བཅོས་སླད་གནང་མ་ཐུབ་པའི་ཡིག་ཁུངས་མང་པོས་ཞལ་གཅིག་གྲགས་གནང་ཡོད་པ་རེད།
སྲོང་བཙན་དང་བློན་ཆེན་འགར་གྱི་བུ་ཚའི་རིང་ལ་ལི་ཡུལ་དང་འ་ཞ་སོགས་ལ་དམང་དྲངས་ཡོད་ན་དེ་སྐབས་སུ་དེང་གི་ཏུན་ཧོང་ཞེས་པར་ཡང་བོད་དམག་སླེབས་ཡོད་སྙམ། ད་དུང་བློན་ཁམས་གཅིག་གི་ས་རྒྱ་བསྐྱེད་ཚུལ་ཡིག་ཆ་སོགས་ན་གསལ། ཁ་སྒང་བ་བཀྲ་ཤིས་ཚེ་རིང་གི་རྩོམ་ཡིག་ཅིག་ལས་ཕྱི་ལོ་༦༦༣་ནས་༦༩༣་བར་ལི་ཡུལ་བོད་ཀྱིས་བཟུང་བ་དང་ཤོར། དེ་ནས་ཁྲི་སྲོང་གི་སྐབས་སུ་སླར་ཡང་བཟུང་ཚུལ་ཡང་གསལ། འོན་ཀྱང་རང་གི་དཔྱད་སྟོབས་ཀྱི་བསམ་ཚུལ་ད་སྔ་ཅང་མེད་ལགས།
བློན་ཆེན་མགར་རེད། འགར་མ་རེད། བཟོད་རྒྱམ་ལགས།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དེས་སྲོང་བཙན་ཁྲོས་ནས་དམག་ཁྲིད་དེ་གྲུ་གུ་བཅོམ། གྲུ་གུ་རྣམས་བྲོས་ནས་མཚོ་སྔོན་བྱང་དུ་ས་སྤོས། བོད་དམག་གིས་གྲུ་གུའི་ནོར་དང་ཡོ་བྱད་རྣམས་ཐམས་ཅད་བླངས། ཞེས་དང་། ལོ་རྒྱུས་ཉམས་ཞིབ་པ་ཁ་སྒང་བ་བཀྲ་ཤིས་ཚེ་རིང་གིས། གྲུ་གུ་ནི་དེང་གི་ཅིན་ཅང་ནང་གི་ཐུ་རུ་ཕན་ཡིན་པར་བཤད་འདུག་པས་ན། ད་དུང་བརྟག་པར་བྱ་བ་མང་སྙམ།
ད་དུང་ཡང་དགེ་ཆོས་ཀྱིས། “ནུབ་ཕྱོགས་ཀྱི་ལི་ཡུལ་པ་དང་གྲོགས་སུ་བསྡེབས་ནས་གུ་ཅི་༼ཆིག་ཚི་༽གྲོང་ཁྱེར་གྱི་ལྕགས་རི་ཡང་བཤིགས།” ཞེས་པས་སྐབས་དེར་བོད་དམག་དང་ལི་ཡུལ་པ་མཉམ་དུ་ཡོད་པ་མ་ཟད་ལི་ཡུལ་དབང་དུ་བསྡུས་ཡོད་པ་ཤེས་ཤིང་།
རབ་འབྱོར་ལགས་ཀྱིས་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ཁ་ཚང་ཞིག་ཤེས་ཀྱི་མེད་པ་འདྲ། ལོ་རྒྱུས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་སྐབས་ཕྱོགས་ཡོངས་ནས་དཔྱོད་དགོས་པ་ལས། ལོ་ཚིགས་གཅིག་ལ་ཤི་འཐམ་རོ་འཐམ་གྱིས་ལོ་རྒྱུས་ཀྱི་གནད་དོན་གཅིག་ཐག་གཅོད་བསམ་པ་ནི་ཕལ་ཆེར་བྱིས་པའི་བསམ་བློ་རང་རེད། འདི་བོད་ཀྱི་ལྷ་སྒྲུང་འདྲེ་སྒྲུང་སྨྲ་བ་ཚང་མའི་སྤྱི་ནད་ཅིག་ཆགས་འདུག
གཅན་བཟོད་རྒྱམ་ཟེར་བ་འདི་ངོ་མས་སྙིང་རྗེ། མི་འདིས་ཅི་ཞིག་བཤད་འདོད་པ་ཡིན་ནམ། དགེ་ཆོས་མཆོག་གི་ལུང་འགའ་དྲངས་དྲངས་ནས་ཕལ་ཆེར་ཐང་ཆད་པ་ཡིན་ས་རེད། གནས་ལུགས་དང་གནས་ཚུལ་ཅི་ཡང་བཤད་རྒྱུ་མེད་ཀོ།
འཆི་བདག་སྐྱབས་ཟེར་བ་འདིས་ང་ལ་བཀའ་བཀྱོན་པ་ཐེངས་མ་གཅིག་མ་རེད། འོན་ཀྱང་བཀྱོན་དང་མི་བཀྱོན་ཁྱེད་ཀྱི་འདོད་པ་རེད། བོད་ཀྱི་ལོ་རྒྱུས་ཁ་ཚང་ཞིག་ཤེས་ན་ང་དང་ང་འདྲ་བ་ཚོར་བཀའ་བཀྱོན་ཁོ་ན་བྱེད་པ་ལས། ལོ་རྒྱུས་དང་འབྲེལ་བའི་ཚིག་དུམ་རེ་ང་ཚོའི་སྤྱི་སྐལ་དུ་འཇོག་རོགས་གནོང་ཀྱེ། སླར་ཡང་ཁྱོད་ལ་སུན་པོ་གཅིག་བཟོ་འདོད་པ་མ་ཡིན་མོད། ལོ་རྒྱུས་ལ་དུངས་པའི་ཚོར་བ་དེས་འདུག་གི་མི་འཇུག་གི དེ་བས་འདིར་ཡང་ལུང་གཅིག་དྲངས་ཡོད།
ཁ་སྔོན་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ལས་དྲངས་པ་དང་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་༼བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཤོག་ངོས་༢༣༣དང་དེའི་མཆན་བུ་༢༤༥ལས།༽བྲིས་པ་འདི་གཉིས་ཚིག་སྦྱོར་ཙམ་ལས་དོན་ལ་གཅིག་པ་གཅིག་རྐྱང་རེད་འདུག་སྙམ།
༼མགར་སྐུ་གཤེགས་རྗེས་ཀྱི་ལོ་གསུམ་པ་”ཞན་ཧིན་ཁྲི་ལོ་དང་པོར(༦༧༠ལོ)། བྷོད་དམག་སླེབས་ཏེ་ཀྲིག་བཅོ་བརྒྱད་བཅོམ། བྷོད་པས་ལི་ཡུལ་བ་རྣམས་གྲོགས་སུ་བསྡེབས་ནས་ཆིག་ཚི་གོང་ཁྱེར་གྱི་པོ་ཧན་མཁར་ཡང་དབང་དུ་བསྡུས། དེ་ནས་ཨན་ཞི་སྡེ་བཞི་བྷོད་ལ་ཤོར་”ཏེ་མངའ་ཁོངས་སྔར་ལས་རྒྱ་ཆེར་གྱུར།༽ཞེས་གསུངས་པས་ན། སྐབས་དེར་ཨན་ཞི་སྡེ་བཞི་བྷོད་ཀྱིས་བདག་བཟུང་བྱས་ཡོད་ན། ཏུན་ཧོང་བྷོད་ཀྱིས་བཟུང་ཡོད་པ་ཧ་ཅང་གསལ་ཞིང་། གཤམ་གྱི་ས་ཁྲ་འདི་ལས་ཅུང་གསལ་བོར་འགྱུར་ངེས་སྙམ།
ས་ཁྲ་འདི་འགོད་ཐུབ་ཀྱི་མི་འདུག