གནས་ཚུལ་མཁོ་འདོན་པ། གཅན་སྣང་བ་ཚེ་རིང་བཀྲ་ཤིས།
རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རན་བྷིར་ཀ་ཕོར་ལགས་ཀྱི་དེང་རབས་གླུ་གཞིས་ཀྱི་ནང་གི་བོད་དར་གཙང་གསུབ་བྱེད་དགོས་ཚུལ་བརྗོད་པར་བོད་རང་དབང་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྐང་འཁོར་སྐོར་བསྐྱོད་ཀྱི་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཡོད་འདུག སྐབས་དེར་ས་གནས་བོད་རིགས་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་བཅས་མི་གྲངས་༥༠ལྷག་འདུ་འཛོམས་ཀྱིས་ལུས་ལ་བོད་དར་གྱོན་ནས་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་མ་ཟད། ལྡི་ལི་རུ་ཡོད་པའི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རིག་འཛིན་ལགས་ཀྱིས་གསར་འགོད་པར་བརྗོད་དོན། རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཁང་གིས་གནད་དོན་ཚབས་ཆེན་འདི་འདྲ་ཞིག་ཕྱིར་བསྒྲགས་བྱས་པ་དེས་སྨྲ་བརྗོད་རང་དབང་རྡོག་རོལ་དུ་བཏང་ཡོད་པ་མ་ཟད། རྒྱ་གཞུང་གི་གནོན་ཤུགས་ཐེབས་ཀྱི་ཡོད་པ་གསལ་བོ་ཆགས་ཡོད་ལ། རྒྱ་གར་གྱི་སྤོབས་པ་དང་ང་རྒྱལ་དུ་གྱུར་བའི་མང་གཙོ་རྩེད་སྤྱད་བྱས་པ་རེད་ཅེས་དང༌། ཡང་ཁོང་གིས་རྒྱ་གར་བ་ལ་མཚོན་ནས་བཤད་ན། གནད་དོན་དེ་སྨྲ་བརྗོད་རང་དབང་གི་གནད་དོན་ཙམ་ཡིན་ཡང༌། ང་ཚོ་བོད་པ་ཚོར་མཚོན་ན་དེ་ནི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་བརྗོད་འདུག
ཡང་ལྡི་ལི་བོད་རང་དབང་སློབ་ཕྲུག་ཚོགས་པའི་པ་རའི་ཡ་ཌར་ཤི་ནའི་ལགས་ཀྱིས། ང་རང་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་རྒྱ་གར་ཡང་བལ་བོ་ནང་བཞིན་རྒྱ་ནག་གི་སྟངས་འཛིན་འོག་ཏུ་གནས་དགོས་པ་ཞིག་ཆགས་པར་སེམས་ཁྲལ་ཆེན་པོ་འདུག གློག་བརྙན་ནང་གི་བོད་དར་གྱིས་བོད་རིགས་མི་མང་གི་ཐོབ་ཐང་མཚོན་ཡོད་པ་ཙམ་མ་ཟད། ང་དང་འདྲ་བའི་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་གར་བ་སྟོང་ཕྲག་མང་པོའི་མངོན་འདོད་ཀྱང་མཚོན་ཡོད་པ་རེད་ཅེས་སོགས་བརྗོད་འདུག
ལས་འགུལ་བ་བསོད་ནམས་ལགས་ཀྱིས་བརྗོད་རྒྱུར། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན། ཉེ་ཆར་ཟླ་བ་༦ནང་དུ་བོད་རིགས་གྲྭ་བཙུན་༡༡གིས་རང་ལུས་མེར་སྲེག་བཏང་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད། ཡིན་ནའང༌། རྒྱ་གར་ནང་བཙན་བྱོལ་དུ་སླེབས་རྗེས་ང་ཚོས་རྒྱུན་དུ་རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཞིག་ཏུ་བསམ་གྱི་ཡོད་ཀྱང༌། ཉེ་སྔོན་བོད་དར་གཙང་གསུབ་བྱེད་དགོས་པའི་གནད་དོན་དེས་བོད་རིགས་སྐྱབས་བཅོལ་བ་མང་པོར་བློ་ཕམ་ཆེན་པོ་བྱུང་ཡོད། རྒྱ་གར་གཞུང་གིས་རང་ཉིད་ལ་རྒྱ་ནག་གི་གནོན་ཤུགས་ཐེབས་སུ་མི་འཇུག་པར་སོ་སོའི་མང་གཙོའི་རིན་ཐང་སྲུང་སྐྱོབ་བྱེད་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།
དེ་བཞིན་ཁ་སང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཀིརྟི་སྒྲོན་དཀར་ལྷ་མོ་ལགས་ཀྱིས་རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཁང་གི་འགན་འཛིན་ལའི་ལཱ་སམ་སོན་ལ་ཕུལ་བའི་འབོད་སྐུལ་སྙན་ཞུའི་ནང་དུ། བོད་དར་གཙར་གསུབ་བྱེད་དགོས་པའི་ཐག་གཅོད་དེ་ནི་གློག་བརྙན་བཟོ་བསྐྲུན་གྱི་ཁྲིམས་དང་འགལ་ཞིང་རྒྱ་གཞུང་གི་གནོན་ཤུགས་ཐེབས་ཀྱི་ཡོད་པ་བདེན་དཔང་བྱས་ཡོད་ལུགས་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་དབུས་གློག་བརྙན་ཞིབ་བཤེར་ཁང་གིས་སོ་སོའི་ལངས་ཕྱོགས་བརྟན་པོ་འཛིན་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་འདུག
བོད་ཀྱི་རྒྱལ་དར་གཙང་གསུབ་བྱེད་མཁན་ཁོ་རང་ལ་ཐད་ཀར་གནོནཤུགས་སྤྲད་ནས། ནུས་པ་ཐོན་མ་ཐུབ་ན་རྒྱ་གར་ནང་ནས་ཀྱང་བོད་ཐོག་འཛིན་པའི་སྲིད་བྱུས་འཁྱོག་པོ་དེ་འདྲ་ཡོང་སྲིད་པ་ཞིག་རེད། དེ་ཡང་རྒྱ་གཞུང་གིས་སྐུལ་སློང་བྱས་པ་ལས་བྱུང་བ་རང་རེད། གནས་དོན་དེའི་ཐོག་ལས་འགུལ་སྤེལ་བར་ཡི་རང་ཡོད། ལས་འགུལ་དེ་ལ་གྲུབ་འབྲས་ཐོན་པ་ཞིག་གནང་རྒྱུ་དེ་གལ་གནད་ཆེ།
བོད་ཀྱི་རྒྱལ་དར།
རྒྱལ་དར་དངོས་གནས་ཡོད་པ་ལ། །
གློག་བརྙན་ཁྲབ་ནང་བསུབ་པ་འདིས། །
རྒྱ་གཞུང་རྫུན་དབང་ཆེ་སྟོན་ལས། །
རྒྱལ་དར་ནག་བསུབ་ག་ལ་འགྲོ། །
ལོ་རྒྱུས་བདེན་པའི་རྒྱལ་དར་འདི། །
༸གོང་ས་མཆོག་དང་མ་འོ་གཉིས། །
མཇལ་ཕྲད་སྐབས་སུ་མ་འོ་ཡིས། །
རྒྱལ་དར་ཡོད་ན་བཙུགས་འོས་བཤད། །
ད་ལྟའི་རྒྱ་གཞུང་ཁ་བྲལ་བ། །
མ་འོའི་གསུང་ལའང་མི་བརྩི་ཞིང་། །
ཡར་ཐོན་དམངས་གཙོའི་རྗེས་མ་ཟིན། །
འ་ཆད་འུ་ཐུགས་ཅི་བཤད་འདི་བཤད་རེད། །
ཨ་ཡ་མཚན་རྒྱ་གར་གཞུང་ཡང་རྒྱ་དམར་གུང་ཁྲན་ལ་འཇིག་ནས་རང་དབང་འཕྲོག་གི་ཡོད་པ་རེད། རྒྱ་གར་འཛམ་གླིང་ནང་མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་ན་ཡང་དཔལ་འབྱོར་དང་ཐུག་སྐབས། རང་གི་མི་མང་གི་རང་དབང་བཙན་འཕྲོག་བྱེད་པ་ནི་རྒྱལ་ཁབ་དེའི་དབང་འཛིན་པའི་ནོར་འཁྲུལ་ཆེས་ཤོས་ཤིག་ཏུ་མཐོང་།། །།
༄༅། རྒྱ་གར་གཞུང་དམངས་གཉིས་ཀྱི་བཙན་བྱོལ་བོད་མི་རྣམས་ལ་ད་བར་མཐུན་གྱུར་གནང་བ་ལ་ཐུགས་རྗེ་ཆེ་ཞུ། རྒྱ་ནག་གིས་རྒྱ་གར་ལ་ཉིན་རེ་ནས་ཉིན་རེ་བསུན་པོ་མང་དུ་བཟོ་བཞིན་འདུག་ན་བོད་ཐོག་འཛིན་པའི་གནའ་སྔའི་ནེ་རུའི་སྲིད་གཞུང་གི་སྲིད་ཇུས་ལ་བསྒྱུར་བ་གཏོང་བའི་དུས་ལ་བབ་འདུག། བོད་རྒྱལ་ལོ།
གནས་ཚུལ་དེ་གལ་ཆེན་དོན་ཆེན་ཡིན་པས་རང་རེ་གཞུང་གི་དེའི་སྐོར་ལ་དམིགས་གསལ་དོ་སྣང་ཆེན་པོ་ཞིག་མ་གནང་ན། རྗེས་སུ་རྒྱ་གར་ནང་དུ་ཡང་བལ་ཡུལ་ནང་བཞིན་ཞིག་ཆག་མི་སྲིད་པ་མ་རེད། ད་ཡིན་ན་ཚང་མ་དངུལ་རེད།
“རང་རེ་གཞུང་གི་” རང་རེའི་གཞུང་གིས་ཞེས་ཟེར་དགོས། “དམིགས་གསལ་” དམིགས་བསལ་ཞེས་འབྲི་དགོས་སོ།།
དགོངས་དག་ཞུ།
ང་ནི་དྲ་ཐོག་གི་ཡིག་ནོར་གྱི་རྒྱལ་པོ་ཞིག་རེད་ལགས།
རྒྱ་དར་རང་འཇགས་གཞགས་ཡོད་ཚོད་འདུག བློ་ཕམ་པ་ཞིག་ལ་རང་དབང་གི་འབོད་ཚིག་བྲིས་པའི་འཕྲེད་དར་དེ་མེད་པ་བཟོས་ཚར་འདུག་གོ། །།
བོད་ཀྱི་རྒྱལ་དར་སོགས་ཆ་ཚང་བཞག་ཡོད་པ་དང་། ནང་ཚན་བོད་རང་བཙན་ཞེས་པའི་ཡི་གེ་དེ་བསུབ་འདུག ཕལ་ཆེར་སྲིད་དོན་བྱས་པ་མིན་གྲབས་དྲན། ‘http://www.youtube.com/watch?v=-Go3FCmzV98
བོད་རང་བཙན་སློབ་ཕྲུག་ཚོགས་ཞེས་བྲིས་ན་ལེགས།