སད་མི།
རྒྱ་ནག་ཚང་གིས་མི་ལོ་ཉིས་སྟོང་སྔོན་ནས་མཐའ་འཁོར་རྒྱལ་ཁབ་བོད་དང་ཤར་ཏུ་ཁི་སི་ཐན། སོག་པོ། མན་ཇུ་སོགས་འདྲ་མཉམ་སྒོ་ནས་ཡར་མར་འབུལ་རེས་བྱས་པའི་ཚོང་འབྲེལ་ལག་རྟགས་དེ་དག རྒྱ་ནག་གི་ལོ་རྒྱུས་ཡིག་མཁན་ཚོས་ཁོང་ཅག་རྒྱ་ནག་གི་མངའ་ཁོངས་ཡིན་སྟབས་འབུལ་རྟེན་ཕུལ་བ་རེད་ཟེར་གཡོ་འབྲི་བྱས་ཏེ་རྒྱལ་པོར་སྤྱན་བསྟར་ཞུས་རྗེས་ཐ་མའི་ལོ་རྒྱུས་ཡིག་ཚགས་སུ་གཏན་འབེབས་བྱེད་པ་རེད། དེ་ནི་ན་ཙིའི་སྲིད་གཞུང་དྲིལ་བསྒྲགས་མགོ་པ་ཀེ་ཕེ་འར་སྐད་ཆ་ལྟར། ཅི་སྟེ་རྫུན་གཏམ་ཞིག་ཐེངས་བརྒྱ་ཤོད་ཐུབ་ན་བདེན་པར་འགྱུར་རོ་ཞེས་པའི་བསམ་བློའི་ས་བོན་དུ་གྲུབ་པ་རེད།
བོད་འདི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་བཙན་པོའི་དུས་རིམ་ན་རྒྱ་དཀར་ནག་སོགས་སུ་ཤར་འདུལ་ནུབ་བཅོམ་ཐུབ་པའི་བཙན་རྒོད་རྒྱལ་ཁབ་ཅིག་རེད། རྒྱ་གར་བའི་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་རིམ་བཞིན་མཐོ་རྒྱལ་བློན་དཀྱིལ་འཁོར་ནས་དམའ་ཞིང་འབྲོག་མི་སེར། ཐ་ན་རི་སུལ་ན་གནས་བཅས་པའི་རྒན་མོ་མ་སྨད་ཡན་གྱི་བོད་མི་ཐམས་ཅད་པོས་རྒྱ་གར་བའི་སངས་རྒྱས་ཆོས་ལུགས་ན་མགོ་བརྒྱབ་བརྒྱབ་པས་མཐའ་མ་བོད་རྒྱལ་ཁབ་རྒྱ་ལག་ཏུ་བསྟབས་པ་རེད།
རང་རེ་བོད་མི་ཚོས་སྔར་བཙན་པོའི་སྐབས་ཀྱི་རྟ་དམག་དང་མདའ་གྲི་མདུང་གསུམ་ས་ཐང་ལ་གཡུགས་ནས་མ་ཎི་ཕྲེང་བ་དང་ལག་སྐོར་སྒོ་གསུམ་ཕྱི་ནང་འབྲལ་མེད་དུ་བཅིངས་ཏེ་འཇིག་རྟེན་སྲིད་ཕྱོགས་ལ་ལྟག་རྒྱབ་གཏོད་འགྲོ་དུས། ཏག་ཏག་རྒྱ་མི་མ་སྲིན་འདིས་གོ་སྐབས་དམ་འཇུ་བྱས་ནས་ཐུ་བྷོད་རྒྱལ་ཁབ་ལ་བཙན་འཛུལ་བྱས་ཏེ། ཕྱོགས་གཅིག་ནས་ཁ་འཇམ་ཁོག་རྩུབ་རྣམ་པས་ཐུ་བྷོད་བ་མགོ་བོ་འགར་མེ་ལྟར་བསྐོར་བ་དང་། ཉག་གཉིས་ནས་ལྕགས་མདའ་ནག་པོའི་སོ་ཁ་བོད་མིར་གཏད་གཏད་བ་བྱས་ནས་དྲག་རྡུང་རང་ལག་ལེན་དུ་འདེབས། དེའི་སྟེང་དུ་རྒྱུན་ཆད་མེད་པར་བོད་ལ་རྒྱ་ནག་མི་སེར་སྤོ་བཤུག་བྱས་ནས་མདོ་དོན་ཐུ་བྷོད་བ་ཚོ་མན་ཇུའི་རྐང་རྗེས་འཚོལ་བར་མངགས་རྒྱུར་རྩེ་གཅིག་ཏུ་སྒོམ།
བོད་མི་རྒྱ་མིར་བསྒྱུར་རྒྱུ་དང་། བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་ཁ་ཚར་ཡན་ལག་སྣ་མང་ཞིབ་ཚགས་ཀྱི་ལེ་ཚན་ཧ་ཅང་མང་པོ་ཡོད་པ་ལས། འདིར་དེང་སྐབས་བོད་ཕྱི་ནང་གཉིས་ཀར་སྤྱོད་སྒོ་ཆེ་བའི་རྒྱའི་ཚིག་གི་ལྕགས་རྙི་འགའ་ཐེར་འདོན་བྱ་འདོད་པ་ཡིན། ཁོས་ཐོག་མཐའ་བར་གསུམ་དུ་དམིགས་ཡུལ་ངེས་ཅན་བསྒོམས་པའི་ཆབ་སྲིད་ཚིག་བརྗོད་ཆུ་གཉེར་ལྟར་དུ་གཡུགས་ཡོང་ནས་བོད་མི་ཅོལ་མགོ་དག་ཚིག་རྙིར་འཛུད་རྒྱུར་སྒུག་སྡོད་ཀྱི་ཡོད།
དཔེ་བཞག་ན། བོད་རིགས (རྒྱ་ནག་སྐད་དུ། ཙང་ཙུ) བོད་མི་རིགས(ཙང་མེང་ཙུ) བོད་རིགས་མི་དམངས(ཙང་ཙུ་རེ་མེང) གྲངས་ཉུང་མི་རིགས(ཧྲའོ་ཧྲུའུ་མེང་ཙུ) རྒྱ་རིགས(ཧན་ཙུ) རྒྱ་མི་རིགས(ཧན་མེང་ཙུ) རྒྱ་རིགས་མི་དམངས(ཧན་ཙུ་རེ་མེང)སོགས་ཧ་ཅང་མང་། ང་ཚོས་ངེས་པར་དུ་སྐད་ཆ་འདི་ཚོའི་མཚོན་དོན་དང་དུས་ཚོད། ཁོས་འདི་ལྟར་འབོད་དགོས་པའི་ཆབ་སྲིད་དམིགས་ཡུལ་བཅས་ངོས་བཟུང་དགོས།
དང་པོ་ཁྱོད་ལ་མི་རིགས་ཟེར་ལབ་ཡོང་དུས་སེམས་ཚོར་ཅི་འདྲ་ཞིག་རེད། བོད་ཟེར་རྒྱུའི་རྒྱལ་ཁབ་ཅིག་གི་ངོ་བོ་ཡོད་རྒུ་ཚང་བའི་ཆོས་ཅན་དེ་ལ་མིང་འབོད་ཕྱོགས་ཤིག་གིས་གློ་བུར་ཐོག་རྒྱག་ངང་ཆུང་ཆུང་མི་རིགས་ཙམ་པོ་ཞིག་གི་གོ་ཐང་ལ་ཕབ་པ་རེད། 1950 ལོའི་སྔ་རོལ་དུ་བོད་དང་བོད་མི་ཟེར་བའི་ཚབ་ཏུ་བོད་རིགས་དང་བོད་མི་རིགས་ཟེར་བའམ། ཡང་ན་རྒྱ་ནག་པར་རྒྱ་རིགས་དང་རྒྱ་མི་རིགས་ཟེར་བཀོད་པའི་བོད་རང་གི་ལོ་རྒྱུས་ཡིག་ཆ་ཞིག་བཙལ་ཀྱང་མི་རྙེད། བོད་འབངས་ལ་གྲངས་ཉུང་མི་རིགས་ཟེར་བའི་དམའ་འབེབས་ཚིག་བརྗོད་འདི་འདྲ་དེ་བས་ཀྱང་ཅི་རྙེད།
ཁྱོད་ཀྱིས་ཨ་རིགས། དབྱིན་རིགས། ཧྥ་རིགས། ཨུ་རིགས། འཇར་རིགས་སོགས་བོས་པ་གོ་མྱོང་ངམ། གཙོ་ཆེ་ཤོས་ནི་བོད་རིགས་དང་རྒྱ་རིགས་བཅས་རིགས་རིགས་ཟེར་བོས་ཚར་དུས་རྒྱལ་ཁབ་གཅིག་དང་ཁྱིམ་ཚང་གཅིག་ཡིན་པའི་གོ་བ་ངང་ཤུགས་ཀྱིས་སླེབས་ཡོང་། འདི་དག་ནི་རྒྱ་ནག་ཀྲུང་ནན་ཧེ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་སོགས་ན་གབ་བསྡད་ཡོད་པའི་རྒྱ་རྒན་ཀླད་དམར་ཚོས་བསམ་གཞིགས་ཡུན་རིང་བྱས་མཐར་མ་རུངས་ཁོག་བཅངས་སྒོ་ནས་ཇུས་འགོད་ཞིབ་ཚགས་བྱས་པའི་ཆབ་སྲིད་ཚིག་བརྗོད་ཞེ་གཅིག་རེད།
དེ་འདྲ་ཡིན་དུས། རང་རེ་བོད་མིའི་ངོས་ནས་རྒྱའི་རེ་ངན་འགྲུབ་པའི་ཆེད་དུ་སྐྱག་དྲི་ཁ་བའི་ཚིག་བརྗོད་དེ་དག་ཤུགས་བརྒྱབ་ནས་དྲིལ་སྒྲོག་རོགས་བྱེད་པ། སྐད་ཆ་བཤད་དུས་ཡི་གེ་འབྲི་དུས་ཡང་ནས་བསྐྱར་དུ་བེད་སྤྱོད་ཅི་ཐུབ་ཐུབ་བྱེད་པ་ནི་ངོ་ཚ་དགོས་པ་དང་བཀའ་ཁྲེལ་དགོས་པའི་གནས་སྟངས་ཙམ་དུ་མ་ཟད། ཅི་འདྲའི་བོད་ངོ་རྒྱ་ངོ་མི་ཤེས་པའི་གླེན་ལྐུགས་ཕག་འདྲ་འདྲ་ཞིག་རེད། འདི་འདྲར་སོང་བས་གཞུང་དང་ཚོགས་པ་ཁག་གི་གཞུང་ཡིག་ཏུ་དེ་བས་ཀྱང་རྒྱ་ཕྱོགས་ཀྱི་རྙི་ཚིག་འདི་དག་སྤྱོད་རྒྱུར་ངེས་པར་གཏན་འགོག་བྱ་དགོས།
ང་ཚོས་ཅི་ནས་ཀྱང་བོད་རང་གི་ལོ་རྒྱུས་དང་བསམ་པའི་འདུ་ཤེས་ཡོད་པའི་སྒོ་ནས་རྒྱའི་ལོག་སྒྲོག་དེ་དག་ལས་རྣམ་པར་རྒྱལ་དགོས་པ་ལས་དེར་རམ་འདེགས་བྱེད་རྒྱུ་མི་དཔེ་མི་སྲིད། དེ་ལྟའང་། ང་ཚོ་ལ་ཤས་ཀྱིས་བསམ་བཞིན་དུ་རྒྱ་རྙིར་རྐང་རྡོག་སྤོ་གིན་ཡོད་པའི་ཚོར་སྣང་ནར་མར་སྐྱེ།
འོ་ན་ང་ཚོས་ཅི་ལྟར་འབོད་དགོས་སམ་ཞེ་ན། རྒྱ་ནག་གི་ཆབ་སྲིད་ཐབས་ཇུས་པ་ཚོས་ཆེད་དུ་སྤེལ་བའི་བོད་རིགས་དང་བོད་མི་རིགས་ཟེར་བའི་ཚབ་ཏུ་བོད་འབོད་དགོས། བོད་རིགས་མི་དམངས་ཟེར་བའི་ཚབ་ཏུ་བོད་མི་དམངས་འབོད་དགོས། དེ་བཞིན་དུ་རྒྱ་ཕྱོགས་ལའང་རྒྱ་རིགས་དང་རྒྱ་མི་རིགས་ཟེར་བའི་དོད་དུ་རྒྱ་མི་དང་རྒྱ་མིའི་མི་རིགས་འབོད་དགོས། རྒྱ་རིགས་མི་དམངས་ཟེར་བའི་དོད་དུ་རྒྱ་མི་དམངས་ཞེས་འབོད་དགོས་པ་རེད།
དེ་ལྟར་མིན་པར། ཐུ་བྷོད་བ་ཚོ་རྒྱ་ནག་ཀྲུང་ནན་ཧེའི་ཚིག་རྙིར་ཟགས་སོང་ན། དེ་ནི་ཧ་ཅང་རྣར་གཟན་པའི་ཨ་ཅེ་ཝ་མོ་ཚེ་བརྟན་སྒྲོལ་མའི་གླུ་གཞས་ལྟར། ( བོད་རིགས་དང་རྒྱ་རིགས། ཨ་མ་གཅིག་གི་བུ་མོ། ཨ་མའི་མིང་ལ་ཀྲུང་གོ་ཟེར) ཞེས་པའི་གླུ་གཞས་སྨྱོན་པ་དེའི་སྤུན་འཇགས་སུ་ཆགས་འགྲོ་བ་རེད། དེས་ན། ཚིག་བརྗོད་འདི་དག་ཕྱི་ཤུན་ནས་ཧོབ་སྟེ་བལྟས་ཚེ་ཁྱད་པར་དེ་ཙམ་མེད་པ་འདྲ་བོ་མཐོང་སྲིད་མོད། དོན་དུ་ཁྱད་པར་ཡོད་པ་ཙམ་མ་ཟད། བོད་རྒྱ་ཁོངས་སུ་སྒྲུབ་རྒྱུར་ནུས་པ་དྲ་མ་ཐོན་ཡོད་རྐྱེན་རྒྱ་རྒན་ཐབས་ཇུས་པ་ཚོས་ཆེད་དུ་གཡུགས་པ་མིན་ན་ཅི་རེད།
དམ་པ་དགེ་ཆོས་ཀྱི་རྒྱལ་རབས་དེབ་ཐེར་དཀར་པོ་ལས།
དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ༑ མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། ཅེས་གསུངས་འདུག
རྒྱལ་དར་གངས་སེང་ཁ་སྤྲོད་ཀྱི་འགྲེལ་བཤད་ནང་དུ་འདི་འདྲ་བྲིས་འདུག
ཅན་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་པས། སེ་དང་། རྨུ་དང་། ལྡོང་དང་། སྟོང་དང་། བྲུ་དང་། དབྲ་སྡེ་བོད་མི་རིགས་ཀྱི་ཕྱི་མོ་མིའུ་གདོང་དྲུག་མཚོན། ཞེས་བྲིས་འདུག
ནོར་བཅོས་་་་ནམ་མཁའི་ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་པས། སེ་དང་། རྨུ་དང་། ལྡོང་དང་། སྟོང་དང་། བྲུ་དང་། དབྲ་སྟེ་བོད་མི་རིགས་ཀྱི་ཕྱི་མོ་མིའུ་གདོང་དྲུག་མཚོན། ཞེས་བྲིས་འདུག
སད་མི་ཡི་རྒྱལ་གཅེས་ལྷག་བསམ་དེ་ལ་གུས་བཀུར་ཡོད། ཐུགས་རྗེ་ཆེ། ཡིན་ཀྱང་བོད་མི་རིགས་ཅེས་བརྗོད་ན་མི་འགྲིག་པའི་རྒྱུ་མཚན་གསུངས་པ་འདི་རྒྱུ་མཚན་ཡང་དག་ཞིག་ཏུ་མཐོང་གི་མི་འདུག་པས་གསལ་བཤད་མང་ཙམ་ཡོང་བའ་རེ་བ་ཡོད། ང་ལྟ་བུ་ཚོ་མ་ཤེས་རྨོངས་པའི་གཉིད་ལས་ཡོད་མཁན་ཚོ་རྨོངས་གཉིད་ལས་སད་ཐུབ་པའི་ཁ་གསལ་གཏིང་གསལ་གྱི་རྒྱུ་མཚན་ཡང་དག་རེ་གསུང་རོགས་བྱོས།
དྲ་གྲོགས་ཅོ་རི་ཉི་མ་ལགས།
རྒྱ་མིས་ང་ཚོ་བོད་མི་རིགས་ཟེར་བོས་པ་འདི་རྒྱ་ནག་ཅེས་པའི་རྒྱལ་ཁབ་དེའི་ནང་ཁོངས་ཡིན་པ་དང་ཁོངས་གཏོགས་ཡིན་པར་སྒྲུབ་པའི་བཤད་ཐབས་ཤིག་རེད། ང་ཚོ་སྟེ་བོད་འདི་ནི་དོན་ངོ་མས་རྒྱལ་ཁབ་ཅིག་གི་ངོ་བོའི་སྒང་ལ་ཡོད་དུས་མི་རིགས་ཟེར་བོས་པས་རྒྱལ་ཁབ་ཀྱི་ངོ་བོ་ལ་འགྲོ་ཐུབ་ཀྱི་མེད་པ་གང་ཞིག རྒྱ་ནག་གི་ཆ་ཤས་སུ་འགྲོ་བའང་ཤུགས་ཀྱིས་སྟོན། ཐ་སྙད་འདི་དག་རྒྱ་ཡིག་སྒང་ལ་ཧ་ཅང་མངོན་གསལ་དོད་པོ་རེད་ལགས།
སད་མིས་ཡག་པོ་བྲིས་གནང་འདུག ད་དུང་འདི་དང་འདི་ལྟ་བུ་ཞིབ་འཇུག་གནང་གལ་ཆེ། མ་འོངས་པར་མིང་བརྡའི་བྱུང་རབས་ལ་ཏན་ཏན་ཕན་ཐོག་ཡོང་གི་རེད། བོད་མིའི་སྐད་ཡིག་གི་མིང་བརྡའི་ཁྱབ་ཚད་དེ་ཚོ་བེད་སྤྱོད་གཏོང་དགོས་ན་རྒྱ་མཁས་དེ་ཚོ་ངན་ལེ་འདྲ་ཡོད་ས་གདའ། ཅིས་ན་ཁོ་ཚོས་བསམ་བློ་མང་པོ་བཏང་ནས་གཟབ་གཟབ་བྱེད་ཀྱི་ཡོད་པས་རེད། །
ད་དུང་ཐུབ་ན། བོད་ཉྭ་དེ་ལེགས་སྦྱར་གྱི་སྐད་ཟེར་བའི་ཚིག་རྙིར་བཙུད་ནས་དེའི་རྒྱ་ལས་མི་འདའ་བའི་སྐེ་བཙིར་ཡོད་མེད་ཀྱང་ཞིབ་དགོས། །