སྨྱུག་སྨྱོན།
སྤྲུལ་མིང་ཆོ་ལོ་ལོག་སྤྱོད་ཟང་ཟིང་གིས།།
རབ་མྱོས་འབྱོར་བས་ཆེར་རློམ་སྐུ་སྐྱེས་དག།
བག་ཡོད་བསྟེན་ཕྱིར་མཚང་ལ་རྒོལ་བའི་མདའ།།
མིང་དོན་མཚུངས་བ་དག་ལ་ཕོག་དགོས་ཅི།།
ལོ་རྒྱུས་དབང་གིས་སྤྲུལ་མིང་འཆང་ཙམ་ལ།།
བླ་མ་ལས་ཀྱང་དད་པའི་སྲོལ་ངན་དར།།
དེ་བས་དེང་སྐབས་སྤྲུལ་མིང་ཕལ་མོ་ཆེ།།
བཤད་སྒྲུབ་བསྟན་པའི་ཕྱགས་མར་འགྱུར་བར་དོགས།།
བླ་བྲང་ནང་ཆེན་རྒྱས་སྤྲོས་ཚད་བརྒལ་དང་།།
ལུགས་དང་མི་མཐུན་ཆེ་ཉམས་འདོན་སྲོལ་འགྲན།།
གཡོག་འཁོར་གཅམ་ཟོག་ཚོཊ་ཀྱིས་འུད་བསྟོད་རྩོམ།།
ཀྱེ་མ་སྤྲུལ་སྐུ་ཕལ་ཆེར་ཚོང་ཟོང་བཞིན།།
སྤྲུལ་མིང་ཆོ་ལོ་རག་ཚེ་ལུང་རྟོགས་ཀྱི།།
རྒྱུ་འབྲས་ཁྱད་གསོད་ཤིན་ལྐོག་ཐོགས་མེད་གཟིཊ།།
ཐོས་བསམ་ལོང་མེད་ཚོང་རྫས་ཇི་བཞིན་དུ།།
གྲོང་སྡེ་ཕྱུག་ཁྱིམ་དག་གི་སྒོ་དྲུང་ཉུལ།།
ཁྲི་ཚོ་ཁྲི་ཚོའི་སྒོར་གྱི་རྩིས་མགོ་ལེན།།
གོང་ཆེན་རླངས་འཁོར་ཆུང་ངུའི་མིང་བྱང་འགྲན།།
མོ་སྒོ་ཅན་ཞིག་གཟིགས་ན་མཁའ་འགྲོར་བཀུར།།
སྡེ་དགོན་ཕལ་ཆེར་སྤྲུལ་མིང་རེ་རེས་སླུ།།
སློབ་གཉེར་ཚུལ་བཞིན་བསྟེན་པའི་གྲྭ་བཙུན་རྣམས།།
གོས་ཧྲུལ་དཀའ་བ་སྤྱད་པས་མཐོང་སྣང་ལ།།
བཀྲག་ཉམས་ཆེ་ཚུགས་མེད་པས་ཕལ་བར་ལྟ།།
སྣུམ་བཟན་གཅེས་ཕྲུག་ཚོན་པོའི་དྲུང་དུ་འཚང་།།
ཁྲིམས་གཙང་ལུང་རྟོགས་སྣོད་གྱུར་རབ་བྱུང་ལས།།
སྨྱོ་རྫུའི་གྲུབ་རྟགས་སྟོན་རྣམས་ཞྭ་བཞིན་བཀུར།།
བསྟན་ལ་བཤད་སྒྲུབ་ལག་རྗེས་འཇོག་པ་ལས།།
ཆེ་བའི་གྲུབ་རྟགས་མཆོག་ཅིག་ཡོད་རེ་རྐན།།
གང་དུ་དམ་ཆོས་ཉམས་ཤིང་འཕང་དམའ་ན།།
དེ་ན་སྤྲུལ་མིང་གྲུབ་ཐོབ་མགོ་འཕང་མཐོ།།
གང་དུ་དམ་ཆོས་ཚུལ་བཞིན་གནས་གྱུར་ན།།
དེ་ན་སྤྲུལ་མིང་བཏགས་པས་ཆེ་རྒྱུ་མེད།།
འཕགས་པའི་ཡུལ་དུ་དམ་ཆོས་དཔལ་གྱིས་བརྗིད།།
དེ་རུ་སྤྲུལ་སྐུ་བླུ་བའི་སྲོལ་མ་དར།།
བོད་དུ་ཆོས་སྡེ་རེ་རེའི་ཁ་འཛིན་དུ།།
སྤྲུལ་མིང་ཅན་རེ་གསོས་ཕག་བཞིན་དུ་བསྟེན།།
དཔལ་ལྡན་ནལེནཊ་ཡི་ཕྱག་སྲོལ་ཆེ།།
བོད་དུ་བསླེབས་ཚེ་སྤྲུལ་སྐུས་མགོ་འདོན་དགོས།།
སྤྲུལ་མིང་མེད་ན་བོད་པས་བཀུར་མི་ཤེས།།
བོད་དད་གསེར་དང་གོས་ཆེན་འཕྱོར་བོས་ཉོ།།
དག་སྣང་སྤྲུལ་སྐུ་ཙམ་མིན་ཀུན་ལ་སྦྱོངས།།
ཆོས་དང་འབྲེལ་ཚེ་བརྟག་ཅིང་དཔྱད་པ་གཙོ།།
བསྟན་པའི་ངང་ཚུལ་མ་ཤེས་སྟོན་པ་ལ།།
ཡིད་ཆེས་དད་པ་སྐྱེས་ཚུལ་མེད་པར་གསུངས།།
རྨོངས་དད་བསྟན་པའི་འཇུག་སྒོར་རེ་འགས་བསྔགས།།
འོན་ཀྱང་ཐོས་བསམ་ཡལ་བོར་རྨོངས་དད་ཙམ།།
ཆོག་པར་བཟུང་ན་ཤེས་རབ་སྒོ་འགག་ཕྱིར།།
དད་པ་ཐོས་བའི་གྲོགས་དང་འགྲོགས་པ་གཙོ།།
ཀློག་པ་ཐོས་བསམ་སྤོང་བ་བསམ་གཏན་ལས།།
བསྟན་ལ་ངེས་དོན་སྲི་ཞུ་སྒྲུབ་ཚུལ་མེད།།
སྤྲུལ་མིང་ཕལ་ཆེར་འབྱོར་བས་རབ་གཡེང་ཞིང་།།
ཕྱི་ཚུལ་རྟེན་བཞེངས་རྫིག་ཉམས་འགྲན་རྩོད་འཚུབ།།
ཆོས་སྡེ་ཕལ་ཆེར་སྒོར་མོའི་མཛོད་གྱུར་བས།།
ཁྱིམ་པ་ལས་ཀྱང་དོན་མང་བྱ་བས་བྲེལ།།
རང་ཁ་རང་གསོའི་མཚན་བྱང་སྙན་པོ་ལས།།
རང་རྒྱུད་ཆོས་དང་མ་འདྲེས་ཚོང་གིས་བསྒྱུར།།
སྤྲུལ་མིང་རེ་འགས་སྒོར་གྱིས་འདུས་སྡེ་སྐྱོང་།།
གྲོང་ཆོག་ཤི་ཆོག་བར་མེད་འགྲིམ་ཆེས་པས།།
སྣུམ་ཟ་སྣུམ་འཐུང་སློབ་གཉེར་བགེགས་གྱུར་ཅིང་།།
དགག་སྒྲུབ་གོ་ནོར་ཐོས་བསམ་སྲོལ་བཟང་ཉམས།།
བསྟན་འགྲོར་སྙད་འདོགས་སྤྲུལ་མིང་ཆོ་ལོའི་འོག།
རབ་བྱུང་ཚོང་པ་ཕྱུག་པོའི་ཤིང་སྲོལ་འབྱེད།།
དབང་ལུང་ཐོས་བསམ་ལམ་ཙམ་གནང་བ་ཡང་།།
དཔལ་འབྱོར་བསྡུ་བའི་ཚོང་རྟེན་གྱུར་བས་ཕངས།།
སྤྲུལ་མིང་ཅོན་པན་འཆང་བའི་སྐུ་སྐྱེས་ཚོ།།
བསྟན་དོན་སྒྲུབ་ལ་བཤེས་གཉེན་ཚུལ་བཞིན་སྟེན།།
དཀའ་སྤྱད་ལྷུར་ལེན་དམ་ཆོས་རིན་ཆེན་དབྱིག།
འཛིན་སྐྱོང་སྤེལ་ལ་རྒྱུ་ཚོགས་ཚང་བར་མཛོད།།
སྤྲུལ་མིང་ཆོ་ལོའི་རྒྱན་གྱིས་སྤྲས་མིན་ལ།།
ལྟོས་མེད་རེ་འགས་ཐོས་བསམ་ཚུལ་བཞིན་དུ།།
གཉེར་ལ་སྐུ་རྩ་སྐུ་བདག་འཁོར་ངན་རྣམས།།
བར་གཅོད་བདུད་ཀྱི་སྦྱོར་བ་སྐྱུང་ཞིག་ཀྱེ།།
མི་ལོ་བདུན་བརྒྱར་བཞག་པའི་བྱས་ཉེས་འདིས།།
གངས་ལྗོངས་མི་གཤིས་ལྷ་མིན་འདྲེ་མིན་དང་།།
ལྷག་པར་རྒྱལ་བསྟན་ལོག་སྤྱོད་རྫབ་དུ་གཡུགས།།
ད་ཀོ་བོད་དར་སྤྲུལ་སྐུའི་སྲོལ་ངན་ཞོག།
སྨྱུག་སྨྱོན་ལགས། དངོས་གནས་དྲང་པོ་གསུངས་འདུག་ཀྱང་རྨོངས་དད་ཅན་ཚོས་ཁྱོད་སྤྲུལ་སྐུ་ཚོར་ཕྲག་དོག་བྱས་པ་རེད་ཟེར་སྲིད། དོན་དངོས་སུ་དེང་སང་གི་སྤྲུལ་སྐུའི་མིང་འཛིན་པ་དེ་ཚོའི་བྱ་སྤྱོད་དམངས་ཀྱིས་ཤེས་ཀྱི་ཡོད་པ་ཧ་གོ་དགོས་ཀྱི་འདུག ཐུགས་རྗེ་ཆེ། རྒྱབ་སྐྱོར་གཙང་མ་ཡོད། ངས་སྤྲུལ་སྐུ་མང་པོ་ཞིག་དང་འབྲེལ་འདྲིས་ཆེན་པོ་ཡོད་ཀྱང་དེ་དག་གིས་གནང་སྟངས་ལ་ངས་དག་སྣང་རྩ་བ་ནས་སྒོམ་ཐུབ་ཀྱི་མི་འདུག སངས་རྒྱས་དང་བྱང་ཆུབ་སེམས་པ་རྣམས་ཧ་ཅང་ཐུགས་ཕམ་གྱི་ཡོད་པ་ཐག་གི་ཆོད། བཀྲིས་བདེ་ལེགས།
དང་པོར་ སྤྲུལ་སྐུའི་ལམ་ལུགས་གསར་བཏོད་བྱེད་མཁན་སུ་རེད།
དང་པོར་ སྤྲུལ་སྐུའི་ལམ་ལུགས་མེད་པར་བྱེད་དགོས་ཟེར་མཁན་སུ་རེད།
ཆོས་སྐུ་ལུང་སྐུ་སྤྲུལ་སྐུ་གསུམ་།།
ཆོས་སྐུ་མེད་པའི་ལུང་སྐུ་དང་།
ལུང་སྐུ་མེད་པའི་སྤྲུལ་སྐུ་།
སྤྲུལ་སྐུ་གང་ནས་བྱུང་བ་རེད་།
མི་དང་དུད་འགྲོ་ཚང་མ་སྤྲུལ་སྐུ་རེད་།
ངོས་འཛིན་གནང་མཁན་བྱུང་མ་བྱུང་གི་ཁྱད་པར་ཙམ་རེད་།
དངོས་བདེན་རེད་སྔོན་མ་བོད་ཡུལ་དུ་སྤྲུལ་སྐུའི་མིང་འཛིན་པ་འགའ་ཞིག་ནས་བོད་ཡུལ་རང་བཙན་ཤོར་བའི་རྐྱེན་རྩ་གཙོ་བོ་རེད་དེང་སྐབས་སངས་རྒྱས་བསྟན་པའི་ཞབས་འདྲེན་ཞུ་མཁན་གཙོ་བོ་སྤྲུལ་སྐུ་རྣམས་རེད་
༄༅། །སྤྲུལ་སྐུའི་དགེ་སྐྱོན་གཞལ་བ་བདེན་པའི་ཚངས་ཐིག །
ན་མོ་གུ་ར་ཝེ། །
མཆོག་གི་སྤྲུ་སྐུ་སྟོན་པ་བཅོམ་ལྡན་འདས། །དག་པའི་སྤྲུལ་སྐུ་སར་གནས་འཕགས་པའི་ཚོགས། །
བཟོ་དང་སྐྱེ་བ་སྤྲུལ་སྐུའི་ཚོགས་རྣམས་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །
སྤྲུལ་སྐུ་རྒྱལ་བའི་ཐུགས་བསྐྱེད་སྟོབས་ལས་འཁྲུངས། །ངོས་འཛིན་གནང་སྲོལ་བོད་ཀྱི་མཁས་པས་བརྩམས། །
ཇི་སྲིད་སྐྱེ་བ་སྔ་ཕྱི་མ་སྟོང་བར། །དེ་སྲིད་སྐྱེ་སྲིད་ཡོད་པ་སྨོས་ཅི་དགོས། །
འོན་ཀྱང་རང་རེའི་སྐྱེ་སྲིད་ངོས་འཛིན་སྲོལ། །མེད་ཀྱང་ཆོག་པ་ནང་པ་སྤྱི་ཡི་ལུགས། །
དུས་སུ་སྨིན་ན་དེ་ལྟར་བྱ་ཆོག་སྟེ། །སྐབས་སུ་མ་བབ་ཕུང་ཁྲོལ་ནང་འཁྲུགས་གཞི། །
བསྟན་སེལ་སྡེ་འཁྲུགས་སློང་ལ་བྲེལ་བ་ཡི། །མུན་སྦྲུལ་འགའ་རེས་འཁྱོགས་པོའི་ལྕེ་གཉིས་ཀྱིས། །
སྐབས་ཚོལ་གླག་ལྟའི་མཚོན་རྩེ་ནང་བསྟན་གྱིས། །བསྟན་སྲིད་དུམ་བུ་དེ་ཡང་སིལ་བུར་གཏོར། །
མ་དག་བློ་ལ་མི་གཙང་གང་ཤར་བ། །ལས་མཐུན་ཚོགས་ཀྱིས་བདེན་འཛིན་དེ་ལྟར་ཡང་། །
བཟི་སྨན་ཟོས་པས་ལབ་རྡོལ་སྨྲ་བ་བཞིན། །གཟུ་བོས་བློས་ཡིས་གཞལ་ན་ཉེས་པ་མང་། །
སྟོན་པ་མཆོག་གིས་ལྔ་བརྒྱ་ཐ་མའི་དུས། །བསྟན་པ་འཇིག་པའི་སྔ་ལྟས་གང་གསུངས་པ། །
ནང་བསྟན་བརྒྱུད་པ་ཀུན་ལ་ཡོད་པ་སྟེ། །སྤྲུལ་སྐུ་ཁོ་ནར་བརྗོད་པ་ཕྱོགས་རེའི་མིག །
སྤྲུལ་མིང་རང་གིས་བཟོས་པ་ཆེས་དཀོན་སྟེ། །ཚད་མར་འཛིན་པའི་བླ་མའི་ལུང་བསྟན་དང་། །
ཡིད་ཆེས་ལྡན་པའི་རྟགས་དང་མཚན་མ་ཡིས། །རིགས་མཐུན་ཚོགས་ཀྱིས་ངེས་ཤེས་རྙེད་པ་ཡིན། །
རྩ་བ་བཅད་ན་དགེ་བཤེས་མཁན་སྤྲུལ་དང་། །ཡུལ་གྱི་གཙོ་བོ་དགོན་སྡེ་བླ་བྲང་གིས། །
འབད་པ་དུ་མས་ཆེད་དུ་བཅོས་པ་སྟེ། །རང་གི་དབུ་འཛིན་རང་གིས་བསྐྱང་པ་ཙམ། །
རྒྱ་བོད་གཉིས་ལ་ལན་གྲངས་མང་དུ་ཕྱིན། །འབྱོར་བར་དཔག་པའི་གསེར་གྱིས་མཎྜལ་ཕུལ། །
མཚན་ཐོ་བསྡུས་ནས་ཁྲི་ལ་མངའ་གསོལ་པ། །འདི་ཕྱིའི་སྐྱབས་སྟེ་བློ་སེམས་གཏད་པའི་ཡུལ། །
སློབ་མ་མེད་ན་སྤྲུལ་རྐྱང་སུ་ལ་མཁོ། །རྒྱབ་རྩ་མེད་ན་སྤྲུལ་མིང་དབུ་ནས་འཆོར། །
འབྱོར་བ་མེད་པའི་སྤྲུལ་སྤྲང་ཀུན་ཀྱིས་བརྙས། །འཇོན་ཐང་མེད་པའི་སྤྲུལ་འཁྱམ་རྒན་མོའི་གཡོགས། །
ཆོས་བཞིན་བྱེད་པའི་མཁན་སྤྲུལ་དགེ་བཤེས་དང་། །བླ་མ་སློབ་དཔོན་སྤྱི་ཚོགས་གྲལ་དུ་མེད། །
དགོན་སྡེ་འབྱོར་མེད་ཁྱིམ་མཚེས་ཀུན་གྱིས་བརྙས། །དཔལ་འབྱོར་འདུ་འགོད་གཉེར་དོན་དེ་ལེགས་སོ། །
རང་ཕྱོགས་སྤྲུལ་མིང་ཐོབ་ཚད་ལེགས་པར་འཛིན། །གཞན་ཕྱོགས་མཁན་སྤྲུལ་སྐྱོན་ཆ་ནན་གྱིས་བརྗོད། །
བདག་འཛིན་ཆེ་བའི་ཁམས་པ་ཨ་མདོ་ཚོར། །སྤྲུལ་སྐུའི་རྩོད་པ་བྱུང་དོན་དེ་ལགས་སོ། །
གང་ཞིག་མི་ཡིས་བཟོས་པའི་ཁྲིམས་ལུགས་ལ། །སྐྱོན་ཆ་མེད་པ་གཏན་ནས་མི་འབྱུང་བས། །
ལྐོག་དངུལ་གཡོ་སྒྱུ་རང་ཕྱོགས་ཆེ་འཛིན་གྱི། །ཐབས་འཇུས་ཆོས་སྲིད་གཉིས་ཀྱི་ཐུན་མོང་ཡིན། །
སྤྲུལ་སྐུར་རྩོད་པའི་མཁན་པོ་དགེ་བཤེས་འགས། །ཡོན་ཏན་མེད་པའི་སྤུན་དང་ཚ་བོ་རྣམས། །
ཐབས་བརྒྱ་འཇུས་སྟོང་གཉེར་ནས་ཆེན་པོའི་སར། །བཙན་གྱིས་བཏེགས་པའི་ངང་ཚུལ་འདིར་གཟིགས་ཤིག །
སྐུ་དྲེགས་རྙིང་པ་གཏོར་ནས་གསར་བ་བརྐོས། །གསར་བུ་རྣམས་ཀྱིས་སྒེར་དབང་དེ་ལས་ཆེ། །
སྤྲུལ་ལུགས་རྙིང་པ་གཏོར་ནས་མཁན་པོ་བཏེགས། །མཁན་པོའི་སྒེར་དབང་བེད་སྤྱོད་དེ་ལས་སྡུག །
བོད་ཀྱི་སྟོན་ཆེན་མཁན་པོ་དགེ་བཤེས་ཚོའི། །ཤུལ་འཛིན་དགོན་བདག་ཕལ་ཆེར་རང་གི་ཕྱོགས། །
དབང་འཛིན་ལས་སྣེ་་མཁན་པོ་ཤ་ཁྲག་སྤུན། །འཁོར་གཡོགས་ཕལ་ཆེར་སྤུན་དང་དགའ་གྲོགས་སོ། །
འཇིག་རྟེན་ཁམས་ཀྱི་སྐྱེ་བོ་སུ་ལ་ཡང་། ལེགས་ཚོགས་བྱུང་བར་ཕྲག་དོག་མི་བྱ་སྟེ། །
དབང་དང་འབྱོར་བ་འཁོར་གཡོག་གང་ཡོད་པ། །ལས་འབྲས་བསླུ་མེད་སྔོན་བསག་བསོད་ནམས་སྟོབས། །
དམངས་ཀྱིས་བརྐོས་པའི་སྤྲུལ་སྐུའི་ལམ་ལུགས་ཏེ། །དམངས་ཀྱིས་དོར་ཚེ་ལམ་སྲོལ་རྩ་བ་སྟོང་། །
དམངས་ལ་མཁོ་ན་ཡོད་ཀྱང་ཆོག་པ་སྟེ། །དམངས་ཀྱི་དད་མོས་འགོག་པ་སྒེར་གཅོད་ལུགས། །
རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་ཡུལ། །འགོག་པར་འདོད་པ་ལོག་པའི་ལྟ་བ་སྟེ། །
དད་ལྡན་དགེ་བློ་དཀྲུགས་པ་བདུད་ཀྱི་ལས། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །
ཅེས་པའང་ཡུལ་ངེས་མེད་འཁྱམས་པའི་སྤྲང་པོ་དྲི་མེད་ལྷག་བསམ་ཀྱིས་ཤར་མར་བྲིས། །
ང་ཚོའི་ཁ་བརྡའི་དྲ་རྒྱའི་ནང་། །
དོལ་སྨྱོན་ཀླུ་སྨྱོན་སྨྱོན་པ་མང་། །
དེ་རིང་སྨྱུག་སྨྱོན་ཆེད་རྩོམ་མཐོང་། །
སྤྲུལ་སྐུ་སྨྱོ་དང་སྨྱུག་སྨྱོན་སྨྱོ། །
ཁ་ཚོན་གཅོད་རྒྱུ་ཤིནདཏུ་དཀའ། །