ཁྲི་རལ་པ་ཅན།
བར་ལམ་ནས་སྐད་འཕྲིན་གྱི་ཚོགས་པ་ཁག་མང་པོའི་ནང་བསྡད་དེ་བོད་ནང་གི་བླ་མ་དགེ་བཤེས་དང་དགེ་རྒན། སློབ་ཕྲུག་དང་གྲ་བཙུན། ཞིང་འབྲོག་དཀྱུས་མ་ཚུན་མི་མང་པོ་ཅིག་ལ་ཁ་བརྡ་དང་བསམ་ཚུལ་བརྗེ་རེས་ཕན་ཚུན་སྦ་གསང་མེད་པར་བྱེད་རྒྱུའི་གོ་སྐབས་བྱུང་ལ། ང་རང་བསམ་ཚུལ་མཐུན་ས་དང་མི་མཐུན་པའང་མང་པོ་འདུག
འོན་ཀྱང་། ང་རང་ཡ་མཚར་ཆེན་པོ་སྐྱེས་དགོས་ཀྱི་གནད་དོན་ཅིག་ནི། བོད་ནང་གི་མི་བརྒྱ་ཆ་དགུ་བཅུ་ཙམ་ཡིག་གེ་ཤེས་མཁན་ཡིན་མིན་ལ་མ་ལྟོས་པར། མིའི་བསམ་བློ་གཏོང་སྟངས་སྣ་ཚོགས་དང་རྒྱལ་སྤྱིའི་ཁྲིམས། འགྲོ་བ་མིའི་ཐོབ་ཐང་དང་དེང་དུས་ཀྱི་འཛམ་གླིང་ཆབ་སྲིད་གནས་བབ། ནུབ་ཕྱོགས་པའི་རིག་གཞུང་དང་དཔལ་འབྱོར་ཡར་རྒྱས་སོགས། དེང་རབས་ཀྱི་དཔལ་ཡོན་སྤྱི་ལ་ཧ་ཅང་གིས་དོ་སྣང་ཆེན་པོ་དང་ཤེས་འདོད་ཡོད་པ། སྤྲོ་བ་ཤུགས་དྲག་ཡོད་པ་གསལ་བོ་གསལ་རྐྱང་མཐོང་ཐུབ་ཀྱི་འདུག་པས། གནད་འགག་དེ་ཚོའི་སྟེང་དྲི་བ་ཧ་ཅང་མང་པོ་བཏང་ཡོང་གི་འདུག་པར། སོ་སོའི་ཤེས་ཚོད་ཀྱིས་དེབ་དང་རྩོམ་པ་པོ་ཚོའི་མིང་དང་བཅས་ཏེ་གསལ་བཤད་ལན་འདེབས་གནང་དུས་དགའ་གུས་ཀྱི་རྣམ་འགྱུར་ཧ་ཅང་ཆེན་པོ་སྟོན་གྱི་འདུག་མོད།
རྒྱ་ནག་གཞུང་ནི་གསར་འཕྲིན་བཀག་སྡོམ་གྱིས་དེབ་རིགས་འདྲ་མིན་ཀློག་རྒྱུར་ཡང་ཚོད་འཛིན་ཆེན་པོ་ཡོད་པ་དང་། ལྷག་པར་བོད་མི་མང་ཆེ་ཤོས་ཀྱིས་བོད་ཡིག་མ་གཏོགས་རྒྱ་ཡིག་དང་ཡིག་རིགས་གཞན་མཁྱེན་མཁན་ཉུང་བས། ད་སྔ་བོད་ཡིག་ནི་རང་རེའི་སྲོལ་རྒྱུན་རིག་གཞུང་གིས་ཕྱུག་པ་ཙམ་མ་གཏོགས། དེང་རབས་ཀྱི་རིག་གཞུང་དང་བསམ་བློ་ཡར་རྒྱས། འཕྲུལ་ལས་སྐོར་སོགས་བོད་ཡིག་སྟེང་སྦྱང་མི་ཐུབ་པར་དཀའ་ངལ་ཆེན་པོ་ཡོད་སྟབས། བོད་ཡིག་འདི་དུས་རབས་ཉེར་གཅིག་ནང་དུའང་མུ་མཐུད་གསོན་དགོས་ན་དེང་དུས་རིག་གཞུང་སྣ་ཚོགས་གང་ཐུབ་ཀྱིས་བོད་ཡིག་སྟེང་བསྒྱུར་ཏེ། བོད་ཡིག་འདི་དུས་རབས་དང་མཐུན་པ་ཅིག་ངེས་པར་བྱེད་དགོས་པ་ལས། ཁ་ཙམ་གྱིས་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་ཆབ་སྲིད་ཀྱི་གཡོ་ཇུས་ཙམ་རེད།
དེ་འདྲར་བརྟེན། ད་ཆ་དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་སྐད་ཆ་བཤད་ན། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་རོགས་ཕན་མཐུན་འགྱུར་མང་པོ་བྱེད་རྒྱུ་དཀའ་མོ་རེད། དེ་ལ་ཕྱི་ནང་གི་བོད་མི་བསམ་ཡོད་སུས་ཀྱང་བསམ་ཤེས་ཐུབ་ངེས་རེད། འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་ངེས་པར་བོད་ནང་གི་བོད་མཐུན་འགྱུར་ཐུབ་པ་དང་བྱེད་དགོས་པ་ཅིག། ད་སྔ་སྣང་མེད་དུ་བཞག་པའམ་འཐུས་ཤོར་ཕྱིན་འདུག་སྙམ།
བཙན་བྱོལ་བོད་མི་གནས་ཡུལ་རྒྱ་གར་རྒྱལ་ཁབ་ནི་འཛམ་གླིང་ནང་རང་དབང་ཆེ་ཤོས་དང་མང་གཙོ་རྒྱལ་ཁབ་ཆེ་ཤོས་ཡིན་པ་མ་ཟད། སྔ་མོ་ཨིན་ཇིས་དབང་བསྒྱུར་གྱིས་ཧ་ལམ་དེང་རབས་སྐད་ཡིག་ཨང་དང་པོར་གྱུར་པ། ཨིན་ཇིའི་སྐད་ཡིག་གི་གནས་ཚད་ཧ་ཅང་མཐོན་པོ་དང་ཨིན་སྐད་ཤེས་མཁན་མང་པོ། ཨིན་ཡིག་གི་རྩོམ་པ་བོ་མང་པོ་ཡོད་ས་ཅིག་དང་། ལྷག་པར་ཤེས་ཡོན་གྱི་ཆ་ནས་སློབ་ཕྲུག་ཚོར་འཛིན་རིམ་དང་པོ་ནས་ཞིབ་འཇུག་པ་དང་འབུམ་རམས་པ་སོགས་ཀྱི་གནས་ཚད་བར། ཨིན་སྐད་ཁོ་ནའི་ལམ་ནས་སློབ་སྦྱོང་སྤྲོད་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། དུས་དེབ་དང་ཚགས་པར་སྐད་གྲགས་ཆེ་ཤོས་དང་མང་ཤོས་ཀྱང་ཨིན་ཡིག་གི་ལམ་ནས་འབྲི་རྩོམ་བྱེད་བཞིན་པ་མ་ཚད།
རྒྱ་གར་གྱི་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་དེ་ཙམ་དམ་པོ་མེད་པའི་ལྷོད་ཡངས་འོག་ཏུ། འཛམ་གླིང་གི་གནའ་དེང་གི་ཡང་རྩོམ་རིག་དང་སྒྱུ་རྩལ། དམག་དང་སྲིད། དཔལ་འབྱོར་དང་སྤྱི་ཚོགས་ལོ་རྒྱུས། གསར་བརྗེ་དང་ལྟ་གྲུབ་སྣ་ཚོགས་སོགས་ཀྱི་དེབ་གང་འདྲ་ཅིག་དགོས་ནའང་ཧ་ལམ་རྒྱ་མཚོ་ཆེན་པོའི་ནང་བཏང་བ་ལྟ་བུར་ངེས་པས། བོད་གཞུང་གིས་ལོ་ཙཱ་པའི་ཚོགས་པ་ནུས་པ་འཐོན་པ་ཅིག་བཙུགས་ཏེ་མཐུན་འགྱུར་རོགས་རམ་གྱིས། རྒྱུན་བསྐྱངས་ཏེ་འཛམ་གླིང་གི་དེབ་གྲགས་ཅན་གནད་འགག་ཡོད་པ། དེང་རབས་ཀྱི་བརྗོད་གཞི་སྣ་འཛོམས་འཕོན་ཆེ་ཅིག་བོད་ཡིག་སྟེང་བསྒྱུར་ཐུབ་པ་ཡིན་ན། དེང་སང་འཕྲུལ་དེབ་སོགས་བརྒྱུད་ལམ་འདྲ་མིན་སྟེང་ནས་ཕན་ཚུན་གཏོང་སྟབས་བདེ་བོ་ཡིན་པས། འགྲོ་སོང་ཆེན་པོ་བཏང་སྟེ་དེབ་གཟུགས་སུའང་པར་བསྐྲུན་བྱེད་མི་དགོས་པར། བོད་ནང་གི་མི་ཚོས་བདེ་བླག་ཏུ་ཀློག་ཐུབ་པ་དེས་བོད་ནང་གི་བོད་མི་མང་པོ་ཅིག་ལ། ཤེས་ཡོན་གནས་ཚད་ཡར་རྒྱས་སྤྱི་དང་དམིགས་བསལ་བསམ་བློ་ཡར་རྒྱས་སུ་ཕན་ཐོག་བསམ་བརྗོད་ལས་འདས་པ་ཅིག་ཡོང་ངེས་ཡིན་པ་ཐག་གིས་གཅོད་ཐུབ།
ཁོང་ཚོ་མང་ཆེ་བ་ཞིག་ལ་བོད་ཡིག་གནས་ཚད་མ་གཏོགས་མེད་ནའང་། དེང་རབས་ཀྱི་གནས་ཚུལ་སྣ་ཚོགས་ཤིག་ཤེས་འདོད་ཀྱི་རེ་བ་ནི་སྐོམ་པར་ཆུ་འདོད་ལྟ་བུར་རེད་འདུག་ལ། ཡང་དགོས་དེང་སང་རྒྱ་ནག་དང་བོད་ནང་དུ་དཔལ་འབྱོར་ཡར་རྒྱས་ཧ་ཅང་ཆེན་པོ་ཡོད་པ་མིག་མཐོང་ལག་བཟུང་རེད་དེ། མི་མང་སྤྱིའི་ཤེས་ཡོན་གནས་ཚད་ཧ་ཅང་སྐྱོ་བོ་དང་དགོས་སུ་དེབ་རིགས་འདྲ་མིན་ཀློག་འདོད་ཀྱང་མཐུན་རྐྱེན་མེད་པ་དབང་གིས། ཕྱིའི་ཁྲ་ཟིང་གི་དངོས་པོའི་ལོངས་སྤྱོད་ཡར་རྒྱས་ཙམ་མ་གཏོགས། བོད་མི་མང་པོ་ཅིག་གིས་འཛམ་གླིང་སྤྱི་དང་དེང་རབས་སོགས་ལ་གོ་བ་དང་ངོས་འཛིན་བྱས་པ་ཤིན་ཏུ་ཚད་དམའ་མོ་རེད།
དེར་བརྟེན། ཡིག་བསྒྱུར་གྱི་སྡེ་ཞིག་བཙུགས་ཏེ་བོད་ཡིག་སྟེང་དེང་རབས་དེབ་སྣ་ཚོགས་ཤིག་མཐུན་རྐྱེན་སྦྱར་ཐུབ་ཡིན་ན། དེས་བོད་ནང་དུ་བོད་གསོན་གནས་མུ་མཐུད་ཡོང་བ་དང་། གཞོན་སྐྱེས་ཚོས་བོད་ཡིག་ལ་དོ་སྣང་དགའ་མོས་བྱེད་པ། བོད་ཡིག་གིས་བོད་མིའི་དགོས་མཁོ་བསྐང་སྟེ་བོད་མི་ཡར་རྒྱས་གཏོང་ཐུབ་ངེས་ཅན་རེད།
བོད་གཞུང་གི་སྔོན་རྩིས་ལ་ལྟོས་ན་ཚོགས་པ་འདི་འདྲ་ནི་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པའི་ལས་གཞི་ཆུང་ཆུང་ཞིག་ཡིན་པ་རེད། གཞིས་ཆགས་གཅིག་ནང་ལོ་ལེགས་མ་བྱུང་བའམ། རྒྱ་གར་ཚོང་ཤག་ལ་ཚོང་རྡིབ་ཏེ་འབྲུ་རིན་མ་སྤྲད་པ་ཙམ་ལའང་བོད་གཞུང་གིས་ཧིན་སྒོར་འབུམ་སུམ་བརྒྱས་རོགས་པ་བྱས་པ་དེ་འདྲ་མང་པོ་བྱུང་ཟིན་པ་རེད། བོད་ནང་གི་མི་ས་ཡ་མང་པོར་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་ལྡན་པ། ལས་གཞི་འདི་འདྲ་ཆུང་ཆུང་གི་ཆེད་འགྲོ་སོང་གཏོང་མི་ཐུབ་པ་གང་ཡང་མེད་པ་རེད་མོད། ད་སྔ་བོད་གཞུང་གིས་གེ་སར་སྒྲུང་ཞིབ་འཇུག་དང་སྲོང་བཙན་གྱི་འཁྲུངས་འདས་ལོ་ཚིགས། རྩལ་བོ་ཆེ་མི་བདུན་ཞིབ་འཇུག་དང་རྒན་རྒོན་ཚོའི་ངག་རྒྱུན་ལྟ་བུ་དེ་འདྲ་དགོས་མཁོ་མེད་པ་དང་། འབྲེལ་བ་མེད་པ་རྐྱང་རྐྱང་སྟེང་འགྲོ་སོང་བཏང་བསྡད་པ་རེད། དེ་ཚོའི་རིགས་ལ་བོད་ནང་བོད་ལྗོངས་ཞིབ་འཇུག་སོགས་སུ་ཆེད་རྩོམ་བརྒྱ་ཕྲག་མང་པོ་སྤེལ་ཡོད་པ་དང་། ཞིབ་འཇུག་གི་མཐུན་རྐྱེན་གནས་ཚད་ཀྱང་བཙན་བྱོལ་ལས་ཡག་པོ་ཡོད་པ་རེད།
དེ་ལས་ང་ཚོས་ཡིག་བསྒྱུར་གྱི་ལས་གཞི་དེ་འགོ་བཙུགས་ན། བཙན་བྱོལ་ནང་དུ་ཨིན་ཡིག་དང་བོད་ཡིག་གཉིས་ཆར་གནས་ཚད་ཡག་པོ་ཡོད་མཁན་ཧ་ཅང་ཡོད་ལ། ཡང་བོད་ཡིག་ཡག་པོ་དང་ཨཱིན་ཇི་ཡག་པོ་ཡོད་པ་ཅིག་མི་གཉིས་མཉམ་འབྲེལ་གྱིས་ཀྱང་བསྒྱུར་ཆོག་པ་རེད། ལས་ཀའི་ངོ་བོའི་ཆ་ནས་ལས་ཁུངས་གཏན་འཇགས་མེད་ནའང་། རྩོམ་བསྒྱུར་རིན་འབབ་ཡག་པོ་ཕུལ་ཏེ་ས་གནས་གང་དུའང་བསྒྱུར་ཆོག་པ་ལྟ་བུ་སོགས་ན། བསྒྱུར་མཁན་གྱིས་ལག་ཐོག་གི་མ་རེད་སྙམ་པས། གནད་འགག་འདི་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དགོངས་པ་ངེས་པར་བཞེས་དགོས་ཀྱི་ཡོད་པ་རེད།
གལ་ཏེ་གཞུང་གིས་ལས་འཆར་དེ་འདྲ་མ་བརྩམས་ན། བོད་ཡིག་ལ་གཅེས་སེམས་ཡོད་པ་ཚོས་ལས་འཆར་འདི་བོད་མི་ཚོར་ཕན་པ་ཡོད་པའི་བསམ་འཆར་ཅིག་རེད་སྙམ་ན། ངེས་པར་གཞུང་ལ་གནོན་ཤུགས་སྤྲད་དེ་སྒྲུབ་བཅུག་དགོས་པ་རེད། རྒྱུ་མཚན་ང་ཚོ་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པས་མི་མང་གིས་འགྱུར་བ་གཏོང་ཐུབ་ངེས་རེད།
བསམ་ཚུལ་ཡག་པོགསུང་འདུག་རྒྱབ་བསྐོྱར་ཡོད།
བསམ་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། འོན་ཀྱང་་་བཙན་བྱོལ་ནང་དུ་ཨིན་ཡིག་དང་བོད་ཡིག་གཉིས་ཆར་གནས་ཚད་ཡག་པོ་ཡོད་མཁན་ཧ་ཅང་ཡོད་ལ།་་་་ཞེས་པ་དེར་ངོས་ལེན་བྱེད་མི་ཐུབ། གང་ཡིན་ཟེར་ན་ངེད་ཚོར་ད་བར་འདབས་ཤོག་གཉིས་ལྡན་གྱི་སྐྱེས་བུ་ཧ་ཅང་གི་དཀོན་པས་ལས་གཞི་དེ་ཚོ་ད་བར་བཙུགས་ཐུབ་མེད་པ་རེད་མ་གཏོགས་མ་ཤེས་པ་དང་དེར་དགོས་གལ་མ་མཐོང་བ་གཏན་ནས་མ་རེད་སྙམ།།
ལས་གཞི་འདི་ལོ་ངོ་བཅུ་ཕྲག་སྔོན་ནས་འགོག་བཙུགས་ཟིན་དགོས་ངེས་ཀྱང་། ད་བར་དུ་སྣང་མེད་དུ་ལུས་ཡོད། རྩོམ་པ་པོའི་དགོངས་འཆར་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། དབྱིན་ཡིག་ནང་དུ་༸རྒྱལ་བ་བཅུ་གསུམ་པ་ཆེན་པོ་མན་ཆད་ཀྱི་ཆབ་སྲིད་གནས་ཚུལ་འཁོད་པའི་དཔེ་དེབ་ཧ་ཅང་མང་པོ་ཡོད་ཀྱང་། ད་བར་དུ་དཔེ་དེབ་གཅིག་གཉིས་མ་གཏོགས་བསྒྱུར་མེད། དེ་ནི་དཔེ་མཚོན་ཙམ་ཡིན། དེ་བཞིན་དུ་ཚགས་པར་ཐོག་ཏུ་རྒྱལ་སྤྱིའི་གནས་ཚུལ་བོད་ཡིག་ཐོག་ཧ་ཅང་ཉུང་ཉུང་རེད་འདུག རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་ཚུལ་ནི་ཧ་ལམ་བོད་ཡིག་ཐོག་བཀོད་པ་ཞིག་ད་བར་དུ་མཐོང་མ་སོང་། དེ་བཞིན་སྤྱིར་བཏང་གི་ཤེས་བྱ་བོད་བསྒྱུར་བྱས་པ་ཡང་ཉུང་ཤས་ལས་མེད།
ད་བོད་གཞུང་གིས་དངོས་གནས་ཕྱག་ལས་གནང་རན་འདུག གཞན་ཕྱིས་དྲགས་སྲིད། སླར་ཡང་རྩོམ་པ་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བསམ་ཚུལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་་་་དངོས་གནས་ཡག་པོ་གསུངས་གནང་འདུག་་་་་