ཤར་མཁན་སྤྲུལ་ཀྱིས།
ཉེ་ཆར་བོད་གཞུང་མང་ཚོགས་ཆེན་གྲོལ་རྗེས་བོད་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་གསར་བ་དེ་དག་ལ་ཧ་ལས་བ་ཕྲན་གཅིག་པོ་ག་ལ་ཡིན། བོད་དོན་ལ་ཤ་ཚ་མཁན་ཆེས་མང་པོ་ཞིག་ཧ་ལས་པ་དང་བློ་ཕམ་བྱུང་ཡོད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་སྤྱི་ཟླ་༩ བའི་གྲོས་ཚོགས་ནང་། བོད་གཞུང་གི་མིང་ཡང་བསྐྱར་བརྗེ་རྒྱུ་ཡིན་ལ། ༼ བོད་མིའི་གཞུང་གི་སྒྲིག་འཛུགས ༽འདོག་རྒྱུའི་གྲོས་གཞི་བཏོན་ཡོད་པར་བཤད་པས་ཡང་བསྐྱར་སེམས་ཁུར་ཆེན་པོ་བྱུང་།
རྒྱུ་མཚན་ནི། ཉེ་སྔོན་༼ བོད་མིའི་སྒྲིག་འཛུགས ༽ ཟེར་བའི་མིང་གསར་དེ་ཡོངས་ཁྱབ་ཏུ་༸གོང་ས་སྐྱབས་མགོན་ཆེནཔོ་མཆོག་གིས་སྐུ་སྒེར་ཡིག་ཚང་བརྒྱུད་ནས་གཅིག་སྡུད་བྱས་ཏེ་གནང་བ་ཡིན་ཚུལ་དང་དེ་ལ་དགེ་མཚན་ཆེས་མང་པོ་ཡོད་ཚུལ་བཤད་པ་དེ་དག་ཕུགས་མེད་པ་ཀུན་གྱིས་ཤེས་པ་ལྟར་ད་ལྟ་ལྷང་དུ་བུད་པ་འདྲ། ད་ཡང་༼ བོད་མིའི་གཞུང་གི་སྒྲིག་འཛུགས ༽ཟེར་ན་དེ་ཡང་སྐྱར་གཅིག་མཚུངས་སུ་འོས་འཚམས་མེད་ཅིང་ཆབ་སྲིད་ཀྱི་དོན་གནད་རྩ་བ་ནས་མེད་པར་ཁོང་ཚོས་དང་ཐོག་འདམ་པའི་མིང་དེ་སྐྱར་དུ་འཇོག་ཐབས་སུ་སྣང་བས་སེམས་ཁྲལ་བྱུང་།
ཉེ་ཆར། མིང་བསྒྱུར་གསར་བ་དེ་ནི་༸གོང་ས་མཆོག་གིས་གཅིག་སྡུད་བྱས་ཟེར་བ། མ་འོང་བའི་དཀའ་ངལ་འགོག་ཆེད་ཡིན་ཟེར་བ། མིང་བསྒྱུར་བས་དོན་མི་འགྱུར་བར་གནས་ཐུབ་པར་གསུང་བ་གསུམ་པོ་དེ་བོད་མི་བློ་གྲོས་དང་ལྡན་པ་སུས་ཀྱང་ཡིད་ཆེས་བྱས་མེད་ལ་བློ་ཕམ་ཆེན་པོ་བྱུང་ཡོད། རྒྱུ་མཚན་ནི། དེ་དག་རེ་རེ་ལ་རིིགས་པ་དང་གཏན་ཚིགས་གིས་ཕོངས་ཤིང་། ༸གོང་ས་མཆོག་གིས་ཐད་ཀར་ཞལ་ནས་དངོས་སུ་ཡོངས་ཁྱབ་གསལ་བསྒྲགས་གནངས་མྱོང་མེད་པའི་ཕྱིར་རེད། ཤ་མི་ཚིབས་གང་བྱུང་བྱས་པ། དགྲ་བོའི་གཡོ་སྒྱུ་འམ། ཕྱི་མགོ་ནང་བཙོང་ཅན་རེས་ཆོ་འཕྲུལ་གང་རུང་དུ་ངོས་འཛིན་བྱས་ཡོད།
རེ་རེ་བཞིན་དགག་ན། ༸གོང་ས་མཆོག་འཕགས་པ་སྤྱན་རས་གཟིགས་ཡིན་པ་རྒྱུ་མཚན་དུ་བྱེད་མི་དགོས་པར་ ༸གོང་ས་མཆོག་གིས་སྐུ་ཚེ་ཧྲིལ་བོར་ནོར་འཁྲུལ་ཞིག་ཤོར་མྱོང་ཡོད་པའིམཐོང་ཐོས་དོགས་གསུམ་ང་ཚོར་མེད་པས་རེད། གཉིས་པ་ནི། གལ་ཏེ་གཞུང་ཟེར་བ་ Government ཟེར་བའི་དོན་དུ་འགྲོ་བ་དང་དེ་ལ་མ་འོང་པར་སྐའ་ངལ་འཕྲད་པར་དོགས་པས་ཡིན་ན་ནི། ༼ བཙན་བྱོལ་བོད་གཞུང་ ༽ཟེར་བའི་མིང་བརྗེ་དགོས་དོན་རྩ་བ་ནས་མེད་ཏེ། བཙན་བྱོལ་གཞུང་ཟེར་བ་ད་སྔོན་སྐད་ཡིག་གང་གི་ཐོག་ཏུ་ཡང་Government ཟེར་བའི་དོན་དུ་ནི་བསྒྱུར་མེད། བོད་ཀྱི་སྐད་ཡིག་ཐོག་ནས་ནི། བོད་གཞུང་ཞེས་པ་རྒྱལ་ཁབ་ཞིག་གི་གཞུང་གི་གོ་དོན་ཡོད་པ་གཞིར་བཞག་ལ། བསམ་བཞིན་དུ་མ་བསྒྱུར་ན་མཐའ་གཅིག་ཏུ་རྒྱལ་ཁབ་ཅིག་གི་དབུས་གཞུང་ལ་གོ་མི་དགོས་པས་ཁྱད་ཆོས་ཡོད་ཕྱིར། མ་འོངས་པར་ཉེན་ཁ་འཕྲད་མི་སྲིད་པས། མ་འོངས་པར་ཉེན་ཁ་ལས་གཡོལ་ཆེད་དུ་བོད་གཞུང་གི་མིང་སྒྲིག་འཛུགས་སུ་བརྗེ་བསྒྱུར་བྱས་པ་ཡིན་ཟེར་བ་དེ། མཐར་གཏུགས་ན་འཇོག་ས་གཏད་ས་མེད་ཞིག་ཏུ་གྱུར་བ་རེད།
༸གོང་ས་མཆོག་གིས་བོད་གཞུང་ཟེར་བ་རྩ་བ་ནས་འདོག་མི་རུང་བར་གསུང་མི་སྲིད་པའི་རྒྱུ་མཚན་གཞན་ནི། ༢༠༡༡ ལོའི་སྐུའི་འཁྲུངས་སྐར་ཉིན་ཨ་རིའི་རྒྱལ་ས་ཝ་ཤུན་ཀྲོན་དུ་ ༸གོང་ས་མཆོག་སྐུ་ཉིད་ཀྱིས་གསུང་དུམ་བུ་ཞིག་ལུང་འདྲེན་བྱེད། ༼ དེ་ག་ནང་བཞིན་དུ་ང་ཚོས་དེར་བཙན་བྱོལ་གཞུང་བྱས་ནས། བོད་སྐད་ནང་ལ་གཞུང་ཟེར་བ་ཁོ་དག་དག་འགྲོ་གི་ཡོད་རེད། ང་ཚོས་བླ་བྲང་གཞུང་ཟེར་ཡ། ཆོས་གཞུང་ཟེར་བ་འདྲ་བོ། མི་ཚང་གཞུང་ཟེར་བ། ང་ཚོས་དེ་འདྲ་ཟེར་གི་རེད་པ། ཚིག་དེ་གོ་བའི་ཐོག་ནས་ང་ཚོ་བོད་གཞུང་ཟེར་བ་དེ་ཡོད་བསྡད་པ་དེ། ད་ཆ་དངོས་གནས་དྲང་གནས་ཀྱིས་དམངས་གཙོ་མི་མང་གིས་འོས་བསྡུ་བྱས་ནས་སླེབས་བསྡད་པའི་གཞུང་དང་མགོ་ཁྲིད་ཞིག་དུ་ཆགས་བསྡད་ཡོད་པ་རེད། ༽ཞེས་སོགས་གསུངས་ཡོད་པ། ཨ་རིའི་བོད་སྐད་བརྙན་འཕྲིན་ཁང་ནས་ཐད་གར་རྒྱང་བསྲིངས་བྱས་ཡོད་པས། ད་དུང་དྲ་ཐོག་ནས་ཡང་ཡང་གཟིགས་ཆོག དེ་སོགས་རྒྱུ་མཚན་སྣ་མང་ལ་བརྟེན་༸གོང་ས་མཆོག་གིས་སྒེར་གཅོད་བྱས་ཡོད་པར་ཡིད་ཆེས་བྱེད་དཀའ།
མདོར་ན་ང་ཚོ་སུ་ཞིག་གིས་ནོར་འཁྲུལ་ཡིན་དང་མིན་གལ་ཤུན་དུ་མི་ཆེ། དེ་བས་ང་ཚོའི་རྩ་དོན་དང་ཆབ་སྲིད་ཀྱི་སྲོག་སྙིང་ལ་གང་ཞིག་ནོར་ཡོད་མེད་ལ་བསམ་གཞིགས་ནན་པོ་བཏང་ན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་ཡིན་པས་གལ་ཆེ།
གཉིས་པ་ང་ཚོར་དགོས་པ་ནི་༼ བཙན་བྱོལ་བོད་གཞུང་༽ ཟེར་བ་དེ་ཁོ་ན་ལས་༼ བོད་མིའི་སྒྲིག་འཛུགས་༽སོགས་སུ་གང་དུ་ཡང་བརྗེ་བསྒྱུར་དགོས་དོན་མེད། རྒྱུ་མཚན་ནི། བཙན་བྱོལ་བོད་གཞུང་ཟེར་བ་ལས་འོས་ཤིང་འཚམས་པ་དང་། དོན་སྙིང་ལྡན་པའི་མིང་ཞིག་མེད། ཐ་ན་བརྗོད་བདེ་ཞིང་ཚིག་ཐུང་བ། དོན་ཟབ་པ་དང་དོན་འདུས་པ་སོགས་ཀྱི་ཁྱད་ཆོས་མང་། ༼ བཙན་བྱོལ ༽ ཞེས་པས། རང་དབང་དུ་གནས་པའི་ཚད་ལྡན་གྱི་གཞུང་ཞིག་མིན་པར་རྒྱ་གཞུང་གིས་བཙན་གནོན་ལ་བྱོལ་དེ་སྡོད་དགོས་ཐུག་ཡོད་པ་ཁ་གསལ་པོས་བསྟན་ཡོད། རྒྱལ་སྤྱིའི་ཁྲིམས་ཡིག་དག་ཏུ་Government ཞེས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་མེད་ལ་མ་ལྟོས་པར། ༼ བོད་གཞུང ༽ཞེས་པ་དེས་ བོད་རྒྱལ་གཉའ་ཁྲི་བཙན་པོ་ནས་བཟུང་མི་ལོ་༢༡༣༨ གྱི་ལོ་རྒྱུས་ལྡན་པའི་བོད་རྒྱལ་ཁབ་གྱི་གཞུང་དེའི་བརྒྱུད་འཛིན་པ་ཡིན་པར་བསྟན་ཡོད། དེ་ཡང་ཁ་གསལ་དོན་མཐུན་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་སྟངས་དང་མཐུན་པར་བསྟན་ཡོད། མ་འོང་དུས་ཡུན་ཅི་ཙམ་འགོར་ཡང་བོད་སྐད་ཤེས་མཁན་ཞིག་ཡིན་ཕྱིན་འདིའི་དོན་མི་གོ་མཁན་མེད་ལ་གོ་ནོར་ཤོར་ས་མེ། མ་ཟད་མ་འོངས་པར་གཞན་སུ་ཞིག་གིས་སྐད་ཡིག་གཞན་དུ་བསྒྱུར་ན་ཡང་རྒྱལ་ཁབ་ཞིག་གི་གཞུང་དང་བསྒྲིག་འཛུགས་གང་དུ་བསྒྱུར་ན་ཡང་བསྒྱུར་ཐུབ་པའི་ཁྱད་ཆོས་ལྡན། དེའི་ཕྱིར་འཛམ་གླིང་རང་བཞིན་ཅན་གྱི་ཆབ་སྲིད་ཀྱི་དོན་སྙིང་ལྡན་ཡོད།
༼ བོད་མིའི་གཞུང་གི་སྒྲིག་འཛུགས༽ཟེར་བའི་གི་སྒྲས་གཞུང་དང་སྒྲིག་འཛུགས་གཉིས་ཐ་དད་དང། ཡང་ན་ཆ་དང་ཆ་ཅན་ནམ། བདག་པོ་དང་ཡུལ་གྱི་འབྲེལ་བ་འམ། གང་ལྟར་འབྲེལ་སྒྲའི་སྒོ་ནས་གྲུབ་ཡོད་ཕྱིར། གཞུང་དེ་གང་རེད། སྒྲིག་འཛུགས་དེ་གང་རེད་ཟེར་ན། མཛུབ་མོ་འཛུགས་དཀའ་ལ། བཙུགས་ན་དེ་གཉིས་ཐ་དད་དུ་འགྱུར་བས། གཞུང་ཟེར་བ་དེ་ཡང་ རང་སོར་གནས་ཡོད་པས་མ་འོང་དཀའ་ངལ་གྱི་རྒྱུ་ཟེར་བ་དེ་ཡང་རང་སར་གནས་ཡོད་པས་ངལ་བ་འབྲས་མེད་ལས་ཅི་ཡོད།
མ་ཟད་བོད་མིའི་གཞུང་གི་སྒྲིག་འཛུགས་་ཟེར་དུས་བོད་མི་ཁོ་ནའི་སྒྲིག་འཛུགས་ལས་གོ་མི་ཐུབ། བོད་གཞུང་ཟེར་དུས་མི་རིགས་ཁ་ཤས་ཞིག་ལ་དབང་སྒྱུར་མྱོང་བའི་འདས་པའི་བོད་གཞུང་དང་། མི་རིགས་མང་དུ་འདུས་ཐུབ་པའི་མ་འོང་གི་བོད་གཞུང་ཡང་མཚོན་ཐུབ་པས། གལ་གནད་ཤིན་ཏུ་ཆེ།
གསུམ་པ། མིང་ལ་འགྱུར་བ་བཏངས་པས་དོན་ལ་འགྱུར་བ་མི་འགྲོ་ཚུལ་གསུངས་པ་དེ་དག་ནི་དབང་འཛིན་བའི་བྱ་སྤྱོད་ལ་ནག་ཉེས་མེད་པའི་འཁང་སེམས་སྲུང་ཐབས་ཙམ་དུ་ཟད་དེ། མཁས་བླུན་སུས་ཀྱང་ཤེས་ནུས་ཤིང་ཁས་ལེན་མི་ཐུབ་པ་ཞིག་རེད། འཛམ་གླིང་གི་ཤེས་བྱ་ཡོད་ཚད་མིང་གིས་མཚོན་ཅིང་། དོན་གྱི་ཆེད་དུ་མིང་རྩོད་ལེན་དང་གཙིགས་ཆེན་རང་བཞིན་བྱེད། བོད་ཀྱི་རྩ་དོན་ཡང་འདི་ལས་འདའ་ཚུལ་མེད། ལྷག་པར་དུ་བོད་གཞུང་ཟེར་བའི་མིང་དེ་ནི། རང་སྲོག་བཏང་བའི་རྒྱལ་གཅེས་དཔའ་བོ་ཚོའི་རྣམ་ཤེས་ཀྱི་འཁྲི་ཤིང་ཡིན། མི་རབས་རྗེས་མ་དག་གིས་བདེན་དོན་འཐབ་རྩོད་ཀྱི་སྲོག་རྩ་ཡིན། འདི་ང་ཚོ་སུ་ཡིས་བཅོམ་ན་ལོ་རྒྱུས་ཀྱི་ནག་ཉེས་ཤིན་ཏུ་ཆེ། ༼ བཙན་བྱོལ་བོད་གཞུང ༽ཟེར་བའི་ཚིག་དེ་ནི་མཁས་བླུན་གཉིས་ཀྱི་བློ་ངག་གཉིས་ལ་བྱང་ནས་ཡོད་ལ། མ་འོངས་པར་ཡང་བྱང་ནས་ཡོད་དགོས་པའི་ཆབ་སྲིད་ཀྱི་དོན་སྙིང་ལྡན་དགོས་པ་ཞིག་ལས། སྙན་ཚིག་དང་རྒྱན་ཚིག་བཞིན་ཆེད་མཁས་པ་འགའ་རེ་དང་། ཚིག་མཛོད་དུ་ཡོད་པ་ཙམ་གྱིས་མི་ཆོག་པ་ཤེས་གལ་ཆེ།
ཉེ་ཆར་གྱི་བསམ་བློ་མ་བཏངས་པའི་ནོར་འཀྲུལ་དག་གིས་རྒྱ་གཞུང་ལ་ང་ཚོའི་ཆབ་སྲིད་ལངས་ཕྱོགས་ལ་གདེང་ཚོད་མེད་པའི་མཐོང་སྣང་བསྐྲུན་ཡོད་པས། དེ་ནི་དགྲ་དགའ་གཉེན་སྡུག་གི་བྱ་སྤྱོད་ལས་འདས་མེད།
གལ་ཏེ་བོད་ཀྱི་གནད་དོན་འདི་མི་རབས་མང་པོར་ལྷག་ན། མ་འོངས་པའི་གཞོན་སྐྱེས་དང་མི་རབས་ཕྱི་མ་དག་ལ་བོད་གཞུང་ཟེར་བའི་མིང་ཙམ་ཡང་རྒྱུན་ལྡན་གྱི་ངག་རྒྱུན་དུ་བྱང་མེད་བཞིན་དུ། བོད་དོན་འཐབ་རྩོད་དེ་ཅི་བཞིན་གནས་ཐུབ་མི་སྲིད་པས། དེ་སྲིད་ཟེར་མཁན་དག་གིས་བོད་མི་རིགས་ལ་ཤ་མི་ཚ་བའི་སྟོང་གཏམ་ངོ་ཚ་དགོས་པ་ཞིག་བཤད་པ་རེད་སྙམས།
ཐ་ན་ཡང་མིང་གསར་དེ། བརྗོད་མི་བདེ་ཞིང་མི་མཚམས་པ། ཚིག་ནུས་མེད་ཅིང་སེམས་ཤུགས་ཆག་པའི་ཚོར་འདུ་སྦྱིན་པ་སོགས་སྐྱོན་མང་བ། གསར་འགོད་པ་དང་གཏམ་བཤད་པ་ལ་ཉོན་དང་ཤེས་སླ་བའི་ནོར་འཁྲུལ་ཆེ་བ་མངོན་ཡོད།
མདོར་ན་གོ་སླ་མོས་བཤད་ན། བོད་གཞུང་གི་མིང་དང་། རྒྱལ་རྟགས་ཀྱི་མིང་གཉིས་ཀ་ཆབ་སྲིད་ཀྱི་དོན་སྙིང་ཡོད་པ་ཞིག་དགོས་པ་ལས། གབ་ཚིག་དང་རྒྱན་ཚིག གསོལ་འདེབས། སྨོན་ཚིག་ལྟ་བུ་ཞིག་བཞག་ན་ནོར་འཁྲུལ་རེད། དེ་འདྲ་མི་འཇོག་པར་སྙིང་ཐག་པ་ནས་རེ་བ་དང་འབོད་སྐུལ་ཞུ་བཞིན་ཡོད། རྒྱུ་མཚན་ནི། དེ་ནི་འདས་པའི་ལོ་རྒྱུས་ཀྱི་ཕམ་ཁ་ད་དུང་མ་ཤེས་པའི་གུ་དོགས་མཁྲེགས་འཛིན་གྱི་ལྟ་བ་དང་། ༸གོང་ས་མཆོག་གིས་གསུང་བའི་དུས་རབས་ཉེར་གཅིག་པའི་ནང་པ་བའི་བསམ་བློའི་དྲི་མ་ཙམ་ཡང་མེད་པའི་མཚོན་རྟགས་རེད།
མདོར་ན་གཞུང་གི་མིང་དང་རྒྱལ་རྟགས་ཀྱི་མིང་གཉིས་ཀ་དོན་ཐད་ཀར་དུ་ལས་སླ་བོས་གོ་ནུས་ཤིག་དགོས་པ་ནི་འཛམ་གླིང་གི་རྒྱལ་ཁབ་ཡར་རྒྱས་ཅན་ཀུན་ལ་བལྟས་ན་ཤེས། རྒྱ་གར་གྱི་སྨོན་ཚིག་ཅིག་བྲིས་ཡོད་སྲིད་ཀྱང་དེ་ལ་མཐའ་གཅིག་ཏུ་ཞེན་ག་ལ་དགོས། བོད་གཞུང་ཟེར་དུས་གོ་སླ་བ། དོན་འདུས་ཡོད་པས དེ་ནི་འོས་ཤིང་འཚམས་པར་མཁྱེན་འཚལ།
མི་སྒེར་གྱི་ཕོར་བའི་ཁ་ཙམ་དང་འཚོ་བ་རྒྱས་སྤྲོས་ཁོ་ནར་མི་ལྟ་ཞིང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་བའི་བདེ་དོན་ལ་བསམ་བློ་གཏོང་མཁན་ཡིན་ཚད་ཀྱིས་འདི་ལ་བསམ་གཞིགས་ནན་པོ་ཞིག་གནོངས་ལ། ད་རེས་ཀྱི་བོད་གཞུང་གིས་མིང་མ་བརྒྱུར་བའི་སྔོན་དུ། གོ་སྐབས་བཟང་བོ་དམ་འཛིན་གྱིས། ང་ཚོ་བོད་རྒྱལ་ཁབ་ཀྱི་མཚན་དེ་མ་ནོར་བའི། ཆབ་སྲིད་ཀྱི་དོན་སྙིང་ལྡན་པ་ཞིག་ཡོང་བར་ཤུགས་སྣོན་རྒྱབ་རོགས་ཞུ།
ང་ཚོ་བཙན་བྱོལ་བའི་ངོ་བོ་འགྱུར་བ་མ་སོང་བར་བོད་ཡིག་ཐོག་ཏུ་༼བཙན་བྱོལ་བོད་གཞུང་༽ ཞེས་དང་། ངས་ལྷན་སྐྱེས་སྐད་སྨྲ་བ་ཚོར་གོ་བསྡུར་བྱས་ནས་ཤེས་ཚོད་དུ་དབྱིན་ཡིག་ཐོག་ཏུ་( Council for Tibet in Exile ) ( Council of Tibet in Exile ) ཞེས་བྱས་ན་བོད་གཞུང་ཟེར་བ་བཞིན་དུ་རྒྱལ་ཁབ་དངོས་ཞིག་ལ་གོ་ཆོག་ཞིང་། ཡང་མཐའ་གཅིག་དུ་གོ་མི་དགོས་པར་རྒྱལ་ཁབ་ཞིག་གིས་སྐུ་འཚབས་སུ་ཡང་གོ་ཆོག་པས་འཚམས། གང་ལྟར་ང་ཚོས་སྔར་གྱི་རང་ཅག་གིས་ནོར་འཁྲུལ་ཤེས་པའི་སྒོ་ནས། བོད་གཞུང་གིས་མིང་དེ་ང་ཚོ་སྐད་ཡིག་གཉིས་པ་བ་དག་གིས་ཚོད་དཔགས་བྱས་ནས་འདོག་མི་རིགས་ལ། དེ་སྐད་ཡིག་སོ་སོའི་ལྷན་སྐྱེས་ཀྱི་སྐད་སྨྲ་བ་དང་། ཆབ་སྲིད་ཆེད་མཁས་པར་གོ་བསྡུར་བྱེད་པ་ཤིན་དུ་གལ་ཆེ།
གལ་ཏེ་ངའི་རྣམ་དཔྱོད་དང་བློ་གྲོས་ཀྱིས་མ་འདང་བར་ནོར་འཁྲུལ་ཤོར་ཡོད་ན། དེ་ནི་མི་གཅིག་གི་ནོར་འཁྲུལ་ཡིན་པས་གནད་འགག་མ་རེད་ལ་། རྒྱུ་མཚན་ལྡན་པའི་སྒོ་ནས་ཡོ་བསྲིང་གནང་བ་ལས་ཁོང་འཁྲོ་མི་ལང་བར་མཁྱེན་ཞུ་རྒྱུ་ཡིན། གང་ཟག་ཕན་ཚུན་ཚིག་ངན་དང་ཡིག་སྐྱོན་རེའི་མཁོན་རིས་བྱེད་པ་སོགས་དོན་མེད་ཆགས་སྡང་སློང་བྱེད་ལས་མེད་པས་དེ་རིགས་སྣང་མེད་བྱེད་རིགས། དགོས་དོན་གནད་འགག་ནི་ང་ཚོའི་བོད་ཀྱི་རྩ་དོན་དང་འབྲེལ་བའི་རྒྱལ་ཁབ་དང་རྒྱལ་རྟགས་ཀྱི་མིང་དེ་གཉིས་ཡིན་པས་དེ་དག་མི་ནོར་རྒྱུ་ཤིན་ཏུ་གལ་ཆེ། རྒྱལ་གཅེས་པ་དག་གིས་འདི་ལ་བསྒྲོ་གླེང་ཤུགས་ཆེན་གནང་རོགས་ཞུ་ཞུ་བས་མཁྱེན་འཚལ།
ཤར་མཁན་སྤྲུལ་གྱིས་ཤིན་ཏུ་ཡག་པོ་བྲིས་འདུག བསྒྲོ་གླེང་ཤུགས་ཆེན་བྱེད་འཚལ།
བརྩོམ་ཡིག་འབྲི་ན་འདི་འདྲ་དགོས་ནི་རེད། ཚིག་སྙན་ཙམ་ལས་དོན་རྣལ་མ་མེད་ན་དེ་འདྲ་དེ་འདྲ་རེད་པ།
བོད་གཇུང་གིས་མིང་དགོས་འདི་ལ་རྒྱབ་སྐྱོར་ཡོད།
བཙན་བྱོལ་བོད་གཞུང་ཟེར་དགོས་པ་ལ་རྒྱབ་སྐྱོར་ཡོད། བོད་མའི་གཞུང་གི་བསྒྲིག་འཛུགས་ཟེར་བལ་རྒྱབ་སྐྱོར་མེད།
ངས་རང་གི་སྙིང་གཏམ་ཚིག་ཉུང་ཅིག་ཞུ་རྒྱུ་འདི་ནི། ༸གོང་ས་སྐུ་ཕྲེང་འདིའི་སྐབས་ལ་རྒྱ་བོད་དཀའ་རྙོག་སེལ་ཐུབ་པའི་ཐབས་ཤེས་།ཞིག་བྱ་དགོས་རེད། གལ་སྲིད་དེ་འདྲ་མ་བྱུང་ན། དེ་ནས་བཟུང་རང་བཙན་རྩོད་རྒྱུ་ཉག་གཅིག་ལས་བསྡད་ཡོད་མ་རེད། མིག་རྒྱང་སྲིང་། ཁོག་གསང་ལྷོད་ཀྱིས་གཏམ་དཔེ་ལ་སོགས་དགོས།
ཤར་མཁན་སྤྲུལ་མཆོག་གིས་གསུང་ལ་རྗེས་སུ་ཡི་རང་ཡོད། རྩ་བའི་ཟམ་གདོང་བླ་མ་དེ་བསླེབས་པའི་ཉིན་མོ་ནས་བཟུང་རང་རེའི་བཙན་བྱོན་བོད་གཞུང་ནང་དོན་མེད་ཀྱི་འགྱུར་བ་མང་པོ་ཞིག་བཏང་གནང་ཡོད་ནའང་ད་རེས་བོད་གཞུང་གི་མཚན་བྱང་དེ་བོད་མི་ཚོགས་པ་གང་ཡང་རུང་བའི་ངོ་བོར་བསྒྱུར་གནང་བ་འདི་རང་རེ་བོད་གངས་ཅན་པ་རྣམས་ལ་ཕམ་ཁ་དེ་ལས་ཆེ་བ་མེད་པས་ཚང་མའི་ཐུགས་ཁུར་ཆེར་བསྐྱེད་ཀྱིས་བགྲོ་གླེང་ནང་མཉམ་བཞུགས་གནང་རོགས་ཞུ།
བོད་མིའི་གཞུང་གི་སྒྲིག་འཛུགས། ཞེས་པའི་འབྲེལ་སྒྲ་ཕྱི་མ་དེ་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་སྒྲ་ཡིན་པ་ལྟར་བོད་མིའི་གཞུང་དང་གཉིས་སུ་མེད་པའི་སྒྲིག་འཛུགས་ཀྱི་དོན་ཅན་དུ་དགོངས་ནས་གཞུང་ཞེས་པ་དེ་བོད་མི་ཚོ་སེམས་ཤུགས་མི་ཆག་པའི་ཆེད་དང་ཕྱི་མ་དེ་གཞན་གྱིས་གནོན་ཤུགས་མི་ཡོང་བའི་ཐོག་ལ་སྐད་ཡིག་གཞན་དུ་བསྒྱུར་གཞི་རང་བྱེད་པའི་ཆེད་བཅས་ཡིན་ས་རེད། མདོར་ན། ད་ལྟའི་མིང་གསར་བ་འདིས་བོད་མིའི་སྒྲིག་འཛུགས་ཞེས་པར་འགོག་རྒོལ་བྱེད་མཁན་ཚོ་ལ་མགོ་བསྐོར་རང་བཞིན་གྱིས་ཁ་གཏད་བཅགས་ཏེ་བཀའ་ཁྲི་དང་ཚོགས་གཙོ་སོགས་ཁོང་ཚོས་ཐག་ཆོད་ཀྱི་རྩ་དོན་མི་བརླག་པའི་ཐབས་ཤེས་བཏང་འདུག ཡིན་ཡང་། བོད་མིའི་སྒྲིག་འཛུགས་ལས་བོད་མིའི་གཞུང་གི་སྒྲིག་འཛུགས་ཞེས་པ་འདི་ལ་ཆད་སྲིད་ཀྱི་དོན་སྙིང་ཆེན་པོ་ཡོད་པས། འགྱུར་བ་འདི་ལག་བསྟར་གཏང་ཐུབ་ན་ངོས་ལེན་བྱེད་འོས་པ་ཞིག་ལ་མཐོང་གི་ཡོད།
ལས་རླུང་ལགས
མང་བོ་ཞིག་ཁྱེད་བདེན། བཀའ་དྲིན་ཆེ། ཡིན་ཡང་འདི་འདྲ་རེད། བདག་ཉིད་གཅིག་པའི་འབྲེལ་བ་ཡིན་ཡང་དོན་མི་འདྲ་བ་ཞིག་བསྟོན་གྱུ་ཡོད་དགོས་ནི་རེད། དེ་མེད་ན་འབྲེལ་ཡུལ་མེད་ཕྱིར་རི་བོང་གི་རྭ་ལ་འབྲེལ་ཟེར་བ་དང་གཉིས་སུ་མེད། གལ་ཏེ་ཡོད་པར་དམ་བཅས་ན་ཁོང་ཚོས་ཐོག་མའི་དམ་བཅའ་དང་འགལ་བ་མ་རེད་དམ།
མ་ཟད་བོད་མའི་གཞུང་དང་བོད་ཀྱི་གཞུང་ཟེར་བ་གཉིས་ལ་ཆབ་སྲིད་ཀྱི་དོན་སྙིང་གི་ཁྱད་ཆེན་པོ་ཡོད་པ་ཤེས་གལ་ཆེ་སྙམ།
ཤར་མཁན་སྤྲུལ་ཟེར་ནས་མིང་ཆེ་བ་མ་གཏོགས་གཞན་ཅང་མེད་ཀི།