སྐྱོ་བྲག་དགའ་དབང་།
བལ་པོའི་རྒྱལ་ས་ཡམ་བུ་ལ་བོད་ཐང་མགོན་པོ་བྱ་བ་རྡོ་ནག་གི་སྐུ་མི་ཚད་ལས་ཆེ་བ་ཙམ་ཞིག་ཡོད། རྡོ་སྐུ་འདིའི་ལོ་རྒྱུས། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས། བལ་པོའི་གནས་ཀྱི་དཀར་ཆག་གངས་ཅན་རྣ་བའི་བདུད་རྩིར་བྲིས་པ་ནི། བོད་ཐང་མགོན་པོ་ནི། ལ་ལས་རང་བྱུང་དུ་བྱུང་བ་ཡིན་པར་བྱེད། ཁ་ཅིག་གིས་སློབ་དཔོན་ཀླུ་སྒྲུབ་ཀྱིས། ནག་པོ་ཆེན་པོའི་སྐུ་བརྒྱ་རྩ་བརྒྱད་བཞེངས་ནས། བསྟན་པ་སྤྱི་དང་། ཁྱད་པར་རྡོ་རྗེ་གདན་ལ་སོགས་པ་གནས་ཆེན་རྣམས་ཀྱི་སྲུང་མར་བསྐོས་པའི་ནང་ཚན་རང་བྱུང་མཆོད་རྟེན་ཆེན་པོའི་སྲུང་མར་བསྐོས་པའི་སྐུ་ཡིན་ཅིང་ཀླུ་སྒྲུབ་རང་གི་ཕྱག་བཟོ་ཡིན་ཡང་ཟེར། གང་ལྟར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་ཅིང་བཟོ་ཁྱད་ཀྱང་ཕུལ་དུ་ཕྱིན་པ། ལྷན་གཅིག་སྐྱེས་པའམ་རྩ་བའི་མགོན་པོ་སྐུ་རྒྱུ་རྡོ་ནག་ལས་གྲུབ་པ་ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་འཛིན་ཅིང་ཁ་ཊྲཱཾ་ག་ཕྲག་པ་ལ་བཀལ་བ་ཞབས་མཉམ་པའི་སྟབས་སུ་བམ་རོའི་སྟེང་ན་བཞེངས་པ་ཞིག་ཡོད།
སྔོན་དུས་བར་སྐབས་ཤིག་ཡུལ་འདིར་ཀླ་ཀློའི་དམག་བྱུང་སྟེ། སྐུ་འདི་བཤིགས་པར་བརྩམས་པས་བཤིགས་མ་ནུས་པར་མ་ཟད་བལ་པོའི་ཡུལ་ཀུན་ན་ཀླ་ཀློའི་བསྟན་པ་ད་དུང་མ་བྱུང་བ་འདི་ཡིན། འོན་ཀྱང་དེ་སྐབས་རོ་གདན་གྱི་ཆ་ཤས་འགའ་དང་། སྐུ་དངོས་རང་གིའང་ཤངས་ཀྱི་རྩེ་མོ་སོགས་ལ་ཉམས་ཆག་ཕྲན་བུ་བྱུང་འདུག ། སྐུ་གཟུགས་འདིའང་རང་བྱུང་མཆོད་རྟེན་ཆེན་པོར་ཞལ་བསྟན་ནས་ཡོད། ཤིན་ཏུ་གཉན་པས་ཞལ་བསྟན་ཕྱོགས་ཀྱི་གདོང་དེར་གྲོང་ཁྱེར་སྔར་ཆགས་པ་རྣམས་ལའང་མི་ཤིས་པ་སྣ་ཚོགས་བྱུང་ནས་ཡུལ་སྟོང་པ་ཡིན་ཟེར་ད་ལྟ་གྲོང་མེད།
སྐུ་འདི་སྔོན་ཡེ་རང་དང་ཉེ་བའི་རི་བོ་ཕུལླ་ཌོ་ཞེས་པའི་རྩེ་མོར་བཞུགས་པ་ནམ་མཁའི་ལམ་ནས་འཕུར་ཞིང་གཤེགས་ནས་བོད་ཐང་དུ་ཕེབས་པར་གྲགས། དེ་ལ་བོད་ཐང་ཟེར་བ་ནི། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བློན་པོ་མགར་སོགས་བོད་ཀྱི་གཉེའོ་རྣམས་དེར་བསྡད་ཅིང་བལ་མོ་བཟའ་ཁྲི་བཙུན་ལ་རྒྱལ་པོ་འོད་ཟེར་གོ་ཆས་རྫོང་བཏབ་པའི་གནས་ཡིན་པས་བོད་ཐང་དུ་གྲགས་སོ། །ཞེས་པ་འདི་རེད།
འོན་ཏེ་དིང་སང་ནི་བལ་པོར་ཀླ་ཀློ་ཡང་ཡོད་ཅིང་། ཞལ་བསྟན་ཕྱོགས་ཀྱི་གདོང་ལ་གྲོང་ཡང་གང་དགོས་ཡོད་པས་དུས་སྐབས་སོ་སོའི་གནས་ཚུལ་ཡིན་པ་ཤེས་དགོས། རང་བྱུང་མཆོད་རྟེན་ཆེན་པོ་ནི་བལ་ཡུལ་འཕགས་པ་ཤིང་ཀུན་ལ་ཟེར་བ་ཡིན་ནོ། །
མགོན་སྐུ་འདི་ཉིད་ཀྱི་ལྷ་ཡི་ངོ་བོ་ནི། སངས་རྒྱས་ཀྱིས་རྒྱུད་ནས་གསལ་བར་བསྟན་ཅིང་ད་ལྟར་བཀའ་བརྒྱུད་སྔགས་མཛོད་དུ་བཞུགས་པ་རྒྱུད་ཀྱི་མགོན་པོ་བྱ་བ་དེ་ཀ་རེད། མགོན་པོ་འདིའི་སྐུ་བརྙན་ནི་བལ་ཡུལ་གྱི་ས་ཆ་གང་སར་མཇལ་དུ་ཡོད་ལ། མིའུ་ཐུང་རྒྱགས་པ་ཁྲོས་པའི་རྣམ་པ་ཙམ་ལས་བོད་ཀྱི་མགོན་སྐུའི་ཁྲོ་ཉམས་ལྟ་བུ་ཚད་བརྒལ་ནི་མ་རེད།
བོད་ཐང་མགོན་པོ་ནམ་རྒྱུན་ཕྱི་ནང་ཐུན་མོང་གིས་མཆོད་ཅིང་ཡོད་དེ། རྒྱ་གར་སོགས་ཐག་རིང་ནས་ཆེད་དུ་ཡོང་བ་དག་གིས། ཆང་སྐྱེམས་སོགས་མཆོད་པ་དང་འབུལ་བ་དག་ཕུལ་ནས། དམིགས་ཡུལ་གང་གིས་ཡོང་བ། དཀའ་ངལ་ག་རེ་ཡོད་པ། འདོད་དོན་གང་ཞིག་ཡིན་པ་སོགས་རེ་རེ་བཞིན་བགྲངས་ཏེ། ལྷ་ཡིས་སྡོང་གྲོགས་དགོས་པའི་རེ་སྐུལ་ནན་མོ་བྱ་ཞིང་འདུག་པ་ནི། ང་ཚོའི་གསོལ་ཁ་རྣམས་སུ་ཡོད་པའི་འཕྲིན་བཅོལ་རང་རེད་ཤག །
ཡང་འགའ་རེ་ནི་བཀའ་དྲིན་གཏང་རག་གི་ཆེད་དུ་ཡོང་བ་སྟེ། ནམ་དུས་འདི་ཙམ་ཞིག་ལ། མཆོད་བསྟོད་འཕྲིན་བཅོལ་འདི་འདྲ་ཞིག་བྱས་པས། བྱ་བ་ལམ་འགྲོ་འདི་འདྲ་ཞིག་བྱུང་བས། ང་རང་སླར་ཡང་མཆོད་འབུལ་དུ་ཡོང་བ་ཡིན་སོགས་ཟེར་ཞིང་འདུག །
བདག་ཀྱང་ཡམ་བུར་ནམ་བསླེབས་ལ་བོད་ཐང་མགོན་པོ་ནི་ཆེད་དུ་མཇལ་ཏེ་མཆོད་བསྟོད་དང་འཕྲིན་བཅོལ་ཅི་ནུས་རེ་བྱེད་ཀྱི་ཡོད་དོ། །
བོད་ཐང་མགོན་པོར་ཆང་མཆོད་ཕུལ་ན་ལམ་འགྲོ་མངོན་གསལ་དོད་པོ་ཡོད་པ་བདེན་པ་ཡིན།
མགོན་པོ་འདིའི་བྱུང་རབས་གསལ་པོར་མ་ཤེས་ཀྱང་། གོ་ཐོས་ལ་འདི་བ་རི་ལོ་ཙཱ་བའི་ཐུགས་དམ་གྱི་རྟེན་ཡིད་སྐད་གོ བ་རི་ལོ་ཙཱ་བས་བལ་བོར་བོད་མི་ཉམས་ཐག་ཚོའི་ཆེད་དུ་སྡོད་ཁང་གསར་བཟོ་བྱས་ཚུལ་རྣམ་ཐར་ན་གསལ། གང་ལྟར། མགོན་པོ་འདི་བྱིན་རླབས་ཅན་ཞིག་ཡོད་པས་གུས་པ་ཡང་བལ་བོར་ནམ་སོང་ལ་དེར་མཇལ་ཏུ་འགྲོ་མྱོང་། ནང་པ་ཙམ་མིན་པར་བལ་བོའི་མུ་སྟེགས་པ་དག་གིས་ཀྱང་གནས་འདི་རྩ་ཆེན་དུ་བྱེད་ཀྱི་འདུག་སྙམ་པ་བྱུང་། མ་གཞི་བལ་བོ་ན་མཁས་པ་མེད་པས་ག་ལ་ཡིན་ཏེ། མང་ཚོགས་ཁྲོད་གྲུབ་མཐའ་དག་ཀྱང་བཟང་ངན་གྱི་དབྱེ་བ་མེད་པར་ཚང་མ་གཅིག་མཚུངས་སུ་ལྟ་བཞིན་པའི་སྣང་བ་བྱུང་། དཔེར་ན། སྟོན་པ་དང་དབང་ཕྱུག་གཉིས་ཀ་མཆོད་སྒྲོམ་གཅིག་ཏུ་བཞུགས་སུ་གསོལ་བ་ལྟ་བུ་མང་།