དུས་བབ་ནས་བླངས།
ཝ་ཞིན་ཊོན་གྱི་དུས་འཁོར་དབང་ཆེན་སྟེང་གཞོན་ནུ་ལྷན་ཚོགས་ཀྱིས་སྟེང་ལ་བོད་གཞུང་ཞེས་བཀོད་ཡོད་པའི་སྟོད་གོས་ཤིག་འཚོང་བཞིན་ཡོད་སྐབས། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ཀྱིས་བཀག་སྡོམ་བྱས་ཡོད་འདུག
དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ སྟེང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་དོན་ལྟར་ན། ཉིན་འདི་འགར་ཨ་རིའི་རྒྱལ་ས་ཝ་ཞིན་ཊོན་དུ་༧གོང་ས་མཆོག་གིས་དུས་འཁོར་དབང་ཆེན་གསུང་གི་ཡོད་པ་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༣ ཉིན་དབུས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་རྩ་དོན་ལས་འགུལ་ལ་དཔལ་འབྱོར་འདུ་འགོད་ཆེད། སྟེང་དུ་༼ བཙན་བྱོལ་བོད་བོད་གཞུང་ ༽ ཞེས་བཀོད་ཡོད་པའི་སྟོད་གོས་ཚོང་འགྲེམས་བྱེད་བཞིན་ཡོད་པར། དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྐལ་ལྡན་བློ་གྲོས་ལགས་ཀྱིས། དེ་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་བརྗོད་དེ་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་བྱུང་ཡོད་འདུག
སྐབས་དེར་སྐལ་ལྡན་བློ་གྲོས་ལགས་ཀྱིས་སྟོད་གོས་དེ་དག་ད་ལྟ་རང་ཚོང་རྭ་ནས་ཕྱིར་བསྡུ་བྱ་དགོས་པ་དང་། གལ་སྲིད་དུས་ཐོག་ཏུ་ཕྱིར་བསྡུ་མ་བྱས་ཚེ་སྤྱི་བདེ་མི་སྣ་སྐད་གཏོང་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། སྐུ་སྒེར་དྲུང་ཆེ་མཆོག་གི་མཚན་ཡང་བེད་སྤྱོད་བཏང་ཡོད་སྐོར་གཞོན་ནུའི་གསལ་བསྒྲགས་སུ་བཀོད་འདུག འོན་ཀྱང་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་མཆོག་གིས་གཞོན་ནུས་ཅ་ལག་འཚོང་གི་ཡོད་པའི་སྐད་ཆ་ཙམ་ལས། དེའི་སྟེང་དུ་གང་ཞིག་འཁོད་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ཚུལ་གསལ་བཤད་གནང་ཡོད་འདུག
གཞོན་ནུའི་གསལ་བསྒྲགས་ནང་། འདས་པའི་མི་ལོ་ ༦༠ རིང་རྒྱ་ནག་གཞུང་གི་ངན་ཇུས་ཀྱིས་རྩ་མེད་བཟོ་མ་ཐུབ་པ་ཞིག སྐལ་ལྡན་བློ་གྲོས་ལྟ་བུ་ཞིག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་བཀག་སྡོམ་རྩ་མེད་གཏོང་ཐབས་བྱེད་པ་ནི། བོད་ཀྱི་ལོ་རྒྱུས་དང་བོད་མི་མང་ལ་མཐོང་ཆུང་བྱས་པའི་གནད་དོན་ཚབས་ཆེན་ཞིག་ཡིན་ཚུལ་སོགས་སྐལ་ལྡན་བློ་གྲོས་ཀྱི་བྱེད་སྟངས་དེར་སྐྱོན་བརྗོད་དང་བློ་ཕམ་ཆེན་པོ་བྱས་ཡོད་པ་མ་ཟད། ཕྱི་ཚེས་ ༡༥ སྔོན་ལ་སྐལ་ལྡན་བློ་གྲོས་ཀྱིས་ཡིག་ངག་གཉིས་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་ཡང་བཀོད་འདུག
དབུས་གཞོན་ནུའི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་ཀྱིས་གསར་འགོད་བསྒྲགས་གཏམ་སྒྲོག་སྦྱོང་གནང་དོན། “ཁོ་པས་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་གི་ཚོགས་གཙོ་དང༌། བོད་རང་བཙན་གྱི་ངོ་བོ་ལྡན་པའི་བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་ཁྲོམ་ར་ནས་ཕྱིར་འབུད་བྱེད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་ནི། དགྲ་བོ་རྒྱ་ནག་གི་སྡང་ཟུག་བྱ་ཡུལ་དང༌། བོད་གཞིས་བྱེས་གཉིས་ཀྱི་རེ་བ་ཡིད་ཆེས་བཅོལ་ས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང༌། བོད་རང་བཙན་འཐབ་རྩོད་ལ་མཐོང་ཆུང་ཁྱད་གསོད་བྱེད་པ་ཞིག་ཡིན” ཞེས་དང་། “༧གོང་ས་མཆོག་གི་མཚན་མཐོང་དང་ཐད་ཀར་འབྲེལ་ཆེ་བའི་དཔལ་ལྡན་སྐུ་སྒེར་དྲུང་ཆེའི་མཚན་ཡང་ཁོ་པས་བེད་སྤྱོད་ལོག་པར་བཏང་འདུག་པ་ནི། དུས་དབང་གོ་སྒྲིག་ཚོགས་ཆུང་གིས་ཚོགས་གཙོ་ཞིག་གི་བཟང་སྤྱོད་ཀྱི་འགན་འཁུར་དང་འགལ་བ་ཆགས་ཡོད་པས། ཧ་ཅང་བློ་ཕམ་ཆེ་ཞིང༌། གནས་ཚུལ་དེ་འདི་མུར་བཞག་ན་འབྲེལ་ཡོད་འདས་གསོན་མང་པོའི་བློས་གཏོང་རེ་བ་དང༌། སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་འགན་མ་འཁུར་བ་ཞིག་དང༌། ལྷག་པར་ངན་པ་རྒྱ་ཡན་དུ་གཏོང་བའི་གནད་དོན་ལས་མ་འདས་པར་བརྟེན། སྤྱོད་ངན་ཐེར་འདོན་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་ཐོག་མར་བསྒྲགས་གཏམ་འདི་སྤེལ་བ་ཡིན” ཞེས་བསྟན་འདུག
གསལ་བསྒྲགས་ནང་སྐལ་ལྡན་བློ་གྲོས་ལགས་ཀྱིས་གང་མགྱོགས་གཞོན་ནུ་ལྷན་ཚོགས་ལ་དགོངས་སེལ་ཞུ་དགོས་སྐོར་བཀོད་དོན། “ཁོ་རང་གིས་བརྒྱུད་ལམ་ཁག་དང་མང་ཚོགས་ཐོག་གཞོན་ལྷན་སྒྲིག་འཛུགས་དང་ཚོགས་གཙོ་ཚེ་དབང་རིག་འཛིན་མཆོག་ལ་འདི་ཟླའི་ཚེས་ ༡༥ གོང་དུ་ཡིག་ངག་གཉིས་ཐོག་ནས་ངེས་པར་དགོངས་སེལ་ཞུ་དགོས་ཤིང༌། གལ་སྲིད་དེ་ལྟར་མ་བྱས་ཚེ། ཁོ་པའི་བྱེད་ཕྱོགས་དང་བརྡ་ལན་ལ་དཔག་པའི་ང་ཚོས་གོམ་པ་མདུན་སྐྱོད་ཀྱི་གདོང་ལེན་མཐར་ཕྱིན་བྱ་རྒྱུ་ཡིན”
མུ་མཐུད་དུ་བསྟན་དོན། “བོད་མི་ཡོངས་ཀྱིས་བཙན་བྱོལ་བོད་གཞུང་ལ་ལུས་ངག་ཡིད་གསུམ་གྱིས་ངོས་འཛིན་གུས་བཀུར་མུ་མཐུད་རྒྱུན་འཆང་ཞུ་རྒྱུ་ནི། བོད་རང་བཙན་གྱི་འདས་པའི་ལོ་རྒྱུས་སྲུང་སྐྱོབ་དང༌། མ་འོངས་བོད་རང་བཙན་སླར་གསོའི་དགོས་ནུས་གལ་ཆེན་ཞིག་ཆགས་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༧ ཉིན་བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུའི་གསལ་བསྒྲགས་སྤེལ་ཟིན་པ་ལྟར། སུ་ཞིག་གི་གནོན་ཤུགས་ཅི་ཞིག་བྱུང་རུང༌། བཙན་བྱོལ་བོད་གཞུང་ཞེས་པའི་མཚན་བྱང་མུ་མཐུད་བེད་སྤྱོད་གཏོང་རྒྱུ་ཡིན་ཞིང༌། བཙན་བྱོལ་བོད་གཞུང་གི་མཚན་བྱང་འཁོད་པའི་སྟོད་གོས་རྣམས་ཀྱང་མུ་མཐུད་ཚོང་འགྲེམས་ཞུ་རྒྱུ་ཡིན” ཞེས་བཀོད་འདུག