ནག་ཆུ་ཀུན་དགའ།
ལོ་རྒྱུས་ཀྱི་བྱུང་བའི་ནང་དུ་འཁོད་ཟིན་པའི་ཐ་སྙད་སྐད་པོ་ཆེ་ཞིག་སྟེ། བོད་ཆེན་པོ་ཞེས་པ་འདིས་ཁྱབ་ཚད་ངོས་འཛིན་བྱེད་སྟངས་ཐད་ད་བར་མི་མཐུན་པ་འགའ་ཤས་བྱུང་འདུག་ཅིང་། ཕལ་མོ་ཆེས་བོད་དང་བོད་ཆེན་པོ་ཞེས་འབོད་སྐབས། སྔ་མས་ཁྱབ་ཡུལ་ལ་དབུས་གཙང་ས་ཁུལ་ཙམ་དང་། ཕྱི་མས་ཁྱབ་ཡུལ་ལ་མདོ་སྟོད་མེད་གཉིས་གཅིག་ཏུ་སྦྲེལ་བའི་ཡུལ་ལ་གོ་བར་འདོད་པ་དང་། ཡང་སྔ་མ་གོང་བཞིན་ལ་ཕྱི་མ་དབུས་གཙང་གཉིས་ཀྱི་སྟེང་དུ་མདོ་སྟོད་མེད་གཉིས་བསྣན་པའི་བོད་ཁམས་སྤྱིའི་མིང་ལ་བོད་ཆེན་པོ་ཞེས་བཏགས་པར་འདོད་པ་སྟེ་རིགས་ཅུང་ཟད་མི་མཐུན་པ་གཉིས་དང་། ཡང་རེ་འགས་འབྲོམ་སྟོན་གྱིས་བོད་ཆེན་པོ་ན་བསམ་ཡས་གཙུག་ལག་ཁང་བཞུགས་པ་གསུངས་ཚུལ་རྒྱུ་མཚན་དུ་བྱས་ནས་བོད་ཆེན་པོ་ནི་བོད་དབུས་ཀྱི་ས་ཁུལ་ཙམ་ལ་ངོས་བཟུང་བྱས་པ་དང་། ཡང་ལ་ལར་དག་གིས་རྒྱ་གར་བ་རྣམས་ཀྱིས་རང་ཡུལ་ནས་བརྩིས་པའི་ས་ཐག་རིང་བ་མདོ་སྟོད་མེད་གཉིས་ལ་བོད་ཆེན་པོ་ཞེས་འབོད་ཅིང་། དེ་ལས་ཅུང་ཁད་ཉེ་བའི་བོད་ཀྱི་ཡུལ་གྲུ་རྣམས་ལ་བོད་ཅེས་འབོད་སྲོལ་ཡོད་ཅིང་། དེའི་ཤན་ཞུགས་ཏེ་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དེ་ལྟར་སྨྲས་པར་འདོད་པ་སོགས་རང་རང་གིས་ཐད་ཕྱོགས་སྣ་ཚོགས་ཤིག་བྲིས་འདུག།
འོན་ཀྱང་དོན་དངོས་ལ་བསམ་གཞིག་བྱས་སྐབས། ཡུལ་ལུང་སོ་སོའི་སྐྱེ་བོ་རྣམས་ཀྱིས་རང་ཡུལ་ལ་ཆེ་བསྟོད་ཀྱིས་ཆེན་པོ་ཞེས་པའི་ཐ་སྙད་སྦྱོར་སྲོལ་ཡོད་པ་ཞིག་ཡིན་འདུག་ཅིང་། བོད་ཀྱི་བཙན་པོ་རྣམས་ཀྱིས་ཀྱང་ཐ་སྙད་འདི་མདོ་དབུས་ཁམས་གསུམ་འདུས་པའི་བོད་ཁམས་སྤྱི་ལ་སྦྱར་བ་ནི་སུས་ཀྱང་སྨྱོན་དུ་མེད་པ་ཞིག་ཆགས་འདུག། དེ་ཡང་བཙན་པོ་ཁྲིལ་རལ་པ་ཅན་གྱིས་རྒྱ་བོད་གཉིས་འདུམ་འཆིང་མནའ་གན་སྐབས་བཙུགས་པའི་ལྷ་ལྡན་གཙུག་ལག་ཁང་གི་མདུན་ཡོད་རྡོ་རིང་སྟེང་འདི་ལྟར་བཀོད་ཡོད། རྒྱའི་ཡུལ་དུ་ནི་ཀིང་ཤིའི་ནུབ་ཕྱོགས། སང་ཤིའི་དྲུང་དུ། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་ལོ་བདུན་། རྒྱ་ཆེན་པོའི་ལོའི་མིང་། ཅང་ཀེང་ལོ་དང་པོ། ལྕགས་མོ་གླང་གི་ལོའི་དགུན་ཟླ་རྭ་བའི་ཚེས་བཅུ་ལ། དཀྱིལ་འཁོར་ལ་འཛེགས་ཏེ་རྒྱས་གཙིགས་བཟུང་ངོ་།
བོད་ཡུལ་དུ་ནི། ཕོ་བྲང་ལྷ་སའི་ཤར་ཕྱོགས། སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མིང་། ཅང་ཀེང་ལོ་གཉིས། ཆུ་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ། དཀྱིིལ་འཁོར་ལ་འཛེགས་ཏེ་བོད་ཀྱིས་གཙིགས་བཟུང་ངོ་། གཙིགས་ཀྱི་རྡོ་རིང་ལ་བྲིས་པ་འདི་ཡང་། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་དགུ། རྒྱ་ཆེན་པོའི་ལོའི་མིང་ཅང་ཀེང་ལོ་གསུམ། ཆུ་མོ་ཡོས་ཀྱི་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་བཞི་ལ། རྡོ་རིང་ལ་ཡི་གེར་བྲིས་སོ།། ཞེས་གསལ་བ་འདི་ལས་སྐབས་དེར་རྒྱ་བོད་ཀྱི་ཡུལ་གྲུ་གཉིས་ཀ་ལ་ཆེ་བསྟོད་ཀྱིས། བོད་ཆེན་པོ་དང་། རྒྱ་ཆེན་པོ་ཞེས་འབོད་ཀྱི་ཡོད་པ་རྟོགས་ཐུབ་པ་མ་ཟད། རྒྱ་བོད་གཉིས་ཀྱིས་བསྟུད་མར་ལོ་གསུམ་གྱི་རིང་ཆིངས་དོན་དཔང་པོ་རྡོ་རིང་བཙུགས་པ་དང་། དེ་ཡང་དང་པོ་རྒྱ་ཡུལ་དང་། གཉིས་པ་བོད་ཡུལ། ལོ་གསུམ་པར་རྡོ་རིང་ལ་ཡི་གེར་བཀོད་དུས་བཅས། གལ་ཆེན་གྱི་བྱུང་བ་གསུམ་གསལ་པོར་བསྟན་འདུག།
ད་དུང་རྡོ་རིང་དེའི་ལྷོ་ངོས་སུ་འདི་ལྟར་གསལ། མཇལ་འདུམ་ཆེན་པོ་མཛད་དེ། བོད་རྒྱ་གཉིས་ད་ལྟར་སུ་མངའ་བའི་ཡུལ་དང་མཚམས་བསྲུང་ཞིང་། དེའི་ཤར་ཕྱོགས་ཐམས་ཅད་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མི་འཐབ། དམག་མི་དྲང་ཞེས། རྒྱ་བོད་གཉིས་ཀྱིས་རང་རང་ལ་བདག་པའི་ཡུལ་ལུང་དབྱེ་འབྱེད་ཀྱིས་ས་མཚམས་བཟོས་ཤིང་། ས་མཚམས་དེའི་ནུབ་ཕྱོགས་བོད་ཀྱི་ཡུལ་ལུང་ཡོངས་རྫོགས་ལ་བོད་ཆེན་པོའི་ཡུལ་ཞེས་གསལ་པོར་བྲིས་འདུག།
དེས་ན་བོད་ཆེན་པོའི་ཞེས་པའི་ཐ་སྙད་ཀྱིས་ཁྱབ་ཚད་ནི་གོང་དུ་བཤད་པར་ལྟར་མདོ་དབུས་ཁམས་གསུམ་འདུས་པའི་བོད་ཁམས་ཡོངས་རྫོགས་ལ་ཁྱབ་བོ་སྙམ། འབྲོམ་སྟོན་གྱིས་བོད་ཆེན་པོ་ན་བསམ་ཡས་ཡོད་པར་གསུངས་པ་ནི་དོན་ལ་གནས་པ་ཡིན། གསལ་བར་བཤད་ན། བསམ་ཡས་བོད་ཀྱི་ཡུལ་དུ་ཡོད་གསུངས་པ་རང་ཡིན། བསམ་ཡས་བོད་ཆེན་པོའི་ཡུལ་དུ་མེད་ན་རྒྱ་ཆེན་པོའི་ཡུལ་དུ་ནི་མེད་པའི་བསམ་ཡས་གང་དུ་ཡོད་དགོས་སམ། སྔར་ཡོད་བོད་ཀྱི་ཐ་སྙད་སྟེང་ཆེ་བསྟོད་ཀྱི་ཚིག་ཆེན་པོ་ཞེས་པ་འདི་སྦྱར་བས་བོད་ཆེན་པོ་ཞེས་པའི་མིང་འདི་བྱུང་བ་ལས་།བོད་དང་བོད་ཆེན་པོ་ཞེས་པའི་ཡུལ་ལུང་སོ་སོ་གཉིས་ནི་ཡོད་པ་མིན་ནོ།
སྤྱིར་བཏང་ཡུལ་ལུང་བྱེ་བྲག་གི་མིང་ཡུལ་སྤྱི་ལ་ཐོགས་པ་དང་། གང་ཟག་བྱེ་བྲག་གི་མིང་ཡུལ་ལུང་སྤྱི་ལ་ཐོག་པ་དང་། ཆོས་ལུགས་བྱེ་བྲག་གི་མིང་ཡུལ་ལུང་སྤྱི་ལ་ཐོག་པ་སོགས་ནི་དུ་མ་ཞིག་བྱུང་ཡོད་པར་ལྟར། བོད་ཞེས་པའི་ཐ་སྙད་འདི་ཡང་ཐོག་མར་བོད་དབུས་ཀྱི་ས་ཁུལ་དུ་ཡོད་པའི་ལུང་པ་ཆུང་ཆུང་ཞིག་གི་མིང་ནས་རྗེས་སུ་མིང་དེ་བོད་སྤྱིའི་མིང་དུ་གྱུར་བ་དེ་འདྲ་ཡང་ཡིན་མི་སྲིད་པ་ནི་མིན། དཔེར་ན། ངའི་ཕ་ཡུལ་ནག་ཆུ་ནས་ལྷ་སར་འགྲོ་དགོས་བྱུང་ཚེ་བོད་དུ་འགྲོ་ཞེས་རང་ཉིད་གནས་ཡུལ་དེ་བོད་ཀྱི་ལུང་པ་མ་ཡིན་པ་ལྟ་བུར་བརྗོད་བཞིན་འདུག་ལ། གནས་སྟངས་འདི་ངའི་ཕ་ཡུལ་གཅིག་པུར་མ་ཡིན་པར་མདོ་ཁམས་གཉིས་ཀྱང་གཅིག་མཚུངས་ལྟ་བུ་མིན་ནམ་སྙམ།
གང་ལྟར་འདི་ནི་མ་དག་རྒྱུན་འབྱམས་སུ་ཕྱིན་པ་ལ་ངོས་བཟུང་དགོས་པ་ལས་ད་ནི་བོད་དང་། བོད་ཆེན་པོ་ཞེས་པ་གཉིས་སོ་སོར་འབྱེད་དུ་མེད་པ་ཡིན། དཔེར་ན། དང་པོ་ཕ་ཡི་རུས་མིང་ལ་ལྡོང་ཞེས་བཏགས། དེ་ནས་རུས་མིང་དེ་དེའི་བུ་རྒྱུད་སྤྱིའི་རུས་མིང་དུ་གྱུར་ཟིན་རྗེས། དེའི་བུ་དང་ཚོ་བོ་ཡང་ཚ་སོག་ཐམས་ཅད་ཀྱི་རུས་མིང་ལྡོང་རང་ཡིན་པ་ལས། དེ་ལ་དང་པོ་ལྡོང་དང་ཕྱི་མ་རྣམས་ལྡོང་ཆེན་པོ་ཞེས་འབྱེད་དུ་མེད་པ་བཞིན་ནོ།
ལྡོང་གི་རུས་མིང་ལ་ཆེ་བསྟོད་ཀྱིས་ཆེན་པོ་ལྡོང་གི་གདུངས་རྒྱུད་ཅེས་བརྗོད་ན་རུང་བ་ལྟར། བདག་ནི་མདོ་དབུས་ཁམས་གསུམ་འདུས་པའི་བོད་ཁམས་སྤྱི་འམ། ཡང་ན་ས་སྐྱས་བོད་ལ་དབང་བསྒྱུར་བྱས་རྗེས་ཀྱི་ཐ་སྙད་དེ་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་ཡུལ་ལུང་ལ། བོད་ཆེན་པོ་འམ། ཆེན་པོ་བོད་ཅེས་འབོད་པ་ཡིན་ལ། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། མེས་པོ་གོང་མའི་ཆབ་སྲིད་ཀྱི་ཐ་སྙད་ལ་གཙིགས་སུ་བཟུང་བ་ལས་རང་སྣང་འཁྲུལ་པའི་ལབ་རྡོལ་ལ་ཡི་བརྟོན་བྱས་ནས་བྲིས་པ་ཞིག་མིན།
འོན་ཀྱང་འདས་སོང་ལོ་ཟླའི་བྱུང་བ་རྣམས་ཡང་དག་མིན་ལ་མ་ལྟོས་པར་གནའ་མིའི་རྗེས་ཤུལ་གྱི་དངོས་པོ་རེ་ཟུང་དཔྱད་གཞིར་བཟུང་སྟེ་ཚོད་དཔག་མ་བྱས་དཀའ་མེད་ལ་བརྟེན། འགལ་འཁྲུལ་མ་རྟོགས་པའི་རིགས་ཇི་སྙེད་ཡོད་ངེས་ལ། ལོ་རྒྱུས་སྨྲ་བའི་དབང་པོ་རྣམས་ལ་བཟོད་གསོལ་ཞུ།།
སྨྲས་པ།
ངོ་མཚར་དན་རྟགས་མེས་པོའི་ཕྱག་གི་རིས།།
སྲ་བརྟན་རྡོ་ལ་བརྐོས་པའི་གཏམ་རྒྱུད་འདིས།།
མདོ་དབུས་ཁམས་གསུམ་འདུས་པའི་ཡུལ་ལུང་ལ།།
ཆེན་པོ་བོད་ཅེས་བཏགས་པ་བདག་གིས་རིག།།
རིག་པ་ལེགས།
མ་རིག་པ་མ་ལེགས།
འབད་པ་བཟང་།
བོད་ལ་ཆེ་ཆུང་གི་རྣམ་བཞག་མེད་་་་་་་་་་་་བོད་ནི་བོད་རང་རེད་།
བོད་དེ་ཆེ་ཆུང་འདྲ་མེད་སྣ་ཚོགས་བྱེད་པ་ནི་གཡོ་ཐབས་ཡིན་པར་ཤེས་དགོས།
ལགས་སོ། ཞེ་འཇུག་ཡག་པོ་བྱས་འདུག །ཐུགས་རྗེ་ཆེ།
ལགས་སོ། ཞེ་འཇུག་ཡག་པོ་བྱས་འདུག །ཐུགས་རྗེ་ཆེ།
བརྗོད་བྱ་རྗོད་གཉིས་ཀའི་ཆ་ནས་ལེགས་པར་བྲིས་པར་གཟེངས་བསྟོད་ཀྱི་མེ་ཏོག་འཕྲེང་བ་སྐུ་སྐེ་ལ་འདོགས་དགོས་པར་སྣང་། “སྔར་ཡོད་བོད་ཀྱི་ཐ་སྙད་སྟེང་ཆེ་བསྟོད་ཀྱི་ཚིག་ཆེན་པོ་ཞེས་པ་འདི་སྦྱར་བས་བོད་ཆེན་པོ་ཞེས་པའི་མིང་འདི་བྱུང་བ་ལས་།བོད་དང་བོད་ཆེན་པོ་ཞེས་པའི་ཡུལ་ལུང་སོ་སོ་གཉིས་ནི་ཡོད་པ་མིན་ནོ།”
ཞེས་པ་དིང་དུས་དོན་ཉིད་དུ་གནས་དགོས་པར་མཐོང་། འོན་ཀྱང་༡༩༥༩ བར་ལ་མཚོན་ན། དབུས་གཙང་གཉིས་ཁོ་ན་ལ་སྤྱོད་པར་མཐོང་། དབུས་གཙང་གཉིས་ཀྱི་མི་ལ་བོད་པ་དང་། དེ་མིན་པ་ཁམས། ཁམས་དང་། ཨ་མདོ་དང་། མངའ་རིས་ཀྱི་བོད་ཡུལ་ནས་འོངས་པ་དག་ལ་ཁམས་པ་དང་། ཨ་མདོ་པ་དང་། མངའ་རིས་པ་ཞེས་འབོད་པ་དངོས་སུ་མཐོང་། ངའི་རྣམ་རྟོག་ལ་བོད་སྤྱི་ལ་དབང་སྒྱུར་བའི་རྒྱལ་པོ་སོགས་གནས་པའི་ས་གནས་ལ་བོད་དང་། དེ་ལས་གཞན་པའི་བོད་ཆེན་་པོ་ཞེས་འབོད་པར་འདོད། དེས་ན། འབྲོམ་སྟོན་གྱིས་ཇོ་བོ་རྗེ་ལ་བོད་ཆེན་པོ་ན་བསམ་ཡས་སོགས་ཡོད། ཅེས་གསུངས་དགོས་པ་ཡང་དེ་དུས་བོད་ལ་དབང་སྒྱུར་བ་པོའི་རྒྱལ་རྒྱུད་དེ་མངའ་རིས་ན་ཡོད་པས། ས་གནས་དེ་ཙམ་ལ་བོད་དང་། བོད་ཡུལ་གཞན་རྣམས་ལ་བོད་ཆེན་པོ་ཞེས་འབོད་པར་བྱེད། ཕྱིས་སུ་བོད་ཀྱི་རྒྱལ་རྒྱུད་ཆེས་ཆེར་ཉམས་པའམ་མེད་པར་སོང་བ་ན། བོད་ཡུལ་ལ་དབང་སྒྱུར་བ་པོ་དབུས་གཙང་ན་ཡོད་པས། དེ་ཙམ་ལ་བོད་དང་། ལྷག་ལུས་ཀྱི་བོད་ཡུལ་ལ་བོད་ཆེན་པོ་ཞེས་འབོད་པ་ཆགས་སོ་སྙམ་པ་ཞིག་མཆིས་སོ།
དེ་ལས་གཞན་པའི་བོད་ཆེན་་པོ་ཞེས་འབོད་པར་འདོད། ཞེས་པ། དེ་ལས་གཞན་པའི་བོད་ཀྱི་ཡུལ་ལ་བོད་ཆེན་པོ་ཞེས་འབོད་པར་འདོད། ཅེས་ཀློག་པར་མཛོད།
རྩོམ་ཡིག་ཡག་པོ་བྲིས་འདུག
རྒན་ལ་དྭགས་པས་དགོངས་ཚུལ་གསུངས་པར་དགའ་སྤྲོ་དང་བཅས་ཞུ་རྒྱུར། ཁམས་དང་ཨ་མདོ། མངའ་རིས་བཅས་ནས་འོངས་པ་དག་ལ་ཁམས་ནས་འོངས། ཨ་མདོ་ནས་འོངས། མངའ་རིས་ནས་འོངས་པ་ཡིན་སོགས་ཟེར་བ་བདེན། འོན་ཀྱང་དབུས་ཀྱི་མི་ཞིག་ཡུལ་ཨ་མདོར་ཕབེ་སསྐབས་ལྷ་ས་ནས་འོངས། དབུས་གཙང་ནས་འོངས་ཟེར་པ་ལས། ང་བོད་ནས་འོངས་མི་ཟེར། དེ་བས་དེ་ཙམ་ཟིག་རྒྱུ་མཚན་དུ་མ་མཐོང་། གཞན་འབྲོམ་གྱི་སྐུ་དུས་སུ་བོད་ཀྱི་དབང་སྒྱུར་གནང་མཁན་ཡུལ་མངའ་རིས་སུ་བཞུགས་ནས་བསམ་ཡས་ལ་བོད་ཆེན་པོར་འབོད་ཟེར་བའི་དགོངས་ཚུལ་ལ་ཡང་དཔྱད་པར་བྱ་བ་ཡོད་མོད་སྙམ་ཞིང་།
ནག་ཆུ་ཀུན་དགའ་ལགས་ཀྱི་རྡོ་རིང་ཡི་གེ་ལས་ལུང་དྲངས་ཏེ་བདེན་དཔང་དུ་བསྒྲུབ་དེར་འཐད་ཙམ་བྱུང་། ཆེ་བསྟོད་བྱེད་རྒྱུ་མི་རིགས་སུ་ལའང་ཡོད་ཡོད་པ་ཞིག་ལ་དེང་སྐབས་ཀྱང་ཨ་རི་བ་ཚོ་གཙོས་འཛམ་གླིང་གི་མི་ཀུན་གྱི་རང་གི་མི་རིགས་དང་རྒྱལ་ཁབ། རིག་གཞུང་ལ་ཆེས་བསྟོད་སྣ་ཚོགས་བྱས་དང་བྱེད་བཞིན་པས་རྟོགས་ནུས་སོ།།
མྱི་ཆིག་ལ་ཚོགས་དགུ་ཚོགས་ན་བཅོམ་ལྡན་རིང་ལུགས་པ་ཆེན་པོ་རྒྱའི་སྲིད་ཀྱི་ཉམ་དྲོད་རྟོག་པ་ཟམ་གདོང་དབུ་དཀར་ལྟེ་བུ་སུ་ག་ལ་ཡང་མྱེད་དོ། བོད་ཆེ་ཆུང་གི་བརྡ་གཆིག་ལ་ནི་ནག་ཆུ་ཀུན་དགར་མ་དོ་འོ།
དགོངས་དག།