ཅོ་རི་ཉི་མ།
དང་པོ། ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་ཚིག་འགྲེལ་ལ་དཔྱད་པ།
1 ཆོལ་ཁ་ཞེས་པའི་ཐ་སྙད་འདི་ལ་ཚིག་འགྲེལ་རྒྱག་སྟངས་མི་འདྲ་བ་གསུམ་འདུག
༡་་་དག་ཡིག་གསར་བསྒྲིགས་ལས། ཆོལ་ཁ་ཞེས་པ་ནི་གནའ་དུས་དཔལ་འབྱོར་དང་རིག་གནས་ལ་བརྟེན་ནས་བགོས་པའི་ས་ཁུངས་ཀྱི་མིང་སྟེ། མདོ་སྨད་རྟའི་ཆོལ་ཁ་ཞེས་པ་ལྟ་བུ། ཅེས་འགྲེལ་བཤད་བརྒྱབ་འདུག
༢་་་སྨོན་ལམ་བོད་ཡིག་ཚིག་མཛོད་ལས། ་་ཆོལ་ཁ་ཞེས་པ་ནི་འབྱུང་ཁུངས་སམ་དར་སའི་གནས་ཏེ།(དཔེར་ན།) དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་ཞེས་པ་ལྟ་བུ། ཆོལ་ཁ་ཞེས་པ་སོག་སྐད་ཡིན་པར་བཤད་པ་ཤུགས་ཆེ།་་ཞེས་བཀོད་འདུག
༣་་་དེང་དུས་དང་མཐུན་པའི་ཕལ་སྐད་ཀྱི་བོད་དབྱིན་ཤན་སྦྱར་ཞེས་པའི་ཚིག་མཛོད་ལས། ཆོལ་ཁ་ཞེས་པ་ནི་དབྱིན་ཡིག་ཐོག་ཏུ་Province ཞེས་པ་ལ་བསྒྱུར་འདུག
ཚིག་མཛོད་མི་འདྲ་བ་གསུམ་གྱི་ནང་དུ་འགྲེལ་བཤད་མི་འདྲ་བ་སོ་སོར་བརྒྱབ་འདུག གང་ལ་ཆ་བཞག་དགོས་མིན་ནི་གནད་འགག་རེད་འདུག
གཉིས་པ། ཆོལ་ཁ་ཞེས་པའི་ཐ་སྙད་འདིའི་ཡོང་ཁུངས་དང་བསྟན་བྱ་ལ་དཔྱད་པ།
1 ཆོལ་ཁ་ཞེས་པའི་ཐ་སྙད་འདི་སོག་སྐད་རེད་ཅེས་སྤྱི་ཚོགས་ཡོངས་གྲགས་ལྟ་བུ་རེད་འདུག དེ་ཡང་ས་སྐྱས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་སྐབས་སུ་བྱུང་བ་ཡིན་མིན་གྱི་ཐོག་ནས་དཔྱད་ན་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ལས》
རྒྱལ་པོས་དབུ་མཛད་པའི་དབང་པ་ཉི་ཤུ་རྩ་ལྔ་ལ་ལན་གསུམ་བར་དུ་ས་སྐྱ་པའི་ཁྱད་ཆོས་དཔལ་ཀྱེ་རྡོ་རྗེའི་དབང་ཡོངས་སུ་རྫོགས་པ་བསྐུར་བ་ལས། ཧོར་གྱི་རྒྱལ་ཁམས་སུ་རྡོ་རྗེ་ཐེགས་པའི་དབུ་བརྙེད་པ་ཡིན་ཞིང་། *དེའི་དབང་ཡོན་དང་པོ་ལ་ཁྲི་སྐོར་བཅུ་གསུམ་ཕུལ་བ་ཡིན་པར་བཤད་པས། དེ་ཡང་ཁྲི་སྐོར་རེ་ལ་ལྷ་སྡེ་བཞི་སྟོང་དང་། མི་སྡེ་དྲུག་སྟོང་ཡོང་བ་ཡིན་ནོ།
*དབང་ཡོན་བར་མ་ལ་ཆོས་དུང་དཀར་པོ་རྒྱང་གྲགས་ཀྱིས་གཙོས་པའི་བོད་ཕྱོགས་ཁ་གསུམ་གྱི་བནྡེ་དང་། མི་སྡེ་སོགས་ཐབས་ཅད་ཕུལ་བ་ཡིན་པས། ཕྱོགས་ཁ་གསུམ་ལ་ཞིང་གཅིག་ཏུ་བརྩིས་པ་ཡིན་པར་བཤད་དེ། དེ་ཡང་སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཕྱོགས་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་མགོ་ནག་མིའི་ཕྱོགས་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་གྱད་གླིང་རྟའི་ཕྱོགས་ཁ་ཞེས་གྲགས་ཤིང་། ཞིང་ཞེས་པའི་ཐ་སྙད་ཀྱང་ཁང་པ་ཀ་བ་དྲུག་གི་ས་ཡོད་པ། མི་བཟའ་མི་གཉིས། བུ་ཕོ་མོ་གཉིས། གཡོག་ཕོ་མོ་གཉིས་ཏེ་དྲུག ཕྱུགས་རྟ་བོང་གཉིས། བ་གླང་ར་ལུག་རྣམས་དང་། ཞིང་ཧོར་སོན་ཁལ་བཅུ་གཉིས་ཀྱི་ས་ཡོད་པ་རྣམས་ལ་ཧོར་དུད་ཆུང་གཅིག་ཟེར་བ་ཡིན་ཏེ། དེ་འདྲ་ཉི་ཤུ་རྩ་ལྔ་ལ་དུད་ཆེན་གཅིག དེ་གཉིས་ལ་རྟ་མགོ་གཅིག་ཟེར། དེ་གཉིས་ལ་བརྒྱ་སྐོར་གཅིག དེ་བཅུ་ལ་སྟོང་སྐོར་གཅིག དེ་བཅུ་ལ་ཁྲི་སྐོར་གཅིག དེ་བཅུ་ལ་ཀླུ་གཅིག དེ་བཅུ་ལ་ཞིང་གཅིག་ཞེས་བྱ་བ་ཡིན་ཅིང་། ཧོར་སེར་ཆེན་རྒྱལ་པོའི་མངའ་འོག་ཏུ་ཞིང་བཅུ་གཅིག་ཡོད་ཅིང་། ཕྱོགས་ཁ་གསུམ་ལ་ཞིང་གཅིག་ཅུང་མ་ལོངས་ཀྱང་། བླ་མ་བཞུགས་ས་ཡིན་པ་དང་བསྟན་པ་དར་ས་ཡིན་པ་ནས་ཞིང་གཅིག་ཏུ་བརྩིས་ནས་ཕུལ་བ་ཡིན་ནོ།་་་་་་ཞེས་བཀོད་འདུག
་་་དེ་ནས་《ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་》་་ཤོག་གྲངས་༡༤༣ ལས། བླ་མ་ཆེན་པོ་འཕགས་པ་དང་ཡུམ་གཅིག་པའི་གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་ང་དྲུག་ལ་ཞི་བ་གཤེགས་པའི་ས་མོ་ཕག་གི་ལོ་གཡས་རུ་མདོག་གི་གད་ལོ་ལོ་ཞེས་བྱ་བར་ཡུམ་མདོག་སྟོད་ཚ་ན་མ། མ་གཅིག་ཀུན་སྐྱིད་ལ་ལེགས་པར་འཁྲུངས་ཤིང་། དགུང་ལོ་དྲུག་པ་ལ་ཆོས་རྗེ་ས་པཎ་གྱི་ཕྱག་ཕྱིར་ཧོར་ཡུལ་དུ་ཕེབས། འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། ཧོར་གྱི་ཚས་སུ་བཅུག་སྟེ་ས་《ཆོལ་ཁ་གསུམ་》གྱི་ཁྲིམས་བདག་དུ་བསྐོས།་་་ཅེས་གསལ་པོ་བཀོད་འདུག
2 ཕག་མོ་གྲུ་པའི་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་དུས་སྐབས་སུ་ཕག་གྲུའི་སྡེ་སྲིད་དང་པོ་ཏྭ་སི་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་བྱས་པའི་བཅའ་ཁྲིམས་《ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ》དང་། ཁྲིམས་སྒྲིག་སོགས་སུ་ཆོལ་ཁ་ཞེས་པའི་ཐ་སྙད་བེད་སྤྱོད་བྱས་པ་ཞིག་མཐོང་ཡུལ་དུ་མ་གྱུར་ལ། ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་བ་ཕྱེས་སྟངས་ཤིག་མི་འདུག
3 གཙང་པས་བོད་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་དུས་སྐབས་སུ་གཙང་པ་རྒྱལ་པོ་ཀརྨ་བསྟན་སྐྱོང་དབང་པོས་གཏན་འབེབས་བྱས་པའི་《ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག》གི་ནང་དུའང་ཆོལ་ཁ་ཞེས་པའི་ཐ་སྙད་མི་འདུག་ལ། ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་བ་ཕྱེས་སྟངས་ཤིག་ཀྱང་མི་འདུག
4 དགའ་ལྡན་ཕོ་བྲང་གིས་བོད་ཁབ་ཀྱི་སྲིད་དབང་འཛིན་དུས་སུ་ཏྭ་ལའི་བླ་མ་སྐུ་ཕྲེང་ལྔ་པས་གཏན་འབེབས་བྱས་པའི་《ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ》དང་། དེའི་རྗེས་སུ་གནས་དུས་ཀྱི་དགོས་མཁོ་དང་བསྟུན་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་《བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་》སོགས་ཀྱི་ནང་དུའང་ཆོལ་ཁ་ཞེས་པའི་ས་ཁུངས་དབྱེ་སྟངས་ཤིག་མཐོང་ཡུལ་དུ་མ་གྱུར། དགའ་ལྡན་ཕོ་བྲང་གི་ཁྲིམས་སྒྲིག་ནང་དུ་དེ་འདྲ་ཞིག་འདུག
*ཁ. ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི།
ས་གནས་སོ་སོའི་རིམ་པ་ཁག་གི་སྒྲིག་གཞི་ལའང་རིགས་གཉིས་ཏེ། ས་གནས་འགའ་ཞིག་ལ་བཀའ་ཤག་སྲིད་དོན་ལས་ཁུངས་ཀྱི་འོག་ཏུ་རྫོང་དང༌། རྫོང་གཤམ་དུ་གཞིས། གཞིས་འགབ་ཏུ་གཙོ་དྲག་དང་རྒན་པོ་བཅས་ཀྱི་རིམ་པ་དབྱེ་ཡོད། སྤྱིར་བཏང་གི་དབང་དུ་བྱས་ནས་བཀའ་ཤག་གི་སྲིད་དོན་ལས་ཁུངས་འོག་ཏུ་སྤྱི་ཁྱབ་ཁང་དང༌། དེའི་འོག་ཏུ་རྫོང༌། དེའི་འོག་ཏུ་གཞིས་དང༌། ལྡིངས། བརྒྱ་དཔོན། དེ་དག་གི་འོག་ཏུ་གཙོ་དྲག་དང༌། རྒན་པོ་བཅས་ཡོད། དཔེར་ན་གཞིས་རྩེ་རྫོང་སྤྱི་དང༌། གྲོ་མོ་སྤྱི་ཁྱབ། བྱང་སྤྱི་ཁྱབ། མདོ་སྨད་སྤྱི་ཁྱབ། ལྷོ་ཁ་སྤྱི་ཁྱབ། སྟོད་སྒར་དཔོན་བཅས་ནི་སྤྱི་ཁྱབ་ཁང་རེད།་་་ཅེས་བཀོད་འདུག
གོང་གི་ཁྲིམས་ཡིག་དེ་དག་དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱི་བྲིས་པའི་རྩོམ་ཡིག་ཁག་ལ་གཞིར་བཅོལ་བ་ཡིན།།།
གསུམ་པ། ཆོལ་ཁ་གསུམ་གྱི་ས་མཚམས་ལ་དཔྱད་པ།
ཆོལ་ཁ་ཞེས་པ་འདི་ལ་དཔྱད་དགོས་པའི་རྒྱུ་མཚན་ནི་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བཙན་བྱོལ་གཞུང་གི་གྲོས་ཚོགས་བཙུགས་དུས་བོད་ཆོལ་ཁ་གསུམ་ལ་དབྱེ་ནས་ཆོལ་ཁའི་སྤྱི་འཐུས་ཡོང་དགོས་པའི་གྲོས་ཚོགས་བཙུགས་ཡོད་ཀྱང་། ཆོལ་ཁའི་ས་མཚམས་འདི་ཡིན་ཟེར་ནས་ཁ་གསལ་མེད་པ་དང་། ས་མཚམས་དབྱེ་བ་གསལ་པོ་མེད་དུས་བཙན་བྱོལ་ནང་དུ་རྩོད་རྙོག་ཡོང་གི་ཡོད།
དཔེར་ན། མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་ལ་གསལ་ཁ་མེད་དུས་གསེར་རྟ་བ་འགའ་རེ་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་ལངས་ཡོད་པ་དང་། འགའ་རེ་མདོ་སྟོད་ཆོལ་ཁའི་སྤྱི་འཐུས་སུ་ལངས་ཡོད། འདི་ནི་ས་མཚམས་འདི་ཡིན་ཟེར་བའི་ཁ་གསལ་པོ་མེད་པའི་རྒྱུ་མཚན་གྱིས་རྩོད་རྙོག་བྱུང་བ་རེད་འདོད།
ཆོལ་ཁ་གསུམ་གྱི་ས་མཚམས་དབྱེ་བ་གསལ་པོ་ཕྱེས་དགོས་པ་ནི་གནད་འགག་རེད། བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་བཙུགས་དུས་ཆོལ་ཁ་ཞེས་པ་འདི་རྒྱལ་རབས་ལོ་རྒྱུས་དང་ཁྲིམས་སྒྲིག་གང་ལ་ཁུངས་གཏུགས་ནས་བཟོས་ཡོད་མེད། ས་མཚམས་དབྱེ་བ་ཕྱེས་སྟངས་ཡང་ཁ་གསལ་པོའི་ཐོག་ནས་འདི་དང་དེ་ཟེར་ནས་མཛུབ་མོ་བཙུགས་ས་ཡོད་པ་ཞིག་མིན་ན་རྩོད་རྙོག་གི་གཞི་མ་རེད།
རྒྱ་གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་པའི་རྗེས་སུ་བོད་ནང་དུ་སྡེ་ཁག་འདྲ་མིན་གྱི་བར་དུ་ས་མཚམས་ཕྱེས་སྟངས་སྔོན་གྱི་ལུགས་སྲོལ་དང་མི་མཐུན་པའི་ས་བགོས་མང་པོ་བཟོས། དེའི་རྒྱུ་མཚན་གྱིས་བོད་ནང་དུ་ས་ནོགས་ཆུ་རྩོད་བྱས་ནས་བོད་མི་མང་པོས་བསད་རེས་བྱས། དུས་ད་ལྟའི་བར་དུ་རྩོད་རྙོག་ཡོད་མུས་ཡིན། སྔར་ལུགས་དང་མི་མཐུན་པའི་ས་བགོས་བྱེད་སྟངས་དག་ནི་གྱོད་དང་འཁྲུག་རྩོད་ཀྱི་གཞི་མ་ཡིན་པས་༧གོང་ས་ཏྭ་ལའི་བླ་མ་གཙོས་པའི་ཆོལ་ཁའི་འཐུས་མི་ཡོད་པའི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་བཙུགས་མཁན་ཚོས་ངོས་ནས་བོད་ཀྱི་མ་འོངས་པའི་ཆེད་དུ་ཁ་གསལ་པོ་བཟོ་དགོས་ངེས་རེད། མ་འོངས་པའི་བོད་མི་རིགས་ཀྱི་ཆེད་དུ་རྩོད་རྙོག་མི་ལྷག་པའི་ཐག་གཅོད་ཤིག་བྱ་དགོས་ངེས་རེད་འདོད་དོ།
ཆོལ་ཁ་ཞེས་ཚིག་དོན་མ་རྟོགས་པར།།
ཕྱོགས་ཞེན་མེ་ལྕེ་མ་འབར་བོད་མི་ཚོ།།
ཆོལ་ཁའི་ས་མཚམས་གང་ཡིན་མ་ཤེས་པར།།
ཕྱོགས་ཞེན་ཆུ་ལོག་མ་རྒྱུགས་བོད་མི་ཚོ།།
“དེ་ཡང་སྟོད་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་དམ་པ་ཆོས་ཀྱི་ཕྱོགས་ཁ། སོག་ལ་སྐྱ་བོ་མན་ནས་རྨ་ཆུ་ཁུག་པ་ཡན་མགོ་ནག་མིའི་ཕྱོགས་ཁ། རྨ་ཆུ་ཁུག་པ་མན་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་ཆད་གྱད་གླིང་རྟའི་ཕྱོགས་ཁ་ཞེས་གྲགས་ཤིང་།” ཞེས་འགྲེལ་ཚུལ་ལུང་འདྲེན་འདི་བཞིན་ཀུན་གྱིས་ཨ་ཁུ་ནེ་ཙོར་ངག་བསླབ་བྱས་པ་ལྟར་སྐྱོར་ནས་མི་སྡོད་པར། འགྲེལ་ཚུལ་འདི་རང་གཅིག་པུར་གཞི་བཞག་གིས་བཏོན་པའི་ས་བཀྲ་ཚད་ལྡན་འདྲ་ཞིག་ཡོད་ན་ཀུན་གྱི་མིག་སྔར་འགྲེམ་སྤེལ་སྐྱབས་འཇུག་ཡོང་བར་ཞུ།།
ཅོ་རི་ཉི་མ ་ལེགས་ཀྱིས་མཁས་པའི་མཛད་པ་དང་མཐུན་པར་ཆོལ་ཁ་ཞེས་པའི་སྒྲ་ལ་རྟོག་དཔྱོད་མཛད་པ་དོན་ལྡན་དུ་གྱུར། རྟོག་དཔྱོད་ཞིབ་མོས་ཀློག་ལོང་མེད། ཆོལ་ཁ་ཞེས་པ་སོག་རང་སྐད་ཡིན་མིན་ལ་སོམ་ཉི་ཐེ་ཚོམ་མཆིས་པས་བརྟག་དགོས། བདག་གིས་བློ་ལ་ལ་དྭགས་པའི་ཁ་སྐད་དུ། ད་ལྟར་ཡང་ཕྱོགས་ཁག་སོ་སོ་ཞེས་པ་ཡོད། ཁག་ཞེས་པ་ཟུར་ཆག་ནས་ཁ་ཞེས་འབོད། དོན་དུ་གནའ་བོའི་སྐད་དུ། ཁག་ཁག་ཅེས་པ་གྱུར་ནས། དིང་བོད་དབུས་གཙང་སོགས་ཀྱི་ཁ་སྐད་དུ། ཁ་ཁ་ཞེས་པའི་འབྱུང་སྟངས་ཡིན་པ་སྒྲ་རིག་པ་ལ་སྦྱངས་པ་ཁོ་ནས་ཤེས་སོ།
༼འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། ཧོར་གྱི་ཚས་སུ་བཅུག་སྟེ་ས་《ཆོལ་ཁ་གསུམ་》གྱི་ཁྲིམས་བདག་དུ་བསྐོས།་༽
ཚིག་འདིའི་ཉམས་འགྱུར་ལ་བལྟས་ན། ཧོར་རྒྱལ་པོ་སེ་ཆེན་གྱིས་གནང་བའི། ༼ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་།༽ ཞེས། ལུང་དང་གསེར་ཐམ། ཁྲིམས་བདག་དུ་བསྐོས་་་པ་བཅས་དང་འབྲེལ་ནས་་་ཆོལ་ཁ་་་ཞེས་པའི་ཚིག་དེ་གསར་དུ་བྲིས་འདུག་པས། ཧོར་རྒྱལ་པོས་དབང་ལུང་གི་་་ཆོ་ལོ་་་རུ་གནང་བའི་ཡུལ་ཕྱོགས་ཁག་གསུམ་ལ་་་ཆོལ་ཁ་གསུམ་་་ཞེས་བསྡུས་ཚིག་གམ་སྐུང་ཡིག་གི་ཚུལ་དུ་གོ་རྒྱུ་ཡོད་པ་ཞིག་རྩོམ་པ་པོས་སྟབས་བདེར་བཅོས་པ་ཡིན་ནམ་སྙམ། ། འོན་ཀྱང་དཔྱད་པར་འཚལ། །
འོ་ན་བདག་གི་བསམ་པ་ལྟར་་་ཆོལ་ཁ་་་ཞེས་པའི་མིང་ཚིག་དེ་་་་ཆོ་ལོ་་་ནས་ཇི་ལྟར་བྱུང་སྙམ་ན། རྒྱུ་མཚན་མེད་པ་མ་ཡིན་ཏེ། སྔོན་རྒྱ་ནག་གོང་མས་བླ་དཔོན་ཚོར་འཇའ་ས་དང་ཐམ་ཀ་ཆོ་ལོ་སོགས་གནང་སྲོལ་ཡོད་པ་ཡིག་ཆར་་གསལ་ཡོད་པ་རེད། དེ་འདྲ་ཡིན་དུས་ཆོ་ལོ་་བསྡུས་ནས་་་ཆོལ་་་དུ་བཅོས་་་ཕྱོགས་ཁག་་་བསྡུས་ནས་་་ཁ་་་རུ་གྱུར་བས་་་ཆོལ་ཁ་་་ཞེས་པའི་མིང་ཚིག་གསར་པ་གོ་རྒྱུ་ཅན་དེ་རྩོམ་པ་པོས་དེ་ག་རང་དུ་བཟོས་པའི་རྣམ་རྟོག་གི་འགྱུ་བ་བདག་ལ་མཆིས་པ་ལགས་སོ། །
རྩོམ་པ་པོ་མི་གཅིག་རང་གིས་་་ཕྱོགས་ཁ་་་ཅེས་པའི་ཚིག་དེ་སྔོན་ལ་བྲིས་་ནས་་་ཆོལ་ཁ་་་ཞེས་པའི་ཚིག་དེ་རྗེས་སུ་བྲིས་སྟངས་ལ་གཞིགས་ན་རྩོམ་པ་པོས་ཚིག་དེ་དོན་གྱི་ཆ་ནས་གོ་རྒྱུ་ངེས་ཅན་ཞིག་ཡོད་པ་ལ་སྐྱར་དུ་བཅོས་པ་ཡིན་ནམ་སྙམ། གཞན་སོག་སྐད་དངོས་གནས་་ཡིན་ན་མིང་ཚིག་དེ་ལ་སྐྱར་དུ་འགྱུར་བཅོས་གཏོང་དགོས་པ་ཨ་ཡོད་ན་ཚིག་གཅིག་རང་བྲིས་ནས་བཞག་ན་དེ་གས་འགྲིག་པར་སེམས། ཡང་མིན་ན་སྔོན་མ་དེ་བོད་སྐད་ཡིན་རྗེས་མ་དེ་སོག་ཡིན་ཟེར་ན་སོག་སྐད་ཡིན་སྟངས་བློ་ངོར་བདེ་བ་ཞིག་སྟོན་དགོས་པར་སེམས་སོ། །
ཧོར་ཚོ་བ་སོ་དགུ་དང། དེམ་ཆུའམ། དེམ་ཆི་་་ཉི་ཤུ་རྩ་བདུན་དུ་ཕྱེས་པ་ཡང་ཡོད་འདུག དེའི་་་དེམ་ཆུ་་་ཞེས་པ་དེ་སོག་སྐད་ཡིན་པར་གླེང་བཞིན་མཆིས། ད་དུང་སོག་སྐད་ཟུར་ཆགས་པ་ཧ་ཅང་མང་པོ་ཡོད་ས་འདུག །
སོག་སྐད་རེད་ཟེར་བ་དེ་ལ་བསམ་དགོས་པ་གཅིག་ནི། སྔོན་མེད་ཀྱི་མིང་ཚིག་གསར་པ་དེ་དང་འབྲེལ་བའི་ལོ་རྒྱུས་འབྲི་མཁན་དེ་ནི་བོད་པ་ཞིག་ཡིན་ས་རེད། སྔོན་མེད་ཀྱི་མིང་ཚིག་གསར་པ་དེ་དང་འབྲེལ་བའི་ལོ་རྒྱུས་འབྲི་མཁན་དེ་སོག་པོ་ཞིག་ཡིན་ན་སོག་སྐད་ཅིག་ཡིན་པར་ཆ་འཇོག་བྱས་ནའང་མི་རུང་བ་མེད་པར་སྙམ། །
མ་འོངས་ཆོལ་ཁ་ཞེས་པའི་བོད་རང་གི་བརྡ་རྙིང་པ་དང་། སོག་པོའི་རང་སྐད་དུ་ཆོལ་ཁ་ཞེས་པའི་མིང་ཚིག་དེ་འདྲ་བརྙེད་སོང་ན་བདག་གིས་བཤད་པ་ཁག་ལ་དྲུང་ནས་འགྱོད་བཤགས་འབུལ་བར་བྱའོ།།
རྩོམ་ཡིག་རིན་ཐང་ཅན་ཞིག་སྤེལ་འདུག་པས། བོད་པ་གང་མང་ལ་ཕན་ཐོགས་ཡོང་བའི་རེ་བ་ཆེན་པོ་འདུག
ང་ཡི་གྲོགས་མཆོག་ཅོ་རི་ལགས་ཀྱིས་རྩོམ་ཡིག་བློ་བསྐྱེད་འཕེལ་བ་ཞིག་བྲིས་པར་བཀའ་དྲིན་ཆེ། ད་དུང་འདི་འདྲ་མང་དུ་འབྲི་བའི་བསྐུལ་མ་ཞུ།། གཞན་ཡང་བོད་རང་བཙན་ཡིན་པའི་བསྒྲུབ་བྱེད་དང་བོད་པས་འཚེ་མེད་ཞི་བ་དང་ཆོས་ལུགས་རིས་མེད་ཅེས་ཁ་གཡང་སྒྲོགས་པ་དག་དོན་དངོས་ལ་ཇི་ལྟར་གནས་མིན་སོགས་འབྲི་ཐུབ་ན་ཁྱེད་ཀྱིས་དྲང་བདེན་མདའ་འདྲ་བའི་ལོ་རྒྱུས་འབྲི་ས་རེད།
ཅོ་རིའི་རྩོམ་ཡིག་ཡག་པོ་བྲིས་འདུག
དཔལ་དོན་ ལེགས་ལ་ཞུ་གསོལ།
བོད་བུ་གཞོན་མང་པོ་ལྟ་ཅི། ལ་དྭགས་སྟོད་པ་དག་གིས་ཀྱང་། རྗེས་འཇུག་ས་དང་། འི་གཉིས་ཁ་ནས་འབོད་སྟངས་གཅིག་པ་ཡིན་འདུག་པས་ཁྱེད་ཀྱིས། ཅོ་རིས་རྩོམ་ཡིག་ཡག་པོ་བྲིས་འདུག ཅེས་འབྲི་དགོས་པ་ལས་དེ་འདྲ་མ་ཡིན་པར་། ཅོ་རིའི་རྩོམ་ཡིག་ཡག་པོ་བྲིས་འདུག
རྗེས་འཇུག་ས་ཡིག་དང་འི་གཉིས་མ་ནོར་བར་འབོད་དགོས་ཞེས་ལན་མང་དུ་བྲིས་ཀྱང་། དི་རིང་སླར་ཡང་འབྲི་བའི་གོ་སྐབས་བྱུང་ངོ་།
སྙིང་ཉེ་བའི་དྲ་གྲོགས་ཚོ་ཕེབས་པར་དགའ་པོ། རང་རང་གིས་བསམ་ཚུལ་གསུངས་པར་ཡག་བྱུང་ཞུ་རྒྱུ་ཡིན།
རྒན་ལ་དྭགས་པ་ལ་དྲི་བ་ཞིག་ཡོད། སྟོད་ཀྱི་མངའ་རིས་སྐོར་གསུམ་ནས་སོག་ལ་སྐྱ་བོ་ཡན་ཆད་དབུས་གཙང་དམ་པ་ཆོས་ཀྱི་ཕྱོགས་ཁག་ཅེས་ཟེར་ལུགས་ལ་བལྟས་ན་ལ་དྭགས་བོད་ཁོངས་མེད་པའི་ཟོལ་འདྲ་གོ་ཡོང་གི་འདུག
ལ་དྭགས་མངའ་རིས་སྐོར་གསུམ་གྱི་མངའ་ཁོངས་སུ་ཚུད་ཀྱི་རེད་དམ། ཆོལ་གསུམ་གཅིག་ཏུ་བསྒྲིལ་པའི་བོད་རིགས་ཡོངས་རྫོགས་ཟེར་དུས་ལ་དྭགས་དང་། ཨ་རུང་ཅ་ན། ཀ་ཤི་མེ་རིལ། ཀླུ་སྨད། དོལ་པོ། ཀློ་པ་་་སོགས་བོད་རིགས་ཡིན་ཀྱང་ཆོལ་གསུམ་གཅིག་ཏུ་བསྒྲིལ་པའི་བོད་རིགས་ཀྱི་ཁོངས་སུ་ཚུད་མེད་པའི་ཟོལ་འདྲ་ཞིག་བསྟན་ཡོང་གི་འདུག འདིའི་ཐོག་ཏུ་དགོངས་ཚུལ་ཞིག་གསུང་གྲོགས་བྱོས།
སོག་རྒྱལ་ལྔ་པ་ཀུ་ལེ་ཁན་མཆོག་གིས་བོད་ཕྱོགས་ཁག་གསུམ་འགྲོ་མགོན་འཕགས་པ་ལ་དབང་ཡོན་དུ་ཕུལ་བ་ལྟར་རྒྱ་དམར་གཞུང་གིས་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ལ་བརྩི་བཀུར་བྱེད་སྲིད་ཀྱི་རེད་དམ། རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་ཆད་བོད་ཀྱི་ས་ཁོངས་ཡིན་པར་ཁས་ལེན་གྱི་རེད་དམ།
དབུ་མའི་ལམ་པ་བ་ཚོས་ཆོལ་གསུལ་གཅིག་ཏུ་བསྒྲིལ་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་ཟེར། ཡོན་གོང་མ་ཀུ་ལེ་ཁན་མཆོག་གིས་རྒྱའི་མཆོད་རྟེན་དཀར་པོ་ཡན་ཆད་མདོ་སྨད་གྱད་གླིང་རྟ་ཡི་ཕྱོགས་ཁག་གྱི་ཁོངས་གཏོགས་ཡིན་ཟེར་ནས་ཕུལ་ཡོད་པ་ལྟར་རྒྱ་དམར་གཞུང་གི་ས་མཚམས་དེ་འདྲ་ངོས་ལེན་བྱེད་ཀྱི་རེད་དམ།
ཆོལ་ཁའི་གྲངས་འདྲེན་བཏང་ལ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཅེས་འདྲེན་པ་གཅིག་དང་། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ། མདོ་སྨད་གྱད་གླིང་རྟ་ཡི་ཆོལ་ཁ་ཞེས་འདྲེན་པ་གཉིས་ཡོད་ཅིང་། འདྲེན་ཚུལ་དང་པོ་ལྟར་ན། ༡ སྤུ་ཧྲེངས། མང་ཡུལ། ཟངས་དཀར་གསུམ་སྐོར་གཅིག་དང། ༢ ལི། བྲུ་ཤ སྦལ་ཏི་གསུམ་སྐོར་གཅིག ༣ ཞང་ཞུང་། ཁྲི་སྡེ་སྟོད། ཁྲི་སྡེ་སྨད་གསུམ་སྐོར་གཅིག་བཅས་ལ་ངོས་བཟུང་སྟེ། སྟོད་མངའ་རིས་སྐོར་གསུམ་དང་། གཙང་ལ་གཡས་རུ་དང༌རུ་ལག དབུས་ལ་དབུ་རུ་དང༌གཡོ་རུ་སྟེ་རུ་བཞིར་ཕྱེ་བ་སྐོར་གཅིག་དང་། སྨད་མདོ་ཁམས་སྒང་དྲུག་ཅེས་མདོ་སྨད་གཉིས་གཅིག་ཏུ་བགྲངས་པ་སྐོར་གཅིག་སྟེ་གསུམ་མོ།། ལོ་རྒྱུས་ཡིག་རྙིང་གཞན་ཞིག་ན་ལ་དྭགས་མངའ་རིས་སྐོར་གསུམ་ནང་བགྲངས་ཡོད་མོད། དེང་སང་གི་ལ་དྭགས་ལོ་རྒྱུས་འབྲི་བ་འགས། རྒྱ་དཀར་ནག་གི་ས་མཚམས་རྩོད་ཉོག་ལ་དམིགས་ཏེ་ལོ་རྒྱུས་སུ་ཆབ་སྲིད་ཀྱི་ལྷད་ཞུགས་ནས་བྲིས་འདུག འོན་ཏེ། འདྲེན་ཚུལ་ཕྱི་མ་ནི། དུས་ཕྱིས་ཀྱི་སྐབས་དང་དུས་ལ་བསྟུན་པའི་ཐ་སྙད་ཡིན་པས། ལ་དྭགས་སོགས་ཆོལ་གསུམ་ཁོངས་ན་མེད་ལ། མངའ་རིས་སྐོར་གསུམ་གྱི་འགའ་ཞིག་དབུས་གཙང་ནང་དུ་བགྲངས། མདོ་ཁམས་སྒང་དྲུག་ཀྱང་ཁག་གཉིས་སུ་བཅད་བགོས་ཀྱིས་ཆོལ་ཁ་གཉིས་ལ་བགྲངས་སོ།།
ངོ་མ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་ཞུ། བོད་ལུག་ཀྱི་ས་མཚམས་དང་ཆུ་མཚམས་ཐད་བོད་མདོ་དབུས་ཁམས་གསུམ་ལ་དཀའ་ངལ་སྣ་ཚོགས་ཞིག་ཡོད་རེད། དེའི་ཐད་གཞུང་ནས་ཉམས་ཞིབ་ཀྱིས་ཐག་གཅོད་དགོས་རྒྱུ་གལ་ཆེ། རྗེས་སུ་ཡི་རང་ཞུ།
5. ཡ་་ཅོ་རི་ཉི་མ་ཁྱོད་འདིས། ཐག་མི་ཆོད་ཅིང་བཅད་ན་རྙོག་གྲ་ཡོང་བ་ཏག་ཏག་ཐག་གཅོད་དགོས་ལབ་ཀྱིན་འདུག འདི་ལས་ཁྱོད་ལ་གོ་རྟོགས་ཅི་འདྲ་ཡོད་པ་གསལ་སྟོན་བྱས་མི་འདུག་གམ། ཡ་་དང་པོ་མདོ་སྟོད་སྨད་གཉིས་ཀྱི་ས་མཚམས་དབྱེ་བ་གང་ནས་དགར་གྱི་ཡིན་ཤོད་དང་། ལོ་རྒྱུས་ཡིག་ཚང་རྙིང་གྲས་སུ་གང་འཁོད་པ་དག་འཇུ་ཆེན་གཙོས་པའི་མདོ་སྟོད་པ་མང་དག་གིས་ལོག་སྒྲུབ་བྱས་ཡོད། ཐག་བཅད་ན་དེ་ལྟར་གཅོད་དགོས་པ་རེད། དེ་ནི་ཕལ་ཆེར་ཁྱོས་ཀྱང་ཁས་ལེན་མི་བཏུབ། རྒྱུ་མཚན། ལོ་རྒྱུས་ཡིག་རྙིང་མང་བོ་ན། ལི་ཐང་དང་དཀར་མཛེས་ཚུན་ཆད་མདོ་སྨད་ཁོངས་སུ་བགྲངས་ཡོད། དེ་ཁས་ལེན་གྱི་ཡིན་ནམ། སྤྱིར་ན། ང་དགུའི་སྔོན་དུ་མདོ་སྟོད་དམ་དེང་སྐབས་ཁམས་ཞེས་འབོད་པ་རྣམས་(ཆབ་མདོ་ངོ་ཕྱོགས་དང་ནགས་ཆུ་ཕྱོགས་ཀྱི་སྦྲ་ཆེན་)ས་ཐག་ཉེ་རིང་གིས། དབུས་ཁུལ་དང་གདན་ས་ཁག་ཏུ་མང་བོ་སླེབས་ཡོད་པས། དེ་འདྲའི་མདོ་སྟོད་རྣམས་དབུས་ཁུལ་རང་དུ་གྲངས་ཀའི་ཆ་ནས་མདོ་སྨད་ལ་ལྟོས་ཏེ་རང་བཞིན་གྱིས། གོང་ཐང་དང་འཚོ་བའི་ཁ་སྟབས་ལྷག་པོར་ཆགས་ཡོད། དེར་བརྟེན། དེ་སྔ་མདོ་སྨད་ཁོངས་ཡིན་པ་དཀར་མཛེས་ནས་མགོ་བརྩམས་ཏེ་ལི་ཐང་བར་དུ་མདོ་སྟོད་དང་ཁམས་པ་ཡིན་ཞེས་འགྱུར་བ་ཕྱིན་པ་རེད། དོན་དུ་མདོ་སྟོད་པ་ཚོ་གནས་དེ་རུ་ཅུང་ཙམ་ཁ་སྟབས་ཆེ་བ་ཡིན་དུས། ཁོ་ཚོ་ཡང་དེ་ཡིན་ཞེས་རང་གི་ཆོལ་ཁོངས་དངོས་དེ་བརྗེ་སྤོར་བརྒྱབ་པ་རེད། གལ་ཏེ། སྐབས་དེ་ཤེད་ལ་དབུས་ཁུལ་དུ་མདོ་སྨད་རྣམས་དབང་ཤུགས་དང་རྒྱུ་ཤུགས་ཆེ་བ་ཡོད་ཚེ། ཁོང་ཚོ་ད་ལྟའང་མདོ་སྨད་ཆོལ་ཁོངས་ཡིན་ཞེས་འདུག་རྒྱུ་ཡིན་པ་གོང་གི་རྒྱུ་མཚན་དེས་ར་འཕྲོད། ལོ་རབས་དགུ་བཅུའི་ནང་ཚུན་ལ། བཙན་བྱོལ་ཁྲོད་ཀྱི་རྫ་ཆུ་ཁ་བ་རྣམས་ནས་མགོ་བཙུགས་ཏེ་རྫ་ཆུ་ཁ་བ་རྣམས་ཀྱིས་ཆོལ་ཁོངས་བརྗེ་སྤོར་བརྒྱབ་ཡོད། དེ་ཡང་གདན་ས་སེ་རར་བཞུགས་པའི་དགེ་འདུན་པ་དག་གིས་མགོ་བརྩམས་པ་ཡིན། རྒྱུ་མཚན་གོང་དང་གཅིག་མཚུངས་རེད། དེའི་རྗེས་སུ་འཇུ་ཆེན་སོགས་ཀྱིས་ངན་གཡོ་ཁོག་བཅང་གིས་དཀྲུག་ཤིང་གི་སྦྱོར་ངན་སྣ་ཚོགས་སྤེལ་ཏེ། བང་ཚུལ་གྱིས་མཚོན་པའི་གསེར་རྟ་བ་བཅུ་གྲངས་མ་ཟིན་ཙམ་ཞིག་ལ་མདོ་སྟོད་ཆོལ་ཁོངས་ཡིན་ཞེས་ལབ་ཏུ་བཅུག་ཐུབ་ཡོད། གསེར་རྟ་བ་ཚོ་སྤྱི་དམངས་ནས་ལོ་རྒྱུས་དང་དངོས་ཡོད་ལ་ཆ་འཇོག་མཁན་ཞིག་ཡིན་པས་བྱབས་ཆུང་རེ་ཟུང་མ་གཏོགས་བསྒྱུར་ཐུབ་མེད་པ་རེད། ཡ་ད་ས་མཚམས་ཤིག་བཟོས་ན་དེ་དག་ཚང་མ་གླེང་དགོས་པ་རེད། རྙོག་གྲ་མ་རེད་དམ། རྙོག་གྲ་ཞིག་ཆེད་དུ་གླེང་བ་མ་རེད་དམ། དེ་བས་སོ་སོ་གང་གི་ཆོལ་ཁོངས་ལབ་འདོད་ན་རང་འཇགས་སུ་ཞོག་དང་ཡག་གི་རེད། ཨ་ཅོ་རི་གླེན་པ། ཧ་ཧ་ཧ།
༄།།སྟར་བུ་དམར་བོ་ལགས་་་་ཁྱོད་ཀྱི་མཆན་བུ་བཀླགས་ཡོད། ཡིན་ཀྱང་ཡིག་རྨོངས་རྒད་པོ་རྒད་མོ་དག་གིས་སྲང་ལམ་ནང་དུ་བཤད་པའི་སྐད་ཆ་ཙམ་ལས་ཁུངས་ལུང་ཞིག་ཅང་མཐོང་མ་བྱུང་། ཁུངས་ལུང་ཡོད་པའི་སྐད་ཆ་འདྲ་དང་། ལོ་རྒྱུས་ཀྱི་ཡིག་རྙིང་འདྲ་ལུང་འདྲེན་བྱེད་ཀྱི་ཡོད་ན་དགའ་བསུ་ཡོད། དེ་མིན་སྲང་ལམ་ནང་གི་སྐད་ཆ་འདྲ་པོ་ལ་ཅོ་རིས་དཔྱོད་པ་བྱེད་ཤེས་ལེ་མིན།
སྟར་བུ་དམར་པོ་ལགས། ཅོ་རིས་མདོ་སྟོད་སྨད་གཉིས་ལ་ས་མཚམས་ཤིག་ཡོད་པར་ཤེས་ཀྱི་མེད། བོད་ཆོལ་ཁ་གསུམ་དུ་བགོ་མཁན་ཚོ་ལ་དྲིས། ཆོལ་ཁ་ཟེར་བའི་ལུང་ཚན་དབྱེ་སྟངས་འདི་ལ་ཡང་ཁུངས་ལུང་མི་འདུག་ཟེར་བཞིན་ཡོད། ཆོལ་གསུམ་ཅིག་ཅིག་མ་མ་ཟེར་མཁན་དེ་དག་ལ་དྲིས།
ཨོ་རེད་་་དུད་འགྲོ་ཚུགས་ཀ་ལས་ཐབས་སྐྱོ་བའི་ཚུགས་ཀ་ཞིག་ཁྱོད་ཚོ་ཡོད་པ་ནི་མིང་ལྷག་ཞིག་གི་འོག་ནས་དཀྲུགས་ཤིང་བརྒྱབ་ཀྱི་དེ་རེད། བཤད་དགོས་ལ་མི་དགོས་ཚང་མ་མིང་ལྷག་ཞིག་གི་འོག་ཏུ་གབ་ནས་བཤད་ཀྱི་རེད་ལ་ཕ་རོལ་པོ་ལ་རྒོལ་གྱི་རེད།
དུད་འགྲོ་ཞིག་ཡིན་ནའང་་ཕ་རོལ་པོ་ལ་རྒོལ་དུས་རང་གཟུགས་དངོས་སུ་སྟོན་ནས་མཆོང་འོང་གི་རེད་ད། ཁྱོད་ཚོའི་ཚུགས་ཀ་ལ་ལྟོས་དང་། དུད་འགྲོ་ལས་ཀྱང་སྤྱོད་པ་ངན་གི་རེད། ཤེས་པར་བྱོས།་་་་ཨ
ཅོ་རི་ལགས། ཁྱེད་ལ་མཐོང་རྒྱ་ཧ་ཅང་ཞན་པོ་འདུག ཆོལ་གསུམ་ཞེས་པའི་ཐ་སྙད་གསལ་བའི་ལོ་རྒྱུས་ཡིག་རྙིང་ཕལ་མོ་ཆེར་ཡོངས་སུ་གྲགས་པ་དེ་འདྲ་ཞིག ཁྱེད་ལ་སྟོན་དགོས་པ་མཚར་བོ་བྱུང་། ངོ་མ་མཚར་བོ་བྱུང་། རྒྱུ་མཚན་འདི་ལས་སྐུ་ཉིད་དྲ་འབུ་ཁོ་ནའི་ལས་སུ་ཞུགས་ཏེ་སྤྱི་ཚོགས་སུ་ཁ་སྨྲས་གཏང་མཁན་ཞིག་ཡིན་པར་མཚོན་ཡོད། ལོ་རྒྱུས་དང་རིག་གཞུང་གང་ལ་སློབ་སྦྱོང་བྱས་མྱངས་མེད་པར་མངོན་བྱུང་། ངོ་མ་མངོན་བྱུང་། ངས་གོང་བཤད་ཚང་མ་ལོ་རྒྱུས་ཡིག་རྙིང་ཁག་ཏུ་ཡོད་པ་རྣམས་ལ་གཞི་བཅོལ་ཏེ་སྨྲས་པ་ཡིན། འདི་དག་ཤེས་ཡོན་པ་དང་ཅུང་ཙམ་ལོ་རྒྱུས་ཁག་ལ་རྒྱུས་མངའ་ཡོད་པའམ། ཡང་ན། སློབ་སྦྱོང་བྱས་མྱངས་པ་དག་ལ་ཁྱབ་པའི་སྐད་ཆ་དང་གནས་ཚུལ་ཞིག་ལས། སྤྱི་ཚོགས་དང་སྲང་ལམ་ཁག་ཏུ་ཁྱབ་བརྡལ་ཕྱིན་ཟིན་པ་ཞིག་ཡེ་ནས་མ་རེད། འདི་ལས་ཀྱང་། ཁྱོད་སྐྱག་རྫུན་དང་ཧམ་བཤད་བྱེད་པར་གོམས་བསྡད་མཁན་ཞིག་ཡིན་པ་གསལ་སོང་། སྐྱག་རྫུན་དང་ཧམ་བཤད་མཁན་ལ་ནམ་ཡང་དོན་དངོས་ཀྱི་བགྲོ་གླེང་ཡོང་གི་མ་རེད། འདི་ཞེ་ལ་དམ་པོ་ཟུངས།
རྣམ་དཔྱོད་དཔལ་གྱིས་གཏམས་པ་ཅི་རི་ཉི་མ་མཆོག་ལ་སོགས་པའི་བོད་ཀྱི་བྱུང་རབས་མཁྱེན་འདོད་ཅན་རྣམས་ལ་ཞུ་དགོས་པ་ནི། བོད་ཡུལ་དབུས་ལ་འབངས་གྱེན་ལོག་བྱུང་ནས། བོད་རྒྱལ་པོའི་རིགས་བརྒྱུད་སྐྱིད་ལྡེ་ཉི་མ་མགོན་བོད་ནུབ་ཕྱོགས་སུ་བྲོས། པུ་རངས་ལ་བཞུགས། དེ་ལ་སྲས་གསུམ་མངའ། མངའ་རིས་ཏེ་ཆབ་འབངས་བགོས་ཏེ། རང་གི་སྲས་གསུམ་ལ་སྩལ། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མར་ཡུལ་བཟུང་། འདི་ལ་དིང་སང་ལ་དྭགས་ཟེར། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་པུ་རངས་བཟུང། ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། རྒྱལ་པོ་དེ་དག་ལ་སྟོད་ཀྱི་མགོན་གསུམ་དང་། རྒྱལ་ཁབ་དེ་དག་ལ་སྟོད་མངའ་སྐོར་གསུམ་ཟེར། པུ་རངས་ཀྱི་རྒྱལ་བརྒྱུད་ཇི་ལྟར་མེད་པར་སོང་མ་ཤེས། གུ་གེའམ་ཞང་ཞུང་གི་རྒྱལ་བརྒྱུད་ནི། ཕལ་ཆེར་ལོ་ངོ་གསུམ་བརྒྱ་དང་ལྔ་བཅུ་ཙམ་ལ་མར་ཡུལ་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་སྣེ་ཁྲིད་དམག་གིས་མེད་པར་བྱས། སེང་གེ་རྣམ་རྒྱལ་ནི་འབྲུག་པ་བཀའ་བརྒྱུད་པ་བླ་མ་སྟག་ཚང་རིན་པོ་ཆེའི་སློབ་མ་ཡིན་འདུག རྒྱལ་པོ་འདིས་མི་འདོད་བཞིན་དུ་དེ་ལྟར་བྱེད་དགོས་པ་བྱུང་། གུ་གེའི་རྒྱལ་བརྒྱུད་མེད་པར་བཟོས་ནས། ལ་དྭགས་སུ་ལོག་སྐབས་ལམ་དུ་རྒྱལ་པོ་འདི་སྐུ་གཤེགས།
་
སྤྱི་ལོ་༡༨༣༤ལ་དྭགས་པ་དང་ཇམྨུ་སིང་དམག་བར་འཐབ་འཛིངས་ཀྱིས་རིམ་་པས་ལ་དྭགས་པ་ཕམ། དེའི་དུས་ལ་དྭགས་པ་བླ་མ་ཚུལ་ཁྲིམས་ཉི་མའི་ཞབས་ཀྱིས་སེམས་ཅན་སྔོན་ལས་ཀྱི་འབྲས་བུར་དེ་ལྟར་བྱུང་བ་ཡིན་དགྲ་ལ་ཡང་སེམས་ངན་མ་འཆང་གསུངས། ངའི་མེས་པོའི་ཕ་ཡི་སྲིང་མོའི་རྨོ་མོ་ཨ་ཕྱི་ཆོས་འཛོམས་ཀྱིས་ལ་དྭགས་རྒྱལ་པོའི་དུས་ཁྲལ་སོགས་དཀའ་ལས་ཡོད་པ་ཡིན། ཇམྨུ་མངའ་འོག་ཏུ་དཀའ་ལས་ཡང་དུ་སོང་ཞེས་པ་བདག་བྱིས་པ་ཆུང་ངུའི་དུས་སུ་ཐོས།
་
སིང་པའི་དམག་དཔོན་དེས་ལ་དྭགས་པ་དང་ཇམྨུ་པ་མཉམ་དུ་བསྡུས་བོད་ལ་དམག་དྲངས། ལ་དྭགས་་སྐྱེས་ཆེན་དམ་པ་ཚུལ་ཁྲིམས་ཉི་མའི་ཞབས་ཀྱིས་སིང་པའི་དམག་དཔོན་ཁྱོད་ཀྱིས་བོད་པ་གླགས་མི་འཁྱེལ་ཞེས་ཇི་ཙམ་གསུངས་ཀྱང་། མ་མཉན་པར་མཐར་དགུན་དུས་སུ་བོད་དམག་གིས་བཀུམས་སོ།
་
དམག་འཐབ་དུས་སུ་དམག་མི་གཞོན་པ་གདུག་རྩུབ་ཀྱིས་ལ་དྭགས་མི་མངས་དང་། ལྷག་པར་དགོན་པ་ལྷ་ཁང་རྣམས་གཤིགས་པ་སོགས་དཀལ་ངལ་ཆེ་ཡང་། རྟིང་ན་ཇམྨུ་ལས་བྱེད་པ་དག་གིས་སྐུ་གསུང་ལྷ་ཁང་སོགས་་ཉམས་གསོས་ལ་ཞབས་ཏོག་ལེགས་པར་ཞུས། ལྷག་པར་རྒྱ་གར་ལ་རང་བཙན་ཐོབ་པ་ན་ལ་དྭགས་རྒྱ་གར་གྱི་ནང་དུ་མི་མངས་རང་དབང་གིས་གནས་སོ།
་
ཡི་གེ་ནོར་བ་དག་ལ་ཞུས་མཛད་ན་བོད་སྐད་ལ་ཕན་ནོ།
རྒན་ལ་དྭགས་པ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སེམས་བསམ་པའི་དཀྱུས་ནས་གུས་ཞབས་ལན་གསུམ་ཕུལ། ཡག་པོ་གསུངས་བྱུང་། ཉན་འདོད་ཡོད། བོད་རྒྱལ་པོའི་རིགས་བརྒྱུད་སྐྱིད་ལྡེ་ཉི་མ་མགོན་བོད་ནུབ་ཕྱོགས་སུ་བྲོས།ཅེས་པའི་བོད་རྒྱལ་པོའི་རིགས་རྒྱུད་སྐྱིད་ལྡེ་ཉི་མ་མགོན་ཞུ་བ་འདི་རྒྱལ་མཆོག་དར་མའི་སྲས་ཡིན་པ་ལ་ངོས་འཛིན་དགོས་སམ། རྒན་ལགས་ཀྱིས་ངོས་འཛིན་ཇི་ལྟར་གནང་བཞིན་ཡོད་དམ།
སྟར་བུ་དམར་པོ་ལགས། ཁྱོད་བདེན། ཅོ་རི་མཐོང་རྒྱ་ཆུང། ཐོས་རྒྱ་དེ་ལས་ཆུང། ལོ་རྒྱུས་མི་ཤེས། སྦྱངས་མྱངས་མེད། ལྷ་ཆོས་མི་ཆོས་གང་ཡང་མི་ཤེས། ཆོལ་ཁ་གསུམ་ཞེས་འདི་ལོ་རྒྱུས་ཀྱི་ཡིག་རྙིང་ཁག་གི་ནང་དུ་ཡོད་ན་མཛུབ་སྟོན་རེ་བྱོས་དང་་་དེ་ནས་ཡིད་ཆེས་བྱ་ཆོག
ལི་ཐང་དང་དཀར་མཛེས་སོགས་ཀྱང་མདོ་སྨད་ཆོལ་ཁའི་ཁོངས་གཏོགས་ཡིན་པར་བགྲངས་ཡོད་ན་སྟོན་འོང་རོགས་བྱོས། དེ་ནས་ཤེས་འོང་གི་རེད།
༼ཆུང་བ་ལྡེ་གཙུག་མགོན་གྱིས་ཞང་ཞུང་བཟུང་། རྒྱལ་པོ་དེ་དག་ལ་སྟོད་ཀྱི་མགོན་གསུམ་དང་། རྒྱལ་ཁབ་དེ་དག་ལ་སྟོད་མངའ་སྐོར་གསུམ་ཟེར། པུ་རངས་ཀྱི་རྒྱལ་བརྒྱུད་ཇི་ལྟར་མེད་པར་སོང་མ་ཤེས། གུ་གེའམ་ཞང་ཞུང་གི་རྒྱལ་བརྒྱུད་ནི།༽ ཤོད་སྟངས་འདི་འདྲའི་ཁུངས་སྣེ་གང་ལ་བཅོལ་རྒྱུ་ཡིན་ནམ། ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་ཞང་ཞུང་མཐེའུ་ཆུང་ཙམ་དུ་བསྒྲུབ་འདོད་པ་མིན་ནམ། ཞང་ཞུང་གི་རྩ་བའི་ལོ་རྒྱུས་ནི་རྒྱ་ཆེ་ལ་གཏིང་ཟབ་པ་ཞིག་ཡིན་པས་དེ་འདྲ་ལས་བསླ་པོ་ཞིག་ག་ལ་ཡིན། གུ་གེའི་ཡུལ་དེ་ཞང་ཞུང་གི་ཆ་ཤས་ཡིན་ཀྱང་ཞང་ཞུང་རྒྱལ་ཁབ་གུ་གེའི་ཆ་ཤས་མིན། འོན་ཀྱང་དུས་ཕྱིས་ཞང་ཞུང་ཉམས་ཆགས་སུ་འགྲོ་དུས། ད་དུང་གུ་གེའི་ཡུལ་སྐོར་ལ་ཞང་ཞུང་གི་རིག་གནས་གསོན་པོར་གནས་པའི་རྒྱུ་མཚན་གྱིས་ས་དེ་གའི་སྐོར་དེ་ཞང་ཞུང་ཡིན་པར་སྨྲ་ལོས་ཆོག །
བོད་མིས་འབོད་བཞིན་པའི་་་་བོད་སྡེ་བ་གཞུང་་་ཞེས་པ་དེ་དང་། ཨ་ཞང་ཚང་གིས་་་འབོད་བཞིན་པའི་་་བོད་ས་གནས་སྲིད་གཞུང་་་ཞེས་པའི་མིང་བྱང་འདི་གཉིས་ཀྱི་བྱུང་ཁུངས་ལོ་རྒྱུས་དངོས་གནས་དེ་ག་འདྲ་ཞིག་ཡིན་ནམ་ལགས། ཁ་ཤས་ཀྱིས་་་སྡེ་བ་་་དང་་་ས་གནས་་་གཉིས་གོ་དོན་གཅིག་ཏུ་འབྲེལ་ནས་དུས་ཕྱིས་བོད་རང་ལ་དབུས་གཞུང་མེད་པར་འདོད་མཁན་དེ་འདྲ་ཡོད་ས་རེད།
སྡེ་བ་གཞུང་ཞེས་པའི་སྡེ་བའི་འབྱུང་ཁུངས་ནི་རྒྱ་གར་སྐད་ཀྱི་དེ་བ་སྟེ་ལྷ་ཞེས་པའི་དོན་ཡིན། རྒྱལ་པོ་ལ་ལྷ་ཞེས་འབོད་སྲོལ་ཡོད་པ་དེ་ལས་རྒྱལ་པོས་སྟངས་འཛིན་བྱེད་པའི་སྲིད་གཞུང་ལ་དེ་བའི་གཞུང་ཡིན་ཀྱང་ཕྱིས་སུ་དེ་ལ་ས་མགོ་ཞིག་སྦྱར་ནས་བོད་སྐད་ཀྱི་གོ་དོན་ཡོད་པ་ཞིག་བཟོས་པ་རེད། འདི་ནི་སྔོན་བྱས་མཁས་པའི་ལེགས་བཤད་རྗེས་རྗོད་ཙམ་ཡིན་གྱིས་རང་སྟོབས་ཀྱིས་བཀྲལ་བ་ནི་མ་ཡིན་ནོ།།
ཅོ་ཉི་ཁྱོད་བྱུས་མེད་བྱུས་ཏོག རྙོག་དྲ་མེད་ས་ལ་རྙོག་དྲ་བཟོ་མ་ཡོང་ང རྒྱུ་མ་རློན་པ་ཤིང་གྲི་ཡིས་གཏུབ་ཐུབ་གི་མ་རེད་དོ
དེང་རབས་བདུན་པའི་གོང་དུ་ཞང་ཞུང་མངའ་ཐང་རྒྱས་པོ་ཡོད་པར་མ་གཏོགས་སྲོང་བཙན་སྒམ་པོས་སུམ་གཉིས་ས་ལ་དབང་སྒྱུར་རྗེས་སུ་ཞང་ཞུང་མངའ་ཐང་ཉམས་ཡོད་ཀྱི་རེད། ལྷག་པ་ཏུ་བོད་སིལ་བུའི་སྐབས་སུ་ཞང་ཞུང་ཟེར་བའི་ཆེན་པོ་ཞིག་ཅང་ཡོད་ཀྱི་མ་རེད། དེང་སང་ཞང་ཞུང་གི་ཁང་ཤུལ་ལ་རྩྭ་སྐྱེས་ནས་བསྡད་མི་འདུག་གམ།
བོན་པོ་ལགས་ཀྱིས་འདོད་ཚུལ་བྱས་ན་ཞང་ཞུང་ཉམས་ཆག་ཇི་ལྟར་ཕྱིན་པ་རེད་དམ། དེང་རབས་གང་གི་ནང་དུ་ཉམས་འགོ་བཙུགས་པ་རེད་དམ། དེང་རབས་དགུ་པའི་སྐབས་སུ་ཞང་ཞུང་གི་གནས་སྟངས་ཅི་འདྲ་ཡོད་དམ། བོན་ཕྱོགས་ཀྱི་འདོད་ཚུལ་ལ་ཉན་འདོད་ཉན་ཆེན་པོ་ཡོད།
བློ་ལྡན་ཅོ་རི་ཉི་མ་ལེགས་སོགས་ལ་བོད་རྒྱལ་རབས་ནས་གསལ་བ་ལྟར་བསྡུས་པ་ཞིག་ཞུ་་བ་ནི། རྒྱལ་པོ་གླང་དར་མ་ལ་བཙུན་མོ་ཆེན་ཆུང་གཉིས་ལས། ཆེན་མོས་བུ་རྫས་མ་ཞིག་བསྟན་པ་ལ་ཡུམ་བརྟན་ཞེས་མིང་བཏགས། བཙུན་མོ་ཆུང་བ་ལ་སྲས་དངོས་མ་ཞིག་བལྟམས་པ་བཙུན་མོ་ཆེན་མོས་འཕྲོག་གམ། གསོད་དོགས་ཀྱིས་མཚན་མོར་མར་མའི་འོད་ཀྱིས་བསྲུངས་པས་ན། འོད་བསྲུངས་ཞེས་མིང་བཏགས། རྒྱལ་སར་བཞུགས་ཏེ་ལོ་དྲུག་ཅུ་རེ་གསུམ་པར་སྐུ་གཤེགས། དེ་ལ་སྲས་གཉིས་ལས། བཀྲ་ཤིས་བརྩེགས་པ་དཔལ་དང་། ཁྲི་སྐྱིད་ལྡེ་ཉི་མ་མགོན་གཉིས་སོ། བུ་སྟོན་ཆོས་འབྱུང་རྒྱལ་རབས་དེག་གཟུགས་ཤོག་གྲངས་༡༩༢ནས་༡༩༤དག་ལ་གཟིགས།
BONPO མཆོག་གིས་དད་པའི་རྗེས་སུ་འབྲངས་ཏེ་ཞང་ཞུང་རྒྱ་ཆེ་ལ་གཏིང་ཟབ་པར་འདོད་པ་ལ་ལེགས་སོ་ཞེས་པ་མ་གཏོགས་གཞན་རྩོད་པའི་རྙོག་དྲ་མེད། དད་ན་ཁྱིའི་སོ་ལ་མེ་འབར། ཞེས་པ་ལྟར་རོ།
འོན་ཀྱང་རྒྱལ་རབས་ལྟར་ན། བུ་སྟོན་ཆོས་འབྱུང་དེ་གཟུགས་མ་ཤོག་གྲངས་༢༠༡་ན། ལྷ་བླ་མས་ཞང་ཞུང་མཐོ་ལྡིང་གི་གཙུག་ལག་ཁང་བཞེངས། ཞེས་གསུངས། དགོན་པ་འདི་ཡང་གུ་གེ་ན་ཡོད་འདུག
བདག་གི་གྲོང་ཡུལ་གྱི་བསྔགས་བརྗོད་ཅིག་བྲིས་ནས། BONPO ལེགས་སོགས་ཀློག་པ་པོ་རྣམས་ལ་འབུལ་ངེས་ཡིན།
ཅོ་རི་ཉི་མ་ལགས། ཁྱེད་ནི་རྣམ་དཔྱོད་ཀྱི་ཁོ་ལག་ཡོངས་སུ་ཚང་བའི་མི་བུ་ཞིག་ཡིན་ས་རེད་བདག་ནི་དེ་ལྟར་མིན། ད་དུང་བོན་ཕྱོགས་ཀྱི་འདོད་ཚུལ་འདི་རེད་ཟེར་ནས་ཐག་ཆོད་པོ་དེ་འདྲ་ཤོད་ཀྱང་མི་ཤེས་ལ་ཤོད་རྒྱུའི་ཡོན་ཏན་དང་སྤོབས་པ་གཉིས་ཀ་མེད། ཡིན་ནའང་རང་གི་བསམ་ཚུལ་ཁག་ཤོད་པའི་ཐོབ་ཐང་ནི་ང་ལ་ལོས་ཡོད་ཆོག་དགོས། མ་རེད་བས་ལགས། སྲོང་བཙན་སྒམ་པོས་སུམ་གཉིས་ས་ལ་དབང་སྒྱུར་ཡོད་ནའང་འདྲ་མེད་ནའང་འདྲ། གང་ལྟར་སྲོང་བཙན་གྱི་དཔུང་རོགས་ཡོད་ན་མེད་ན་དེ་ནི་ཞང་ཞུང་གི་དམག་དཔུང་རེད་ཟེར་ནས་རྒྱ་མའི་ལོ་རྒྱུས་ཁག་གི་ནང་དུའང་བྲིས་ཡོད་ས་རེད། དཔེར་ན་ངས་སྔོན་མ་ཞིག་ལ་དོན་འགྲུབ་རྒྱལ་གྱིས་བོད་ཡིག་ཏུ་བསྒྱུར་བའི་ཐང་ཡིག་གསར་རྙིང་གི་ལོ་རྒྱུས་དེབ་ཕྲེང་གཉིས་ཡོད་བསམ་སོང་དེ་རོབ་ཙམ་ཞིག་བཀླགས་པ་ཡིན། དེའི་ནང་དུ་སྲོང་བཙན་གྱིས་ཞང་ཞུང་གི་དཔུང་ལ་རྒྱབ་རྩ་བཅོལ་ནས་དམག་དྲངས་ཚུལ་ཁག་བྲིས་ཡོད་ས་ཡོད། དུས་ཚོད་ཡོད་ན་སྐུ་ཉིད་ཀྱིས་དེ་ངེས་པར་དུ་ཀློག་རོགས་གནོངས་དེ་ནས་ཁྱེད་ཀྱིས་ཞང་ཞུང་ག་འདྲ་ཞིག་བྱུང་འདུག་མཐོང་སྲིད་པ་རེད། །
བོན་གྱི་ལོ་རྒྱུས་ཅིག་གི་ནང་གསལ་བ་ལྟར་ན། དཔེར་ན་ཁྲི་སྲོང་གི་དུས་སུའང་བོད་རང་ལ་དཔུག་དམག་་་བ་གྲེ་མོའི་གཞུང་གིས་ཁེབས་ཙམ་་་ལས་མེད་རབས་ཅིག་བྲིས་འདུག དེ་འདྲ་ཡིན་དུས་ཕྱི་ནང་གིས་བཤད་པ་ཁག་གུང་བསྒྲིགས་ནས་བལྟས་པ་ཡིན་ནའང་བོད་རང་ལ་དམག་ཤུགས་དེ་ཙམ་ཞིག་ཨ་ཡོད་ན་བསམ་པ་རེད། དཔེར་ན་དུས་ཕྱིས་ཀྱང་བལ་པོའི་གོར་དམག་ཙམ་ཡང་མཐར་སྐྲོད་གཏོང་ཆེད་རྒྱ་ལ་རེ་བཅོལ་ཞུ་དགོས་ཐུག་ཡོད་ས་རེད་བ། དེ་ཡང་རྒྱ་ནག་གོང་མས་ཀྱང་རྒྱལ་རོང་གི་དཔུང་དམག་མངགས་ནས་ཐ་མ་གོར་དམག་བོད་ནས་མཐར་སྐྲོད་བཏང་ཐུབ་ཙམ་བྱུང་བ་རེད། རྒྱལ་རོང་བ་ནི་ཞང་ཞུང་གི་ཁྲག་རླངས་དྲོན་མོ་མ་ཉམས་པའི་མི་རྒོད་ཤ་སྟག་རེད་དོ། དེ་དུས་ཀྱང་ཞང་ཞུང་གི་ཁྲག་རླངས་དྲོན་མོ་མེད་ན་བོད་གོར་ཁ་ལ་་ཤོར་ཚར་མི་འདུག་གམ ། །
དུས་ཚོད་ཀྱིས་རྐྱེན་པས་དེ་རིང་དེ་ཙམ་ཡིན། །
ཞང་ཞུང་གི་ཁྲག་རླངས་དྲོན་མོ་མ་ཉམས་པའི་རྒྱལ་རོང་བའི་དཔུང་དམག་གིས་བྱ་ཁྲས་བྱིའུ་ཁྱུ་གཏོར་བ་ཇི་བཞིན་ཞེས། གོར་དམག་ཚོ་ཏག་ཏག་བཟོས་པའི་ལོ་རྒྱུས་བྲིས་མི་འདུག་གམ། དེ་ཚོ་ཁྱེད་ཀྱིས་གཟིགས་ཡོད་འགྲོ། །
བོན་པོ་ལགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ། ཅོ་རི་ལ་རྣམ་དཔྱོད་ཟེར་ན་ཅང་མེད་ངེས་ཡིན། ཡིན་ཀྱང་དོ་སྣང་ཅན་ཞིག་དུས་སྤྱི་སྟངས་ཀྱི་བོད་མི་ཞིག་དང་བསྡུར་ཐབས་མེད་ཞུ་རྒྱུ་ཡིན།
བོད་རོང་ཆེན་བཞིའི་ཡལ་གྱལ་རྒྱལ་མོ་ཚ་བ་རོང་པ་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་འབངས་རེད་ཅེས་བཤད་སྐབས་རྒྱལ་རོང་སྤོབས་པ་མཐའ་ཡས་ཀྱིས་བྱ་རྒོད་རོ་ཐོག་ཏུ་རྒྱུགས་པ་ལྟར་ཞུང་སྒྲུང་བཤད་མ་ཡོང་ཟེར་གྱི་རེད་པ། མ་ཟད་རྒྱལ་མོ་ཚ་བ་རོང་པའི་གདོད་མའི་མི་རྣམས་ཀྱིས་གདོན་མའི་བོན་ཆོས་བྱས་པ་རེད་ལབ་ན་སྤྱང་རྒན་ར་མའི་ཐོག་ཏུ་མཆོངས་བ་ལྟར་མཆོང་འོང་རེད། ཁ་བཙུམ་ན་བསྡད་ན་དགའ།་་་་ཧཧ
ནོར་བཅོས།
བོན་པོ་ལགས་ཀྱིས་ལན་གནང་བར་ཐུགས་རྗེ་ཆེ། ཅོ་རི་ལ་རྣམ་དཔྱོད་ཟེར་ན་ཅང་མེད་ངེས་ཡིན། ཡིན་ཀྱང་དོ་སྣང་ཅན་ཞིག་ཡིན་དུས་སྤྱི་སྟངས་ཀྱི་བོད་མི་ཞིག་དང་བསྡུར་ཐབས་མེད་ཞུ་རྒྱུ་ཡིན།
བོད་རོང་ཆེན་བཞིའི་ཡལ་གྱལ་རྒྱལ་མོ་ཚ་བ་རོང་པ་ཞང་ཞུང་རྒྱལ་ཁབ་ཀྱི་མངའ་འབངས་རེད་ཅེས་བཤད་སྐབས་རྒྱལ་རོང་སྤོབས་པ་མཐའ་ཡས་ཀྱིས་བྱ་རྒོད་རོ་ཐོག་ཏུ་རྒྱུགས་པ་ལྟར་ཞང་སྒྲུང་བཤད་མ་ཡོང་ཟེར་གྱི་རེད་པ། མ་ཟད་རྒྱལ་མོ་ཚ་བ་རོང་པའི་གདོད་མའི་མི་རྣམས་ཀྱིས་གདོན་མའི་བོན་ཆོས་བྱས་པ་རེད་ལབ་ན་སྤྱང་རྒན་ར་མའི་ཐོག་ཏུ་མཆོངས་བ་ལྟར་མཆོང་འོང་རེད། ཁ་བཙུམ་ན་བསྡད་ན་དགའ།་་་་ཧཧ
དགེ་རྒན་ཆེན་མོ་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་འདི་ལྟར་གསུངས།
རིང་པོའི་ལོ་རྒྱུས་ཟབ་མོའི་ཆོས་དང་འདྲེས།།
བདེན་པའི་དངོས་པོ་རྫུན་པའི་རླབས་ཀྱིས་རྙོག།
མཁས་པའི་དཔྱད་པ་བཙན་པོའི་བཀའ་ཡིས་མནན།།
གདོད་མའི་རང་གཤིས་བརྗོད་ལ་སུ་མི་ངལ།།
རྣམ་རྟོག་འཁྲུག་པས་ལམ་གྱི་ཡོན་ཏན་ཉམས།།
འདུ་བ་འཁྲུག་པས་ལུས་ཀྱི་ཟུངས་བཅུད་ཉམས།།
བན་བོན་འཁྲུག་པས་བོད་ཀྱི་ལོ་རྒྱུས་ཉམས།།
ཉམས་པའི་རྒྱུ་ཀུན་འཁྲུག་པའི་ལས་ཀྱིས་བྱས།།
གནའ་རབས་མཁས་པའི་ལུང་ལ་རྒྱབ་བཅོལ་ཅིང༌།།
དེང་དུས་ཐོབ་པའི་གནའ་རྫས་དཔང་བཙུགས་ནས།།
ལོ་རྒྱུས་དངོས་ལ་ལོག་བཤད་བསལ་བའི་ཆེད།།
ཚུལ་གསུམ་དཔྱད་ལས་དྲངས་པའི་སྐྱེས་འདི་སྤྲོས།།་་་་་་་ཅེས་གསུངས་སོ།
ཅོ་རི་ཉི་མ་ལགས་ཀྱི་རྩོམ་འདི་ལ་མཆན་ཐུང་ཞིག་འབྲི་དགོས་བསམས་ཀྱིན་བསམས་ཀྱིན་ད་བར་ལུས་སོང་། ཆོལ་ཁ་ཞེས་པའི་སྐོར་ལ་ད་བར་དཔྱད་རྩོམ་གནད་ལ་སྨིན་པོ་འགའ་རེ་བྲིས་ཚར་འདུག་བསམས། དེ་དག་ལ་ཟུར་གཟིགས་གནང་རྒྱུ་གལ་ཆེན་རེད་སྙམ།
དེ་ནས་དཔྱད་གཞིའི་ཡིག་ཆ་སྔ་གྲས་ནས་ཆོལ་ཁ་ཞེས་པའི་ཐ་སྙད་སྤྱོད་སྔ་ཤོས་དེ་གང་ཡིན་པ་དང་། འཕགས་པའི་དབང་ཡོན་གྱི་གནས་ཚུལ་དེ་ནས་ཆོལ་ཁ་ཞེས་པ་ཡིག་ཐོག་ལ་འཁོད་ཀྱི་བར་ལོ་ག་ཚོད་འགོར་པ་དང་ཅིའི་ཕྱིར་འགོར་པ། འཕགས་པའི་སྐབས་ཐོག་གི་ཡིག་ཚགས་ནང་ཆོལ་ཁ་ཞེས་པའི་ཐ་སྙད་མེད་དོན་ཅི་ཡིན་དང་། ཡང་ན་འཕགས་པའི་སྐབས་ཀྱི་ཡིག་ཚགས་སྐོར་ཞིག་ང་ཚོ་ལ་ཐོབ་ཀྱི་མེད་དོན་ཅི་ཡིན་སོགས་ལ་གཟིགས་གལ་ཆེ་བ་རེད་དྲན་བྱུང་།
ཆོལ་ཁ་ཞེས་པ་སོག་སྐད་ཡིན་པར་བཤད་པ་ཤུགས་ཆེ། ཞེས་པ་ལ་རྣམ་དཔྱོད་ཀྱིས་སེམས་ན། ཕྱོགས་ཁག་ཆེས་པ་བོད་སྐད་སོག་པོས་ལེགས་པར་མཉན་ནས་བྲིས་མེད་པར་ཆོལ་ཁ། ཞེས་གོ་དོན་མེད་པའི་མིང་ཚིག་ཅིག་མ་དག་རྒྱུན་འབྱམས་སུ་སོང་བར་མངོན། སྔོན་རྒྱ་གར་དང་། མྱན་མར་སོགས་རྒྱལ་ཁམས་མང་པོའི་མིང་ཚིག་དུ་མ་ཨིན་ཇི་འགའ་ཞིག་གིས་བྲིས་པ་མ་དག་རྒྱུན་འབྱམས་བྱུང་བ། ལོ་ངོ་བརྒྱ་ཕྲག་རིང་དར་སྲོལ་ཆགས་པ་རྣམས་སླར་དག་པར་བྲིས་ཤིང་བཀོལ་སྤྱོད་ཡོད་པ། དཔེར་ན། ཝཱ་རཱ་ཎ་སཱི་དང་། མྱན་མར། ཞེས་པ་ལྟ་བུ་ལགས། དེས་ན། ཕྱོགས་ཁག ཅེས་དག་པ་གོ་བ་ཡོད་པ་ཞིག་འབྲི་དགོས་སོ།
ཧོར་རྒྱལ་པོས་དབང་ལུང་གི་་་ཆོ་ལོ་་་རུ་གནང་བའི་ཡུལ་་་ཕྱོགས་ཁག་་་གསུམ་ལ་་་ཆོལ་ཁ་གསུམ་་་ཞེས་བསྡུས་ཚིག་གམ་སྐུང་ཡིག་གི་ཚུལ་དུ་གོ་རྒྱུ་ཆེན་པོ་ཡོད་པ་ཞིག་རྩོམ་པ་པོས་རིག་རྩལ་གྱིས་བཅོས་པ་ཡིན་ནམ་སྙམ། །
བོད་ཕྱོགས་ཁག་གསུམ་དང་ཆོལ་ཁ་གསུམ་གྱི་དབྱེ་བ་ཕྱེད་སྟངས་འདི་སོག་པོས་དབང་ཡོན་དུ་ཕུལ་བའི་ལུགས་ལས་ཐོག་མར་བྱུང་བ་ཡིན་པ་དང། མིང་ཚིག་དེ་སོག་སྐད་དངོས་མ་ཡིན་ཀྱང་དབྱེ་བ་ཕྱེད་སྟངས་དེ་སོག་པོ་དང་འབྲེལ་ནས་བྱུང་བའི་རྒྱུ་མཚན་གྱིས་སོག་སྐད་རེད་ཟེར་ཆོག་པ་ཞིག་རེད། །
བོད་ཡུལ་དུ་སྐྱེས་པའི་་ནས་འབྲུ་སོག་ཡུལ་དུ་ཁྱེར་ནས་རྩམ་པ་ཐག་པ་ཡིན་ན། སོག་པོ་ཚོས་འདི་བོད་ཀྱི་རྩམ་པ་རེད་ལབ་ཀྱི་རེད། དངོས་གནས་བྱས་ན་རྩམ་པ་ནི་སོག་པོའི་ཡིན་དགོས་པ་རེད་ཅིའི་ཕྱིར་ན་ཐག་པ་པོ་སོག་པོ་རང་ཡིན་པས་སོ། ནས་འབྲུ་ནི་བོད་ཀྱི་ཡིན་དགོས་པ་རེད་ཅིའི་ཕྱིར་ན་སྐྱེ་ཁུངས་དངོས་བོད་ཡིན་པས་སོ། ཡིན་ནའང་ཡོངས་གྲགས་སུ་འདི་བོད་ཀྱི་རྩམ་པ་རེད་ཅེས་མིང་ནས་འབོད་པ་མ་གཏོགས། སོག་པོའི་རྩམ་པ་རེད་ལབ་ཀྱི་མ་རེད། དཔེ་དེ་བཞིན་ནོ། །
བོད་ཆོལ་གསུམ་ཆིག་སྒྲིལ་ཞེས་པའི། ཆོལ་ཁ་དག་པ་རེད་དམ། ཕྱོགས་ཁ་དག་པ་རེད། ཆོལ་ཁ་ཞེས་པའི་མིང་ཚིག་འདི་སོག་ཚིག་མ་ཡིན་ནམ། ལགས།
ཆོལ་ཁའི་རྟ་རྒྱུགས་དང་འབོད་སྒྲ་ལ་ལན་ཅིག་གཟིགས་དང་།
https://www.facebook.com/jampa.monlam.58/videos/905612369535932/
རབ་གསལ་ཕེབས་པར་ལེགས།
༡་་་སྤྱི་ལོ་༡༢༥༣ལོར་སོག་རྒྱལ་ལྔ་པ་ཀུང་ལེ་ཁན་མཆོག་གིས་ས་ཕྱོགས་ཁག་གསུམ་དབང་ཡོན་དུ་ཕུལ་ཞེས་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ནང་དུ་བཀོད་འདུག ཕྱོགས་ཁག་གསུམ་དབང་ཡོན་དུ་ཕུལ་བ་རེད་ཅེས་པ་མ་གཏོགས་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་ཞེས་བཀོད་མི་འདུག
༢་་་སྤྱི་ལོ་༡༢༥༥ལོར་འགྲོ་མགོན་འཕགས་པ་དང་ཡུམ་གཅིག་པའི་གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ཧོར་ཡུལ་དུ་ཕེབས་སྐབས་སེ་ཆེན་རྒྱལ་པོས་ས་ཆོལ་ཁ་གསུམ་གྱི་ཁྲིམས་བདག་དུ་བསྐོས་ཅེས་བཀོད་འདུག
བདག་ཆེན་ཨ་མེས་ཞབས་ཀྱིས་བརྩམས་པའི་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་འདི་བརྩམས་ནས་ལོ་ག་ཚོད་ཕྱིན་ཚར་མིན་བདག་གིས་མ་ཤེས་པས་ཞུས་ཐབས་བྲལ།
༣་་་་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་པ་རེད་ཅེས་བཀོད་མི་འདུག བོད་ཕྱོགས་ཁག་གསུམ་དབང་ཡོན་དུ་ཕུལ་པ་རེད་ཅེས་གསལ་གསལ་དག་དག་བཀོད། དེང་སང་བོད་མི་མང་པོའི་ཁ་ནས་རླུང་ལྟར་གྲགས་བསྡད་པ་ནི་བོད་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་པ་རེད་ཟེར་ནས་བཤད་ཀྱི་འདུག
༤་་་་ཆོལ་ཁ་ཞེས་པའི་ཚིག་འདི་སོག་སྐད་རེད་ཟེར་བ་ལ་ཡང་ཁུངས་ལུང་ཅང་ཟོལ་མི་འདུག སོག་སྐད་ཐོག་ནས་ཆོལ་ཁ་ཞེས་པའི་མིང་ཚིག་ཞིག་ཡོད་ཟོལ་མི་འདུག་ལ་ཆོལ་ཁ་ཟེར་བའི་ས་ཁུངས་དབྱེ་སྟངས་ཤིག་ཡོད་ཟོལ་མི་འདུག
༥་་་་དབུས་གཙང་བས་ཡི་གེ་བཀླགས་དུས་་་ཕ་ཡ་བཏགས་ཆ་ཟེར་གྱི་རེད། ཕྱ་དང་ཆ་གཉིས་སྒྲ་འདངས་གཅིག་པ་རེད། ཕྱོ་དང་ཆོ་གཉིས་སྒྲ་འདངས་གཅིག་པར་བཀླགས་ཀྱི་རེད། ཆོལ་ཁ་ཞེས་པ་འདི་ཕྱོགས་ཁག་ཅེས་པའི་སྒྲ་ལ་འཁྲུལ་ནས་བྱུང་བ་མིན་ནམ། གོང་དུ་རྒན་ལ་དྭགས་པས་གསུངས་པ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ་མོ།
ནོར་བཅོས།
༤་་་་ཆོལ་ཁ་ཞེས་པའི་ཚིག་འདི་སོག་སྐད་རེད་ཟེར་བ་ལ་ཡང་ཁུངས་ལུང་ཅང་ཡོད་ཟོལ་མི་འདུག སོག་སྐད་ཐོག་ནས་ཆོལ་ཁ་ཞེས་པའི་མིང་ཚིག་ཞིག་ཡོད་ཟོལ་མི་འདུག་ལ་་་་་སོག་པོའི་ཡུལ་དུ་ཆོལ་ཁ་ཟེར་བའི་ས་ཁུངས་དབྱེ་སྟངས་ཤིག་ཡོད་ཟོལ་མི་འདུག་་་་ཅེས་བཅོས་གྲོགས།
འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི་ཕྱི་ལོ་་་༡༥༩༧་་་ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ་་་༡༦༥༩་་་༡༦༦༠་་་ལོར་སྐུ་མྱང་ངན་ལས་འདས། མི་ལོ་ཧྲིལ་པོ་་་༦༢་དང་༦༣་་་གང་རུང་འཇིགས་རྟེན་མི་ཡུལ་དུ་བཞུགས་པའོ། །
ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་བརྩམས་པ་པོ་བདག་ཆེན་ཨ་མེས་ཞབས་ནི་མི་དཀྱུས་མ་ཕལ་པ་ཞིག་རྩ་བ་ནས་མ་རེད། སྒྲ་གདངས་འཆོལ་ལབ་རྒྱག་མཁན་ཞིག་དེ་བས་ཀྱང་ག་ལ་ཡིན། ཁོང་གིས་གནད་འགག་ཆེ་ས་ལ་ཚིག་འབྲུ་རེ་རེ་ནས་ཟབ་ཟབ་གནང་སྟེ་བྲིས་ཡོད་པ་ཐག་ཆོད། །
ཕྱོགས་ཁག་ཅེས་པའི་ཚིག་དེ་ལ་གོ་རྒྱུ་ཡོད་ནའང་དོན་ལ་བསམ་ན་ཚིག་སྐྱོན་ཡོད་པ་ཤེས་དགོས་པ་རེད། ཕྱོགས་ཅེས་པའི་ཚིག་འདི་ལ་རང་ཕྱོགས་དང་གཞན་ཕྱོགས་ལྟ་བུའི་རྣམ་འགྱུར་ཡོང་གི་ཡོད་དུས་ནང་ཁུལ་ལ་ཚིག་འདི་དེ་འདྲ་མཛེས་པོ་ཞིག་མ་རེད། ཡིན་ནའང་ཚིག་འདི་སྐབས་བབ་ཀྱི་བེད་སྤྱོད་བྱེད་སྟངས་ལའང་རགས་ལུས་ཡོད་པས་དུས་རྒྱུན་ནི་ཚིག་སྤྱིར་སྟངས་བ་ཞིག་རེད། །
སོག་སྐད་རེད་ཟེར་བ་དང་སོག་ཚིག་རེད་བ་གཉིས་ལ་ཁྱད་པར་ཞིག་ཡོད་འགྲོ་བསམ། འོན་ཀྱང་དཔྱད་པར་འཚལ། །
“༡་་་སྤྱི་ལོ་༡༢༥༣ལོར་སོག་རྒྱལ་ལྔ་པ་ཀུང་ལེ་ཁན་མཆོག་གིས་ས་ཕྱོགས་ཁག་གསུམ་དབང་ཡོན་དུ་ཕུལ་ཞེས་ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་ནང་དུ་བཀོད་འདུག ཕྱོགས་ཁག་གསུམ་དབང་ཡོན་དུ་ཕུལ་བ་རེད་ཅེས་པ་མ་གཏོགས་ཆོལ་ཁ་གསུམ་དབང་ཡོན་དུ་ཕུལ་ཞེས་བཀོད་མི་འདུག” ཅེས་ ཅོ་རི་ཉི་མ། ལེགས་ཀྱིས་མཆན་བྲིས།
.
“འཇམ་མགོན་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་མཆོག་ནི་ཕྱི་ལོ་་་༡༥༩༧་་་ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ་་་༡༦༥༩་་་༡༦༦༠་་་ལོར་སྐུ་མྱང་ངན་ལས་འདས། མི་ལོ་ཧྲིལ་པོ་་་༦༢་དང་༦༣་་་གང་རུང་འཇིགས་རྟེན་མི་ཡུལ་དུ་བཞུགས་པའོ། །ཞེ་ས་BONPO ལེགས་ཀྱི་བཀོད། གཞན་ཡང་།
ས་སྐྱའི་གདུང་རབས་རིན་ཆེན་བང་མཛོད་བརྩམས་པ་པོ་བདག་ཆེན་ཨ་མེས་ཞབས་ནི་མི་དཀྱུས་མ་ཕལ་པ་ཞིག་རྩ་བ་ནས་མ་རེད། སྒྲ་གདངས་འཆོལ་ལབ་རྒྱག་མཁན་ཞིག་དེ་བས་ཀྱང་ག་ལ་ཡིན། ཁོང་གིས་གནད་འགག་ཆེ་ས་ལ་ཚིག་འབྲུ་རེ་རེ་ནས་ཟབ་ཟབ་གནང་སྟེ་བྲིས་ཡོད་པ་ཐག་ཆོད། །”
་
གོང་གསལ་ཅོ་རི་ཉི་མ་མཆོག་གིས་བྲིས་པའི་རྒྱབ་སྐྱོབ་ཏུ་འགྲོ་བ་ཉིད། BONPO ལེགས་ཀྱིས་ལེགས་པར་མ་བརྟགས་པའི་རྟགས་སོ།
BONPOལེགས་ཀྱིས་”ཕྱོགས་ཁག་ཅེས་པའི་ཚིག་དེ་ལ་གོ་རྒྱུ་ཡོད་ནའང་།” ཞེས་སོགས་ནི་ཆོ་མེད་པའི་གཏམ་མོ།
བོན་གྱི་དཔེ་རྙིང་ཞིག་ནང་འདི་ལྟར་གསལ། །
དེ་ནས་ཀོང་རྗེ་དཀར་པོ་ཡང་། དད་པའི་སེམས་སྐྱེས་ནས། འཁོར་དང་གྲོགས་སུ་བཅས། སྟོན་པ་གཤེན་རབ་ལ། བསྐོར་ཞིང་ལྷ་ཕྱག་བཙལ། ལུས་བཏུད་མེ་ཏོག་ཕུལ། མདངས་བསྟན་འཛུམ་ཕྱུང་ནས། ཚིག་བཤད་འདི་སྐད་སྨྲས། སྔ་ན་མ་ཁུམས་པའི། སྐྱེས་མཆོག་ཁྱད་པར་ཅན། ཅི་ལྟར་མཛེས་པའི་སྐུ། ཅི་གསུངས་སྙན་པའི་དབྱངས། ཅི་མཛད་ཐབས་ལ་ནི། མཁས་པའི་སྐྱེས་མཆོག་ལགས། བདག་ཅག་འཁོར་དང་བཅས། ཁྱོད་ཀྱི་སྐྱབས་སུ་མཆི། རྟ་བདུན་བདུད་ཀྱིས་ནི། བརྐུས་ནས་བཅོལ་བ་ལ། ཆལ་དང་བཅས་ནས་འབུལ། ཆལ་གྱི་དང་པོ་རུ། ཀོང་བཟའ་ཁྲི་ལྕམ་འབུལ། ཆལ་གྱི་འབྲེང་པོ་རུ། གསེར་གཡུ་ཁལ་གྱིས་འཇལ། ཆལ་གྱི་ཐ་མ་རུ། ཀུན་ཀ་འབངས་སུ་མཆི། དེ་སྐད་ཅེས་སྨྲས་ནས། རྟ་བདུན་མཁར་ནས་ཕྱུང་། ཀོང་ཡུལ་བྲེ་སྣ་རུ། གསེར་གཡུ་བྲེ་ཡིས་བཅལ། བྲེ་ལས་ཁལ་དུ་བླངས། གཤེན་ལ་ཆལ་དུ་ཕུལ། ཀུན་ཁ་འབངས་སུ་ཆས། ། ཅེས་གསལ། །
ཆལ་་་ཞེས་པའི་ཚིག་འདི་་་ཆོལ་ཁའི་ཚིག་དང་འབྲེལ་བ་ཡོད་མེད་མི་ཤེས་ཏེ་གང་ལྟར་ཉེ་སས་ཅིག་རེད་མི་འདུག་གམ། །