ཨ་ནུ་ཐང་བསོད་ནམས།
༢༠༡༤ ལོའིི་ཟླ་༤ ཚེས་༢༩ ཉིན་བོད་དུ་བཞག་སྡོམ་ཁང་སར་ཉིན་པའི་གྲྭ་བ་དགེ་རྒན་ལོ་སུམ་ཅུ་ནས་བཞི་བཅུ་ཅན་ཞིག་གིས་དགེ་ཕྲུག་ལོ་བརྒྱད་ཅན་ཞིག་ལ་ཉེས་རྡུང་ཚད་མེད་བཏང་ཏེ་བསད་འདུག ཡིན་ཡང་། ཁོས་རང་ཉེས་དེ་ངོས་ལེན་བྱེད་ཁ་ཉན་མེད་ཀྱང་། སྨན་པས་ཉེས་རྡུང་གི་རྐྱེན་གྱིས་ཕོ་ནང་དང་མགོ་ལ་རྨས་སྐྱོན་བཟོས་པས་གྲོངས་འདུག་པ་གཏན་འཁེལ་བྱས་ཕྱིན། གསོད་མཁན་དགོན་པ་ནས་ཕྱི་རོལ་ཏུ་ཐོན་འདུག འོན་ཀྱང་། ད་ལྟའི་བར་དགོན་པའི་གཞུང་གིས་དེའི་སྐོར་ལ་གནས་ཚུལ་ཅི་ཡང་མ་སྤེལ་བ་མ་ཟད། གཅིག་བྱས་ན་དགོན་པའི་ལ་རྒྱ་བཟུང་ཏེ་གནས་ཚུལ་དེ་ལ་ཁ་ཡ་བྱེད་ས་མ་རེད། འོན་ཀྱང་། ཉེས་མེད་ཀྱི་བྱིས་པ་དེ་དང་། དེ་འདྲའི་ཐོབ་ཐང་བྲལ་བའི་བོད་ཀྱི་བྱིས་པ་ཚོའི་ཆེད་དུ་ཁོ་བོས་མྱ་ངན་ཞུ་བཞིན་ཡོད།
བྱིས་པ་དེ་མ་བསད་པའི་ཉིན་གཅིག་གི་སྔ་རོལ་ཏུ་དགེ་རྒན་གྱིས་མནར་གཅོད་བཏང་བ་མ་བཟོད་པས། བཞག་སྡོམ་གྱི་ཟམ་ཁ་བར་བྲོས་ཀྱང་། གདུག་རྩུབ་ཆེ་བའི་དགེ་རྒན་དེས་རྗེས་འདེད་ཀྱིས་བཟུང་ཞིང་། ཕྱིར་ནང་ལ་འགྲོ་ཁོམ་མེད་པ། ཟམ་འོག་གི་ཆུ་ནང་དུ་གཡུག་ནས་དྲག་རྡུང་བྱས་ཡོད། གནས་དེའི་མང་ཚོགས་ཀྱིས་མཐོང་ཡང་། ཚང་མས་ལྟད་མོ་བལྟས་ནས་སྡོད་མཁན་ལས་བར་འདུམ་བྱེད་མཁན་གཅིག་ཀྱང་བྱུང་མི་འདུག
ཁོར་ཡུག་དེ་ནི་ཅི་འདྲའི་གདུག་རྩུབ་ཆེ་བ་ལ། དགེ་རྒན་ཞིག་གིས་ཅི་འདོད་དུ་བྱིས་པར་རྡུང་ཡང་གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཞིག་ལྟ་ཅི། ཐ་ན་དེ་ལྟར་མ་བྱེད་ཟེར་མཁན་ཡང་བྱུང་མེད་པས་ཡིན། བོད་པ་རྣམས་ཀྱིས་རྒྱ་ནག་གི་འོག་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ཀྱི་ཡོད་པ་མ་རེད་དམ། རང་མི་དང་རང་རིགས་བྱིས་པ་རྣམས་ལ་ཐོབ་ཐང་ཅི་ཡང་མི་སྤྲོད་མཁན་ཞིག་གིས་ཅི་ལྟར་འགྲོ་བ་མིའི་ཐོབ་ཐང་རྩོད་དམ། བོད་པ་མང་པོས་ནུབ་ཕྱོགས་པ་ནི་ཆོས་མེད་སྤྱོད་མེད་ཀྱི་སྒེར་འཛིན་པ་ཞིག་ཏུ་བརྩི་བཞིན་ཡོད་པ་མ་རེད་དམ།
འོན་ཀྱང་། ནུབ་ཕྱོགས་པས་རང་གི་བྱིས་པ་ལ་དོ་བདག་བྱེེད་བྱེད་ཅིག་བོད་པ་སུས་ཀྱང་མི་བྱེད་ཁར། ནུབ་ཕྱོགས་པའི་ཁྱི་དང་བྱི་ལ་ལས་བོད་ཀྱི་བྱིས་པ་མང་པོའི་ཐོབ་ཐང་ཆུང་། བྱིས་པ་ལྟ་ཅི། ཁྱི་དང་བྱི་ལ་རྡུང་མཁན་གྱི་དོ་བདག་ཅིག་ནུབ་ཕྱོགས་པས་གདུག་རྩུབ་ཅན་དུ་བརྩིས་ནས། སྤྱི་ཚོགས་ཀྱི་ཁ་རྡུང་ཕོག་ཀྱང་། བོད་ཀྱི་སྲང་ལམ་དུ་དགེ་རྒན་དང་ཕ་མས་བྱིས་པར་རྡུང་ཡང་དོ་སྣང་བྱེད་མཁན་མེད་པ་མ་ཟད། ཁག་ཅིག་གིས་དེ་ལག་ཆ་བྱས་ནས་བྱིས་པ་ཚོར་འཇིགས་སྐུལ་གཏོང་བཞིན་ཡོད།
ནུབ་ཕྱོགས་པས་ཁྱི་དང་བྱི་ལ་ཡིན་ཡང་མིའི་གྲོགས་པོ་རུ་བརྩིས་ནས་བྱམས་སྐྱོང་གནང་ཡང་། བོད་དང་ཤར་གླིང་བས་དེ་དག་རང་གི་ལག་ཆདང་རྒྱུ་ནོར། རྩེད་བྱེད་དང་རྡུང་ཡ་ཞིག་ལ་བེད་སྤྱོད་བཏང་ནས་ཅི་འདོད་དུ་ཉེས་རྡུང་གཏོང་བ་གང་ཡིན་ནམ།
ནུབ་ཕྱོགས་པས་བྱིས་པ་དང་བུད་མེད། སློབ་མ་ཡི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཏེ། ཁྱོ་ག་དང་ཕ་མ། དགེ་རྒན་སུ་ཞིག་གིས་དེ་གཉིས་ལ་ཉེས་རྡུང་བཏང་ཚེ་ཁྲིམས་ལ་ཕོག་པ་མ་ཟད། སྤྱི་ཚོགས་ཁྲོད་མཐོང་ཚུལ་མི་ལེགས་ཤིང་། བཏང་བ་མཐོང་ཚེ་མང་ཚོགས་ཀྱིས་བཀག་འགོག་བྱེད་ཁར། རྡུང་མཁན་གྱི་ཉེས་ཅན་པ་དེ་མི་ཡག་པོ་ཞིག་མིན་པར་སེམས་ནས། ཐ་ན་གྲོགས་པོ་ཡང་རེག་རྒྱུ་ཁག་པོ་རེད། འོན་ཀྱང་། བོད་དུ་དེ་དག་ལ་རྡུང་རྡེག་གཏོང་མཁན་ནི་སྐྱེས་པ་རྒོད་པོ་དང་། ཕ་མ་ཡ་རབས། དགེ་རྒན་བཙན་པོོ་རུ་བརྩིས་ནས་བཟང་སྤྱོད་དུ་སྒོམ་པ་གང་ཡིན་ནམ། དེ་ནི་ཡོད་ཚད་དྲག་ཤུགས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་གནའ་བོའི་བསམ་བློ་རྙིང་བའི་དྲི་མ་ཞིག་མ་ཡིན་ནམ། དེ་ལྟར་ཡིན་ན། ཉམ་ཆུང་ཞིག་གནས་དེར་གནས་ས་མེད། ནམ་ཡང་བརྙས་བཅོས་འཁུར་མཁན་རེད།
བྱ་ཐབས་འདི་ནི་བོད་པ་རྣམས་ཀྱིས་བོད་ཀྱི་བྱིས་པའི་ཐོབ་ཐང་འཕྲོག་ཅིང་། བྱིས་པ་རྣམས་བཙན་དབང་གིས་གྲྭ་བ་བཟོ་རུ་བཅུག་པའི་ཐབས་ལམ་ཡོད་ན་མེད་ན་ཞིག་རེད། དེ་ལྟར་མ་བྱས་པ་ཡིན་ན་བྱིས་པ་རྣམས་སྐྱག་ལང་ཤོར་པས་གྲྭ་བ་བྱེད་ཁུལ་མི་ཉན་ཟེར་ནས་དགོན་གྲོང་ཀུན་གྱིས་དྲག་རྡུང་བྱེད་ཡ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད། འདི་ནི་གྲངས་ཉུང་མི་རིགས་དྲག་རྡུང་བྱེད་ཡ་ལ་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་བྱས་པ་དང་གཉིས་སུ་མ་མཆིས། ཡིན་ཏེ། གྲངས་ཉུང་མི་རིགས་རྣམས་རྒྱ་ནག་གི་འོག་ཏུ་འདུ་ཆེད་དུ་དྲག་གནོན་བྱེད་པ་ལ་རྒྱ་རིགས་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་དང་གཉིས་སུ་མ་མཆིས་པས་ཡིན།
འདི་ལྟར་བྱས་ནས་བོད་མི་རིགས་འདི་ཉུང་དུ་འཕྲི་བ་རེད། འོན་ཀྱང་། ད་དུང་གྲྭ་བ་ཚོ་ཁྱིམ་ཚང་རེ་རེའི་སྒོ་ཁ་མྱུལ་ཏེ་གྲྭ་བ་སླ྄ོང་བཞིན་ཡོད་པས། དེ་ནི་བོད་ལ་མཚོན་ན་གྲངས་ཉུང་གི་སྟེང་དུ་རྩ་རྫོགས་མ་ཡིན་ནམ། གལ་སྲིད་དགོན་པ་ཚོ་ལ་གྲྭ་རྒྱུན་མཁོ་ན་ཅིས་ཕྱིར་ཁོང་ཚོས་ཁ་ཆེ་དང་ཡི་ཤུ། རྗོ་ཤུའི་ཆོས་ལུགས་བཞིན་མི་འབོར་མང་དུ་གཏོང་ཐབས་ལ་མི་འབད་པ་ཡིན་ནམ། ཡིན་ཡང་། དགོན་བདག་སྤྲུལ་སྐུ་ཚོས་མི་འབོར་འཕེལ་ཡ་ལ་ག་དུས་ཡིན་ཡང་འགོག་རྐྱེན་སྤྲོད་ཀྱིན་ཡོད། ཁག་མེད། དགོན་པ་ལ་གྲྭ་བ་ཉུང་ན་སྤྲུལ་སྐུའི་ཚོང་རྫས་ཉུང་བས། ནུས་པ་ཉམས་ཀྱིན་ཡོད་པས་རེད།།
ནུབ་ཕྱོགས་པས་ཕ་མ་གྲོགས་པོ་ལྟ་སྟངས་དང། ཁྱི་དང་བྱི་ལ་ཕ་མ་ལས་ལྷག་བརྩེ་དུང་སྤྲད། ནུབ་ཕྱོགས་པས་རང་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་ལོ་ན་བཅོ་བརྒྱད་དུས་ཁྱིམ་ལས་མཐའ་སྤྲད། གཞན་གྱི་དྭ་ཕྲུག་ལ་བུ་ཕྲུག་བརྩེ་དུང་སྤྲད། ཧཧཧཧཧ། འཛམ་གླིང་གང་དུའང་ཡིད་བློ་འགྲོ་ཡུལ་མི་འདུག།
དོན་རྐྱེན་འདིའི་རིགས་རྒྱ་ཡན་དུ་གཏོང་རྒྱུ་ཡོད་པ་མ་རེད། ངེས་པར་ཁྲིམས་ལ་སྦྱར་དགོས་པར་མ་ཟད། བོད་པ་ཡིན་སྟབས་རྒྱ་ལག་ཏུ་མི་སྤྲད་ཟེར་བའི་ཁ་གཡར་ས་དེ་འགོག་དགོས། དེ་ལས་ལྡོག་ན། དོན་རྐྱེན་ཇེ་མང་དུ་འགྲོ་ངེས་ཡིན། ལོ་ཤས་སྔོན་རྒྱ་གར་སི་ཇ་སློབ་གྲྭ་ནས་སློབ་ཕྲུག་བསད་པའི་དོན་རྐྱེན་ལའང་དེ་ག་རང་ལབ་མྱོང་།
ནུབ་ཕྱོགས་པའི་སྐྱག་པ་གཏོང་སྟངས་དང་བཏང་བའི་སྐྱག་པ་ཡན་ཆད་སྲོལ་བཟང་དང་རྩ་ཆེན་དུ་བརྩི་བའི་གཤིས་ཀ་དང་གོམས་སྲོལ་དེ་ཡག་པོ་མ་རེད། འོན་ཀྱང་བོད་ཀྱི་སྲོལ་རྒྱུན་གྱི་ལྟ་བ་ཁག་གཅིག་ཀྱང་དངོས་གནས་ཡིད་སྐྱོ་བོ་ཡོད་རེད། གང་ལྟར་དགེ་ཕྲུག་ལ་བརྡུང་བ་ཐལ་འདུག
གྲྭ་སའི་མིང་ཐོགས་པའི་དགོན་པ་ལ་ལར་དགེ་བསྐོས་ཀྱིས་ལྕགས་ཀྱི་མཁར་རྒྱུག་མིས་ཐེག་ཚད་གཅིག་ཁྱེར་སྲོལ་ཡོད་ལ། ད་དུང་དགེ་གཡོག་ཚོས་རལ་གྲི་སྐེད་པར་བཏགས་པའང་མཐོང་མྱོང་། སློབ་ཚན་དུ་བྱམས་བརྩེའི་སྙིང་པོ་ཡོད་པར་ཁས་འཆེ་བ་དང་བྱ་སྤྱོད་འདི་དག་ཨེ་མཐུན་གི་སོམས།
དགོན་པ་གང་དང་ལག་དམར་གྲྭ་བ་སུ་ཡིན་སོགས་ཀྱི་དངོས་མིང་གསལ་བོར་འབྲི་དགོས།དེ་མིན་དཀྲོགས་གཏམ་གྱི་ངོ་བོར་འགྲོ་སྲིད།གལ་སྲིད་ཡིན་ན་ཐབས་སྐྱོ་བོ་རེད།
དགོན་པའི་མིང་དང་། ས་ཆ་ག་བ་ཡིན་མིན་དང། ཁ་གསལ་དང་བདེན་དཔང། པར་དང་། རྒྱབ་ལྗོང་ལོ་རྒྱུས་བྲིས་ན་ཕན་ཐོག་ཡོད། དེ་མིན་དགའ་མིན་དགའ་དོག་དང་། བོད་པའི་གྲྭ་པ་ལ་དམའ་འབེབས་ཡིན་པས་ཁྱོད་རང་ཞལ་ཁ་ཁ་བཞུགས་ན་ཅེས་མི་ལེགས་སམ། གལ་ཏེ་བདེན་པ་ཡིན་ན་བདེན་སྟོན་དགོས།
འདི་འདྲའི་རིགས་ཡོང་བཞིན་པ་རེད། ཡིན་ན་ཡང་། བོད་རྒྱལ་ཁབ་ཆེན་པོས་བྱིས་བ་དང་དགེ་ཕྲུག་ལ་གཅེར་རྡུང་མི་ཆོག་པའི་སྤྱི་ཁྲིམས་བཙན་པོ་གནམ་འདྲ་བ་ཞིག་མ་བཞག་བར་དུ། གནད་དོན་འདི་ཚོ་འདས་བོ་དེའི་ཕ་མ་དང་ལག་དམར་གྱི་ལག་པར་ཡོད་པའི་གནད་དོན་ཞིག་ལས། ང་ཚོས་སྐལ་མེད་སར་སྐེ་བསྲེངས་ནས་ཉོག་གཏམ་ལ་བཤད་ལུང་བཤད་བྱས་བས་མི་ཕན། དེ་ལས་སྲིད་ཇུས་ཤིག་དགོས་བའི་དགོས་འདུན་འདོན་དགོས་བ་རེད། དགྱ་ནང་ལ་ཡང་། བྱིས་བ་རྡུང་མཁན་ལ་ཁྲིམས་ལུགས་ནན་པོ་དགོས་བའི་སྲིད་ཇུས་དགོས་བའི་དགོས་འདུན་བཏོན་ན། དེ་ནས་མི་མང་གིས་ཡང་བལྟས་འདུག་གི་མ་རེད། བྱིས་བ་ཚོས་དོན་མེད་ཚེ་སྲོག་ཤོར་དགོས་བ་མ་རེད།
དེ་མིན་ཁྲིམས་ལུགས་ཞིག་མེད་དུས། ཁྱེད་ཚོ་ལ་མིང་དང་ས་གནས་སོགས་ག་རེ་སྤྲད་ན་ཡང་། ཁ་བརྡ་ལྟ་བའི་དྲ་ཐོག་ནས། ཁ་བླས་ནས་བདག་གཞན་གཉིས་ལ་མི་ཕན་པའི་དཀྲོག་གཏམ་གྱི་ཡིག་འཆལ་སྤེལ་རྒྱུ་ལས་ཅི་ཡང་ཡོད་པ་མ་རེད། དེའི་སྒང་ལ་སོ་སོའི་དགའ་མིན་དགའ་སྡུག་གི་དགེ་སྐྱོན་བརྫུན་མ་འདྲ་ཞིག་གླེང་སྤྱད་བྱེད་པ་ནི། ཆབ་སྲིད་བཤད་དུས་སྤྱི་དོན་ཞིག་བཤད་དགོས་བ་དེ་ད་ལྟ་འཕྲོ་ནས་ཤེས་ཡ་རེད་འདུག། ཐབས་སྐྱོ་བ་ལ། ཨ་ནུའི་ཐབས་སྐྱོ་བ་ལ། ཨ་ནུ་ཐབས་སྐྱོ་བ་ལ།
བསྟོད་ཚོགས་རིག་གནས་ཀྱིས་བསླུས་ཏེ་མི་སེམས་རྨོངས་བའི་བཏུམ་ཡོད་པ་རེད། བོད་པའི་ཡོད་ཚད་ལ་བསྟོད་པ་མ་གཏོགས་དགག་སྒྲུབ་བྱེད་ཆོག་ནི་མ་རེད། མགོ་བླ་མ་དཔོན་པོ་ནས་བར་གྲྭ་བ་གྲྭ་བཙུན་ཡོད། སྤྱི་ཚོགས་ཐོག་གོ་བབ་དང་རྒྱུ་འབྱོར་ཡོད་མཁན་སྒེར་གཅོད་པ་དང་བཀས་བཀོད་རྒྱུན་འཛིན་པ་ཚང་མར་བསྟོད་པ་རྐྱང་རྐྱང་བྱེད་དགོས་ནི་རེད། ལོ་རྒྱུས་ཡོད་ཚད་དཔོན་པར་བསྟོད་པ་དང་། རྣམ་ཐར་ཡོད་ཚད་བླ་མར་བསྟོད་པ། ཐ་ན་ཤོག་ངོས་ཀྱི་ཡིག་བྲིས་ཡོད་ཚད་རྐང་འོག་ལ་ཤོར་ཚེ་སྡུག་སྒྲུབ་བསགས་འགྲོ་གི་རེད། བྱིས་པས་སྐད་མ་ཤེས་སྔོན་ནས་སྐྱབས་སུ་འགྲོ་ཚུལ་ཏེ་ཐོད་པ་ཐང་ལ་རྡེབ་པ་དང་ལག་པ་ཐད་མོ་སྦྱོར་རྒྱུ་བྲན་གཤིས་ཀྱི་སྔོན་འགྲོ་ལྟ་བུར་ཤེས་དགོས་པ་རེད། བོད་པའི་རིག་གཞུང་གིས་སྦྲིམ་པའི་རིག་གནས་རིན་ཐང་ནི། མགོ་བོ་སྒུར་ཏེ་ཡོད་ཚད་ལ་སྐྱབས་སུ་འགྲོ་དགོས་པའི་བྲན་གཤིས་ཏེ་རེད། དེ་ལྟའི་རིག་གནས་བསྐྱངས་བའི་ལུང་པ་དེའི་མཇུག་འབྲས་ནས། གཞན་གྱི་བྲན་གཡོག་འོག་གནས་དགོས་པའི་དེའོ།
དོན་དག་འདིར་ལྟ་དུས། ་གོང་ས་མཆོག་སྐུ་བཞུགས་ཐོག་ཆོས་ལུགས་དང་གྲུབ་མཐའ་རིས་མེད་ལ་ཆོས་ཁྲིམས་གཙང་མ་ཞིག་འཇོག་རྒྱུ་ནི་རྒྱ་གཞུང་ལ་འབྲེལ་བ་ཡོང་བར་འབད་པ་ལས་ལྡབ་བརྒྱ་ཡི་ཕན་ཡོན་ཡོད་པ་དང་ནུས་པའང་ཐོན་པར་ངེས། ་
ནུབ་ཕྱོགས་ནང་བཞིན་བྱེད་པ་ལ་དང་པོ་ནུབ་ཕྱོགས་པ་ལྟར་ཡར་རྒྱས་དང་ཤེས་ཡོན་ལྡན་པའི་སྤྱི་ཚོགས་དགོས་རེད། དེ་མེད་ན་ཁ་ལ་དཔག་པའི་སོ་ཟེར་བ་ནང་བཞིན་འགྲོ་རྒྱུ་རེད།
སྐྱ་སེར་གཉིས་དབར་ལ་དཀྲུག་ཤིང་ཤ་སྟག་བརྒྱབ་ནས་དམར་པོའི་ལྟ་བ་རོ་ལངས་བརྒྱབ་བསམ་པ་ནི་གཉིད་ལམ་སྐྱིད་པོ་ཞིག་རེད། རྒྱུན་དུ་ཨ་ནུ་དེས་དཔྱད་པ་དང་དཔང་རྟགས་དང་ཁུངས་ཁྱེར་ཤོག་ཟེར་ནས་རིགས་པ་སྨྲ་བའི་རྫུན་པགས་ཤིག་བསྟན་ནས། སངས་རྒྱས་ཀྱི་བསྟན་པ་རྩ་མེད་དུ་འབད་པར་བྱེད། རིགས་པ་དང་དཔང་རྟགས་ཀྱིས་མ་ལྡེང་བས་སེར་མོ་བའི་རིག་གཞུང་རྩ་གཏོར་གཏོང་ཐབས་མེད་པ་ཤེས་ཕྲལ། དི་རིང་འདིར་དཀྲོག་གཏམ་དང་འཆལ་གཏམ་གྱི་གཞི་མ་འདི་འདྲ་ཁྱེར་ཡོང་ནས་མང་ཚོགས་ལ་མགོ་སྐོར་ཨེ་འགྲོ་སྙམ་པ་ནི་ཤིན་དུ་ནས་ཡ་ང་བའི་གནས་སུ་ལྷུངས།
ད་ནས་ཁྱེད་ཀྱི་དམིགས་ཡུལ་འདི་ཀུན་ནས་གསལ་པོར་གྱུར་སོང་། ཁྱེད་ཀྱི་སྔོན་མ་ཆོས་པ་ཚོར་དཔང་རྟགས་འཁུར་ཤོག ཁུངས་འཁྱེར་ཤོག་ཟེར། དི་རིང་འདི་ཁུངས་དང་ལུང་མི་གསལ་བའི་བཤད་ཡམ་ཞིག་བཀྲམ་ནས་མི་མང་གིས་སེར་མོ་བ་ཚོར་བཅངས་པའི་འདུ་ཤེས་འགྱུར་ཐབས་བྱེད་པ་ནི་ཀུན་ནས་ཡ་ང་བ་དང་འུ་ཐུག་པའི་གནས་སུ་ལྷུང་།
ཨེ་མ། ཆོས་མེད་སྨྲ་བའི་རིགས་པ་བ་ཚོར་འདོད་པ་ཚོ་ཡང་གཡོ་དང་ཁྲམ་པ་འདོན་དགོས་ན། རུམ་ནང་ལ་མང་པོ་འདུག ད་རྗེས་མ་གང་འདོན་རྒྱུ་ཡིན་ནམ་སྙམ་པ་འདི་ངའི་ད་ལྟའི་བསམ་བློ་འདི་ཡིན།
ས་ཆ་དང་དགོན་པའི་མིང་དགེ་རྒན་གྱི་ལོ་ཚོད་བཅས་ཁུངས་སྐྱེལ་མིན་ན་ད་ག་རེ་དགོས། གསར་འགྱུར་ཚང་མར་མིའི་མིང་དགོས་པའི་ངེས་པ་རྩ་ནས་ཡོད་པ་མ་རེད།
སྤྱིར་ན་ཕྱོགས་གཅིག་གི་སྐད་ཆ་ལ་བརྟེན་ནས་འདི་རེད་དང་འདི་མ་རེད་ཟེར་ནས་ཐག་གཅོད་དཀའ་མོ་རེད། རྩོམ་ཡིག་འབྲི་མཁན་ལ་གཟན་ནན་དགོས་པ་གལ་ཆེན་པོ་རེད། རང་རང་གིས་བཤད་འདོད་པ་དེ་བཏུས་བསྡད་ན་ཁུངས་སྐྱེལ་སྟངས་ཡག་པོ་མ་རེད། དབྱིན་སྐད་དུ་འདི་ལ་cherry-pickingཟེར། ད་ཐེང་ཨ་ནུ་ཐང་གིས་གསུངས་པ་དེའི་ཁུངས་ལུངས་གང་ལ་བཅོལ་ཡོད་མེད་བྲིས་མི་འདུག དགེ་ཕྲུག་ལ་རྡུང་བརྡེགས་གཏོང་སྲོལ་བོད་དུ་ཚབ་ཆེན་པོ་རེད། བདེན་པ་ཡིན་སྲིད་པ་རེད།
གནས་ཚུལ་དེ་ཐོས་བས་ཧ་ཅང་གི་སེམས་པ་སྐྱོ་ཞིང་མཚན་དཀྱུལ་ཡིན་ཡང་ངལ་བ་མ་འཛེམ་པ་མ་ཉལ་ཞིང་ཁ་ཐུག་གིས་བྲིས་བ་ཡིན། བྲིས་བ་དེའང་ཉེས་མེད་ཀྱི་བྱིས་བ་དེ་ལ་སྙིང་རྗེ་དང་། བོད་མི་རྣམས་ལ་ཕན་སེམས་ཁོ་ན་བཟུང་ཏེ་བྲིས་བ་ལས་ཆེད་མངགས་ཀྱིས་བོད་ཀྱི་སྤྱི་ཚོགས་ནག་པོ་བཟོ་ཆེད་རྩ་བ་ཉིད་ནས་མིན། དེ་ལྟར་ཡིན་ན་བོད་ཡིག་ཏུ་བྲིས་བ་དགོས་དོན་མེད་ཅིང་། བོད་པ་རྣམས་ལ་བྱིས་བ་དྲག་རྡུང་བྱེད་ཡ་གོམས་འདྲིས་སུ་ཕྱིན་པས་དམིགས་བསལ་བ་གང་ཡང་མིན་པས་དབྱིན་ཡིག་ཏུ་བྲིས་ན་ལེགས་ཀྱང་། ཐ་ན་ཕྱི་མི་མཛའ་གྲོགས་ཀུན་ལ་ངོ་ཚ་ཞིང་བོད་ཀྱི་ཞེན་ཁོག་བཟུང་ནས་གནས་ཚུལ་དེ་སྦ་གསང་བྱས་ཡོད། མ་གཞི་ངས་དེ་ལྟར་གནང་བ་དྲང་བདེན་མིན་ཡང་། བོད་ཀྱི་ཞེན་ཁོག་གིས་གནས་ཚུལ་དེ་ད་ཐེངས་བཏང་སྙོམ་བཞག་ཅིང་། ཕྱི་མི་ལ་གསང་བ་བྱས་ཡོད། གལ་སྲིད་ང་བོད་པ་ཞིག་མིན་ཞིང་། དབྱིན་ཇིས་སམ་རྒྱ་གར་ནག་གི་མི་གཅིག་ཡིན་ན་སོ་སོའི་སྤྱི་ཚོགས་ཀྱི་སྐྱི་གཡའ་བའི་གནས་ཚུལ་འདི་ཕྱི་ལོག་ཏུ་མི་བསྒྲག་པའི་ངེས་བ་མེད། འོན་ཀྱང་། ངས་དེ་ལྟར་བྱས་མེད། དེ་ནི་བོད་ཀྱི་མཚན་སྙན་བསམ་ནས་ཡིན། དེ་ལྟར་གནང་བ་དྲང་བདེན་མིན་ཞིང་ཕྱོགས་རིས་ཡིན་པ་གསལ་བོ་ཤེས་ཀྱི་ཡོད། དེ་བརྟེན། དྲང་བདེན་ལ་དགོངས་དག་ཞུ་བཞིན་ཡོད། དེ་ནི་འཇིག་ལ་ཉེ་བའི་མི་རིགས་ཤིག་གི་རྩ་དོན་དང་འབྲེལ་ཞིང་། ད་ལྟ་བོད་དོན་ཆེད་ཕྱི་མིའི་རོགས་སྐྱོར་མཁོ་བས་ཡིན། གལ་སྲིད་བོད་ཀྱི་གནས་སྟངས་ནི་འདི་ལས་ཡག་ཞིག་ཡིན་ན་ངས་གནས་ཚུལ་དེ་དག་ཕྱི་གླིང་བ་གསང་བ་མི་བྱེད། འོན་ཀྱང་། བོད་ཀྱི་གནས་སྟངས་སྐྱོ་ཡ་མང་དྲགས་པས་ངས་དེ་ལྟར་མི་བྱེད་གཏོལ་མེད་རེད།
ངས་གནས་ཚུལ་འདི་ནི་སྤྱི་ཚོགས་གཞན་དང་ཞིབ་བསྡུར་གྱིས་ངོ་སྤྲོད་བྱས་ན། བོད་པ་མང་པོ་ཞིག་གིས་དེ་ནི་ཉེས་བ་ཡིན་པ་ངོས་ཟིན་ཞིང་ངེས་བ་རྙེད་པ་ཕན་པ་འདོད་དེ། ནུབ་ཕྱོགས་ཀྱི་སྤྱི་ཚོགས་དང་བསྡུར་ཁུལ་གྱིས་བྲིས་བ་ཡིན། དེ་ལྟར་མ་བྱས་ན། གནས་ཚུལ་འདི་རིགས་བོད་པ་མང་པོ་ཞིག་ལ་རྒྱུན་ལྡན་དུ་ཆགསས་པས་ངན་པ་ཡིན་པ་ངོས་ཟིན་མཁན་ཁག་པོ་ཡིན་པས་སྤྱི་ཚོགས་གཞན་དང་བསྡུར་ནས་ངོ་སྤྲོད་བྱས་བ་ཡིན། དེ་ནི་བོད་ཀྱི་སྤྱི་ཚོགས་ནང་དོན་དམ་གྱི་དྲང་བདེན་དང་འདྲ་མཉམ་ཞིག་ཡོང་ཆེད་ཁོ་ན་རུ་དམིགས་ཏེ་བྲིས་བ་ལས་གཞན་དུ་མེད།
ཀླུ་སྨྱོན་གྱི་གསུངས་བཞིན་ས་གནས་དང་དུས་ཚིག བྱུང་རིམ་གསལ་བོ་བརྗོད་ཟིན་པས། དོགས་པ་ཡོད་མཁན་ཚོས་ས་གནས་དེ་ལ་ཁ་དཔར་བཏང་ཏེ་འབྲེལ་བ་བྱོས་དང་། ཤེས་ངེས་རེད། མ་ཟད་ས་གནས་དེ་ཡི་མི་མང་པོ་ཞིག་རྒྱ་བལ་ནུབ་གསུམ་སོགས་བོད་ཀྱི་ཕྱི་ལོག་ཏུ་ཡོད་པ་ལ། དེ་དག་གི་ཁྲོད་ནས་བོད་ཡིག་ཐོག་རྩོམ་ཡིག་འབྲི་མཁན་ཡང་མི་ཉུང་བ་ཞིག་ཡོད། དེ་དག་ལ་སྐད་ཆ་བྲིས་དང་། གསལ་བོ་ཆགས་ངེས་རེད། ངས་དེ་ལྟར་གནས་ཚུལ་རྫུན་མ་བསྒྲགས་པ་ཡིན་ན། དགོན་པ་དེ་དང་ཕྱོགས་ཁ་དེ། ཡུལ་ཕྱོགས་དེ་ཡི་མི་རྣམས་ཀྱིས་ང་ལ་རྒོལ་རྡུང་བཏང་ངེས་རེད། ངས་ཅི་ཞིག་གི་ཆེད་དུ་གནས་ཚུལ་རྫུན་མ་བསྒྲིགས་ནས་རང་ཉིད་དུང་དུ་འཕེན་དགོས་བ་རེད་དམ། མིང་དངོས་སུ་སྨས་ནས་རྫུན་བཤད་ཐུབ་བམ། ང་ནི་སྤྱང་པོ་ཞིག་མིན་ཡང་དེ་འདྲའི་ཀླུག་པ་ཞིག་མིན་ཞེས་དོགས་པ་ཡོད་མཁན་གྱི་རྣམས་ལ་ཞུ་འདོད་བྱུང་།
དངོས་གནས་དགེ་ཕྲུག་ཡོད་མཁན་ཚོ་ཡིན་ན་གཟབ་གཟབ་བྱེད་དགོས་ཀྱིན་འདུག བྱིས་བ་སྙོར་སྐྱོང་གི་ཉམས་མྱོང་ཅི་ཡང་མེད་པ། གློ་བུར་ཐོལ་རྒྱག་གིས་དུ་གྲྭ་ཕྲུག་ཅིག་ལག་ཏུ་རེག་ན་གང་འདོད་བྱེད་ཉེན་ཡོད་པས། དགོན་པ་སོ་སོས་གཞུང་གིས་དགེ་ཕྲུག་འཛིན་མཁན་གྱི་དགེ་རྒན་ཚོའི་སེམས་ཁམས་ལ་ནད་གཞི་ཡོད་མེད་རྒྱུས་ལོན་དང་། ལྷག་པར་དུ་དགེ་ཕྲུག་འཛིན་རྒྱུར་སྦྱང་བ་སྤྲད་རྒྱུ་གལ་གནད་དུ་མཐོང་།
དེ་བཞིན་དོ་བདག་ཕ་མ་སོ་སོས་རང་གི་བྱིས་བ་གད་སྙིགས་ལྟར་དགོན་དུ་འཇོག་ས་རེག་པ་ཙམ་གྱིས་མི་འགྲིག་པ། དེ་འཛིན་མཁན་གྱི་དོ་བདག་ལ་བརྟགས་བྱེད་རྒྱུ་གནད་དུ་ཁུམས། དྲང་མོ་བཤད་ན། དངོས་རྫས་ཤིག་ཡིན་ཡང་། མི་རྒྱུས་མེད་ཅིག་གི་ལག་ཏུ་གང་བྱུང་གིས་འཇོག་མི་ནུས་ཀྱང་། བྱིས་བ་ཇ་དངོས་ལས་ཀྱང་སྡུག་པའི་རིན་ཐང་སྤྲད་ཅིང་། སློང་མོ་བྱེད་མཁན་གྱི་དགོན་པ་ཚོ་ཡོང་ན་སྤྲད་རྐྱང་དང་། དོ་བདག་སུ་ཞིག་གིས་འཛིན་མིན་ལ་སེམས་འཁུར་དེ་ཙམ་མི་བྱེད་པ་ནི། སྐྱུག་དྲོ་བའི་བྱ་སྤྱོད་ཅིག་རེད་ལ། ཕ་མས་བུ་ཕྲུག་ལ་བརྩེ་བ་སྤྲད་སྟངས་ཀྱང་མ་རེད། གལ་སྲིད་བོད་ཀྱི་ཕ་མས་བུ་ཕྲུག་ལ་བརྩེ་བ་སྤྲད་སྟངས་དེ་ལྟར་ཡིན་ཚེ། བརྩེ་བ་རྣལ་མ་ཞིག་མེད་པའི་བདེན་དཔང་བྱས་ཡོད་པས་བོད་ཀྱི་ཕ་མའི་བརྩེ་བ་ཟབ་ཟེར་བའང་སྐྱག་རྫུན་རེད། ཕ་མ་མང་པོ་ཞིག་གིས་བུ་ཕྲུག་གི་རང་བློ་དང་མཐུན་པ་མ་ཡོང་བ་ཡིན་ན། ཕ་བུ་འབྲེལ་བ་གཅད་པ་དེས་ཕ་མ་མང་པོ་ཞིག་གི་སྒེར་སེམས་ག་འདྲ་ཆེ་བ་གསལ་སྟོན་བྱས་མི་འདུག་གམ།
ཕ་མ་དང་དགེ་རྒན་ཚོས་བྱིས་བ་ལ་དྲག་རྡུང་བྱེད་ཡ་མང་དྲགས་པས། བོད་ཀྱི་བྱིས་བ་མང་པོ་སེམས་ཁམས་ལ་ན་ཚ་བཟོས་བ་མ་ཟད། ཆེར་སྐྱེས་ཚེ་མི་དྲག་གི་མདུན་དུ་སྐད་ཆ་གཅིག་ཀྱང་བཤད་པའི་སྙིང་སྟོབས་མེད་ཅིང་ཉམ་ཆུང་དུ་བཏང་བས། མི་དྲག་ཚོའི་མདུན་དུ་ཐོབ་ཐང་རྩོད་ཡ་ལྟ་ཅི། ཁོ་ཚོས་ཅི་འདོད་དུ་བེད་སྤྱོད་བཏང་བ་གོམས་གཤིས་སུ་འཇགས་པས། ནམ་ཡང་མི་དྲག་གི་བྲན་གཡོག་རེད། བྲན་གཡོག་བྱེད་པའང་གཟི་བརྗིད་དུ་འདོད་ཅིང་། དེ་ལྟར་བྱེད་མི་རུང་ཟེར་མཁན་ལ་བཀའ་དྲིན་བསམ་ཤེས་མི་འདུག་ཟེར་ནས་ངོ་རྒོལ་བྱེད་ངེས་རེད། འོན་ཀྱང་། བཀའ་དྲིན་གསག་ཡ་ནི་བྲན་གཡོག་ཏུ་སྒྱུར་བྱེད་རེད་དམ། མ་རེད། བཀའ་དྲིན་འཇལ་སྟངས་ཀྱང་དྲང་བདེན་དང་གནས་ལུགས་དང་མཐུན་པ་འཇལ་དགོས་བ་ལས། འཇལ་ས་དེའི་ཅི་འདོད་དུ་བཀོལ་སྤྱོད་བྱེད་པའི་དོན་མ་རེད། དེ་ལྟར་ཡིན་ན། རྒྱ་ནག་གི་བཀའ་དྲིན་འོག་ཏུ་མཚར་ལོངས་བྱུང་མཁན་ཚོས་རྒྱ་ནག་གི་ཁ་ལ་ཉན་ནས་འདུག་དགོས་ཤིང་། སྤྲུལ་སྐུ་དང་མི་དྲག་ཚོའི་བཀའ་དྲིན་འོག་ནས་མཚར་ལོངས་བྱུང་མཁན་ཚོས་དེ་ཚོའི་གསུངས་ཁོ་ན་ལ་ཉན་ནས་འདུག་དགོས་བས། བཅོས་སྒྱུར་དང་ལེགས་བཅོས་ཟེར་བ་ཡོང་ཐབས་མེད་ལ། དྲང་བདེན་དང་འདྲ་མཉམ་ཟེར་བ་དེ་བས་མེད། རྒྱུ་མཚན་ནི། ག་དུས་ཡིན་ཡང་། དེ་ཚོས་བཀུར་ནས་འདུག་དགོས་བས་ཡིན།
དྲག་རྡུང་གི་འོག་ནས་མཚར་ལོགས་བྱུང་མཁན་གྱི་བོད་མི་རྣམས་མི་དྲག་ཚོའི་སྐད་ཆ་དང་བཏང་འཛིན་ཁོ་ན་ལ་མགོ་བོ་སྒུར་རྒྱུ་ལས་གཞན་གྱི་སྒུར་ས་མེད། མི་དྲག་དང་བཏང་འཛིན་པ་མེད་སྐབས། ཁྱི་གུ་འདོགས་ཐག་ལས་ཤོར་བ་བཞིན་གང་བྱུང་བྱེད་པ་མ་ཟད། ཉམ་ཆུང་ལ་ཐུབ་ཐུབ་ཚོད་དང་། གནས་ལུགས་ལ་མི་ལྟ་བ། བཤད་མཁན་ལ་ལྟོས་ནས་ཡོད་ཚད་ཐག་གཅོད་བྱེད་རྒྱུ་གོམས་གཤིས་འཇགས་ཕྱིན། མི་དམའ་བོ་ཞིག་གིས་སྐད་ཆ་བཤད་སྐབས་ཁྱེད་ཀྱིས་ཀྱང་དེ་ལྟར་བཤད་པས་གང་ཞིག་འཇོན་ཡོད་ཟེར་ནས། གནས་ལུགས་ལ་མི་ལྟ་བ་མི་ལ་ལྟོས་ནས་གྱོད་འདྲི་བྱེད། དེ་བརྟེན། མི་དེ་ཚོ་ ནམ་ཡང་སྐུ་དབང་ལམ་ལུགས་ལ་རོགས་སྐྱོར་བྱེད་མཁན་ཡིན་ཞིང་། དེ་ལྟར་ཡིན་ན། བོད་འདི་ནམ་ཡང་མི་དྲག་ཚོའི་བྲན་གཡོག་ལས། འདྲ་མཉམ་དང་རང་དབང་ཞིག་ཡོང་ཐབས་མེད།
ཉེར་རབས་སུ་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་དགོན་པ་རྣམས་གྲྭ་འབོར་འགྲན་བསྡུར་བྱས་ཤིང་། དགོན་པ་དེ་དག་གིས་ཆེད་མངགས་ཀྱིས་ཕོ་ཉ་བཏང་ཞིང་། ཁྱིམ་གཅིག་ལ་བུ་གཉིས་ཡོད་མཁན་ཚོ་གྲྭ་བ་སློང་བའི་གོམས་གཤིས་འཇགས་ཡོད། དེ་ནི་གནས་སྐབས་ཀྱི་དགོན་པ་ཁོ་ནའི་ཁེ་ཕན་ལས། བོད་མི་རིགས་དང་དགོན་པ་ཚོའི་ཕུགས་རྒྱང་རིང་བོའི་ཁེ་ཕན་ལ་བསམ་བློ་ཅི་ཡང་བཏང་མ་ཐུབ་པ་ནི་ཅི་འདྲའི་ཀླུག་ཅིང་། ཅི་འདྲའི་སྒེར་དོན་ཆེ་བ་ལ། བོད་མི་རིགས་འཆི་ལམ་དུ་འདེད་བྱེད་རེད།
ཁག་ཅིག་གིས་ངས་ཆེད་མངགས་ཀྱིས་བོད་ཀྱི་སྐྱོན་ཆ་བཙལ་བ་དགོངས་སྲིད། འོན་ཀྱང་། བྱིས་བ་རྡུང་རྒྱུ་དང་ཆུང་མ་གཅར་ཡ། དགེ་ཕྲུག་དྲག་རྡུང་བྱེད་རྒྱུ་འདི་དག་ལྟས་དབང་གིས་རེ་ཟུང་ཞིག་བྱུང་བ་མིན་པ རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་བཞིན་བོད་པ་ཞིག་ཡིན་ཚེ་གསལ་བོ་ཤེས་ངེས་རེད། དེ་ནི་ཚབས་ཆེན་གྱི་རང་བཞིན་ཞིག་ཡིན་པ་ལས་གཅིག་གཉིས་ཀྱི་གནས་ཚུལ་ལྷག་པ་མིན་པས་ཉུང་མཐའ་ཡང་གདུང་སེམས་མཉམ་སྐྱེད་བྱེད་མཁན་གྱི་བསམ་ཤེས་ཅན་ཁག་ཅིག་ཡོང་བ་འདོད་ནས་བྲིས་བ་ཡིན། ང་ཚོས་ཁྱོད་བཟང་ང་བཟང་ཁོ་ནས་དུས་འདའ་བ་བྱས་ན་ཉིན་ཞིག་འགྱོད་པ་ལྟ་ཡི་མི་བཟོད་པ་ཞིག་མགོ་ཐོག་ཏུ་ཡོང་ལ། ད་ནས་བཟུང་སླེབས་བཞིན་ཡོད། དེ་སྔོན་བོད་ལ་དམག་འཁྲུག་མེད་ཅིང་བདེ་ལ་སྐྱིད་པ་ཡོང་དོན་སངས་ཆོས་ཀྱི་བཀའ་དྲིན་གྱིས་ཡིན་ཚུལ་གྱིས་གཅིག་གིས་གཅིག་ལ་བདེན་ཁ་སྐྱོར་ནས། གནས་སྟངས་འདི་ལྷག་པ་རེད། ད་ནི་ལོ་རྒྱུས་ལས་སླབ་བྱ་བླངས་ཤིང་དེ་ལྟར་སྐྱར་ཟློས་ཡང་ཟློས་མི་བྱེད་རྒྱུ་མཁས་བའི་ཁྱད་ཆོས་ཡིན་པས་བོད་པ་རྣམས་ཀྱིས་ཉམས་སུ་ལེན་པ་འོས།
བོད་པ་ཚོས་གསལ་བོ་ཤེས་དགོས་བ་ཞིག་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་དང་ཡར་རྒྱས་ཤིག་འགྲོ་དགོས་ན་གཙོ་བོས་བོད་པ་རང་གིས་ཤུགས་རྒྱག་དགོས་བ་ལས་གཞན་སུ་ཡང་བྱེད་མཁན་དཀོན་ལ། བྱེད་ཀྱང་ཐུབ་མཁན་མེད་པའི་དེ་ཉིད་རྟོགས་ནས་བོད་མི་རྣམས་ཀྱིས་སྐད་ཆ་ཅི་ཞིག་ཡིན་ཡང་། དྲང་བོ་དང་ཕུགས་རྒྱང་རིང་བོའི་བོད་ཀྱི་ཁེ་ཕན་གཙོ་བཟུང་གིས་སྐད་ཆ་སྨྲ་རྒྱུ་གནད་དུ་ཁུམས།
སླར་ཡང་ཨ་ནུ་འདིས་བསམ་བཞིན་དུ་བྱིས་སྒྲུང་ཞིག་དོན་དངོས་ལ་བསྒྱུར་ཐབས་བྱས་འདུག གནས་འགྱུར་སྤེལ་སྐབས་ལོ་ཟླ་ཚེས་གྲངས་དང་། གནས་ཚུལ་གྱི་བྱུང་རྐྱེན། འཆི་རྐྱེན། ས་ཆ་སོགས་ཁུངས་སྐྱེལ་དགོས་པ་ལས་རྒྱུ་མཚན་ཅི་ཡང་མེད་པར་ལྷ་སྒྲུང་ལྟ་བུ་ཞིག་བྲིས་ནས་དོན་དངོས་ལ་འགྱུར་ཐབས་བྱེད་པ་ནི་ཁྱོད་རང་གིས་བོད་མི་རིགས་འདི་ལ་བསམ་བཞིན་དུ་འཕྱ་སྨོད་བྱས་པ་དང་གཅིག་པ་རེད། དྲང་པོར་བཤད་ན། ནུབ་ཕྱོགས་པའི་ནང་ཕྲུག་གུ་གསོད་མཁན་ཉུང་ཉུང་མ་རེད། དེའི་རྒྱབ་ལྗོངས་གཙོ་བོ་གཅིག་མི་ཚེའི་བརྟེན་བཅོལ་རག་ཆེད་དུ་རེད། གནས་ཚུལ་དེ་རིགས་གསར་ལམ་ཁག་ཏུ་མི་ཉུང་བ་ཞིག་མཐོན་གྱི་ཡོད། གྲོགས་པོ་ལགས། དང་པོ་ཁྱོད་རང་གིས་བོད་པས་མི་གསོད་ལུགས་དེ་ནས་གྲ་བས་མི་གསོད་ལུགས་སོགས་མདོར་ན་ཁྱོད་རང་གིས་དམིགས་འབེན་དེ་གསེར་བ་རེད། ད་ནས་བཟུང་དཔང་རྟགས་མེད་པའི་དཀྲོག་གཏམ་དང་བྱིས་སྒྲུང་དོན་དངོས་ལ་བསྒྱུར་བའི་སྤྱོད་ངན་དེ་རིགས་སྤོངས་རོགས་ཞུ་རྒྱུ་ཡིན། ཁྱོད་རང་གི་རྩོམ་འཆལ་དེའི་ཕྱེད་ཙམ་ལས་བཀླགས་མེད་ལ་འགོ་བརྗོད་བཀླགས་པ་ཙམ་གྱི་ཁྱོད་རང་གི་ཀུན་སློང་ངན་པ་དེ་ཡང་རྟོགས་སོང་།
ཕྱི་མི་ལ་གསང་ཡོད་འདྲ་བོ་སྐད་ཆ་ཆོད་མེད་མ་ཤོད་ལོ། གཞན་ལ་སྐྱོན་མཚང་མང་པོ་ཞིག་གསང་ཡོད་པའི་ཁུལ་འདྲ་བོ་བཤད་འདུག། སྤྱིར་ཁྱོས་དེ་འདྲ་ཞིག་བསམ་ཡོད་ན། ཁྱོད་ལྐུག་པ་ལྐུག་ནག་ཞིག་རེད། རྒྱལ་ཁབ་སུ་ཞིག་ཡིན་ན་ཡང་། དེའི་ནང་ན་མ་རུང་བ། སྨྱོན་པའི་ལག་ལ་རལ་གྲི་བཟུང་ནས་དོན་མེད་མྱི་གསོད་ཁྲག་སྦྱོར་བྱེད་མཁན་ནི་ཡོད་ཡོད་པ་རེད། དེའི་རྒྱུ་མཚན་གྱིས་ཡུལ་མི་རྒྱལ་ཁབ་ཡོད་ཚད་ནག་པོར་ཆགས་འགྲོ་བར་འདོད་ན། རིག་པ་དང་དངོས་ཡོད་བསྒྲེས་མི་ཤེས་བའི་ཁ་བརྡ་ཚང་གི་ལྐུག་རྒན་གཉིས་བའི་གོ་སར་བཞག་པ་ཡིན་ལོ།
ད་དུང་བཤད་རྒྱུ་ཆུང་ཆུང་། གོ་བདེ་བོ་ཞིག་ཡོད། ཉོན་ཨ། སོ་སོ་ཆོས་ལ་དད་མི་དད་ཀྱི་རང་དབང་རྡོག་རྡོག་ཞིག་ཡོད་པ་བདེན་པ་ཡིན་ཡང་། ཆོས་དང་ཆོས་བྱེད་ལ་རང་མི་དད་པ་རྒྱུ་མཚན་དུ་བཀོད་ནས་དགག་རྒྱག་མཚན་སྨད་བྱེད་ཆོག་པའི་རང་དབང་ནི་ཁབ་གྱི་རྩེ་མོ་ཙམ་ཡང་མེད་པ་ཤེས་བར་བྱོས། གོ་བྱུང་ངམ། འདི་ནི་དད་ལྡན་དག་གི་བཀའ་ཁྲིམས་བཙན་པོ་རང་བྱུང་མ་ཟེར་བ་དེ་རེད།
དྲ་གྲོགས་ཨ་ནུས་ལོ་དང་ཟླ་བ་ཚེས་དགོན་མིང་དང་གསོད་མཁན་དང་བསད་པའི་བྱིས་པའི་ལོ་ཚད་བཅས་གསལ་པོར་འཁོད་པའི་ལོ་རྒྱུས་གནས་ཚུལ་ཞིག་བྲིས་འདུག་མོད་དེ་ལ་འགའ་ཞིག་གིས་ད་དུང་གནས་ཚུལ་པོ་མེད་རབས་དང་དཀྲུགས་ཤིང་ཡིན་རབས་སོགས་ཀྱིས་བཀླན་འཚོལ་བ་ནི། གནས་ཚུལ་གསལ་པོ་དང་ཁུངས་བསྐྱེལ་མེད་པའི་གནད་དོན་ཞིག་མ་རེད། དེ་ནི་ཉེ་ཆར་ཁོང་གིས་བོད་ཕུང་བའི་རྒྱུ་རྐྱེན་ལས་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་རྩོམ་ཡིག་སྤེལ་སྐབས་མི་འདི་དག་དང་མཉམ་དུ་རྣོ་ངར་ཅན་གྱིས་རྩོད་པ་བྱུང་བ་ལ་བརྟེན་ནས་སེམས་ནད་ཅན་གྱི་སྐད་ཆ་རང་རེད། གནས་ཚུལ་གསལ་པོ་འཚོལ་འདོད་མ་རེད་ལ་ཤེས་འདོད་ཀྱང་དེ་བས་མ་རེད། དོན་དུ་གཏིང་ནད་བཟུང་སྟེ་བཀླན་ཀ་འཚོལ་འདོད་རང་རེད། གྲོགས་ཨ་ནུ་ལགས་དེ་ཚོར་གསལ་བཤད་ཀྱི་ངལ་བ
བསྟེན་དགོས་མི་འདུག་བསམ།
ཨ་ནུ་ཐང་པས་གསལ་ཁ་ག་ཚོད་བཏོད་ཐུབ་ན་དེ་ཙམ་གྱིས་ནུས་པ་ཆེ་བ་དང་ཕན་ཐོགས་ཆེ་བ་བཤད་མི་དགོས་པས་ཁ་ཤས་ཀྱིས་དེ་ལྷག་གི་གསལ་ཁ་མི་དགོས་ཟེར་བ་དེ་ཡང་མི་བདེན། ཨ་ནུ་ཐང་པས་རྩོམ་ཡིག་ཅིག་འབྲི་སྐབས་ངེས་པར་དུ་ཡང་ལག་དམར་གྱི་མིང་དང་གཤིན་པོའི་མིང་འབྲི་ཐུབ་ན་ཕན་ཐོགས་ཆེ། དྲ་ཐོག་གི་གཏམ་འཁྱར་ཕྱོགས་གཅིག་པ་ཙམ་ཡིན་ན་དེ་ཙམ་ཡིད་རྟོན་འོས་པ་མེད། དེ་ལུགས་རྩོམ་ཡིག་འབྲི་དུས་གཟབ་ནན་དགོས་པ་གལ་ཆེན་པོ་རེད།
སྤྱིར་ན་བོད་དུ་སློབ་ཕྲུག་ལ་རྡུང་བརྡེགས་གཏོང་སྲོལ་ད་དུང་ཡང་ཚབ་ཆེན་རེད། དེ་ནི་དགོན་པ་དང་འབྲེལ་བ་ཁོ་ན་མིན་པར་གཞུང་བཙུགས་སློབ་གྲྭ་ན་ཡང་ད་དུང་འདུག བོད་གཅིག་པོ་ཡང་མ་རེད། ཧྥི་ལི་ཕིན་སོགས་ས་ཁུག་ལུང་དཀྱོག་མང་ཆེ་བར་འདུག
བོད་དུ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཀྱི་ཆོས་འདུལ་བ་ན་ནས་འབྲུ་གཅིག་གིས་མི་གཞན་ལ་བརྡེགས་ན་ཡང་འདུལ་ཁྲིམས་དང་འགལ་བའི་ལག་ལེན་དོག་པོ་ཡོད་མོད། ཡུལ་སྲོལ་ངན་པའི་དབང་གིས་ཆོས་ལུགས་བཟང་པོ་ལ་བཙན་གཡེམ་བྱས་ནས་དགོན་པ་གྲྭ་ཚང་ཁག་ལ་ཡང་རྡུང་བརྡེགས་གཏོང་སྲོལ་དར་འདུག
ངའི་ཕ་ཡུལ་ལྟ་བུ་ཡིན་ན་སྔོན་མ་དགེ་རྒན་གྱིས་སློབ་ཕྲུག་རྡུང་བ་དང་དགོན་པའི་དགེ་བསྐོས་ཀྱིས་གྲྭ་བ་རྡུང་བ་ཁྱད་མེད་ཡིན།་དེང་སང་དགོན་པ་དང་དགོན་པའི་བར་ལ་ཁྱད་པར་ཆེན་པོ་འདུག དགེ་རྒན་དང་དགེ་རྒན་ལ་ཡང་ཁྱད་པར་ཆེན་པོ་འདུག ལ་ལས་བརྡུང་བརྡེགས་བྱེད་པ་དང་ལ་ལས་མི་བྱེད། རྐྱེན་ངན་འདི་རིགས་ལྷགས་སྐབས་ཤུགས་ཆེན་པོས་གླེང་ཐུབ་ན་རྨོངས་གཉིད་ལས་སད་པར་ནུས་པ་ཐོན་པར་ཐེ་ཚོམ་མི་འདུག
སྤོབས་པའི་སྐད་ཆ་འདིར་རྒྱུ་མཚན་འདུག རྐུན་མ་འཚོལ་དུས་ལོ་ཚད་ལབ་པས་མི་ཕན། དགོན་པ་ལབ་པས་མི་ཕན། རྐང་པ་གཉིས་དང་ལག་པ་གཉིས། ད་དུང་རྐུན་མ་དེར་མིག་གཉིས་འདུག་ཟེར་ན་མི་ཕན། དངོས་སུ་མི་དེའི་མིང་དང་ཁང་པའི་སྒོ་རྟགས་སོགས་འདོན་དགོས་པ་མ་ཚད། ནུབ་ཕྱོགས་ཀྱི་ཁྲིམས་ལྟར་ན། དྭོགས་པ་ཡོད་པ་མ་ཟད། ཁུངས་འཕེལ་བའི་དཔང་རྟགས་སྤྲོད་དགོས། ལག་དམར་བའི་ལོ་ཚད་བཏོན་ནས་མིང་བསྐུམ་པ་འདི་རྒྱུ་མཚན་ཅི། མིང་མ་ཤེས་པར་ལོ་ཇི་ལྟར་ཤེས་ཐུབ་བམ། གནས་ཚུལ་གོང་འོག་ལ་འགལ་འདུ་དང་འདྲི་བ་མང་བ་ཡོང་བཞིན་སྟབས། སུ་ལ་ཡིད་ཆེས་འཕེར་ཐུབ་བམ།
ཁྱེད་ཚོ་ང་ལ་ཡིད་ཆེས་མེད་མཁན་ཞིག་ལ་ངས་མི་མིང་བཀོད་ཀྱང་ཕན་ཐོགས་ཀྱི་མེད། མ་ཟད་གསལ་འགོད་པ་མཚོན་ན་བྱུང་བ་དང་བྱུང་དུས། བྱུང་ཡུལ་གལ་ཆེན་ལས་དགོས་བ་ཡོད་ན་མིང་གསང་རྒྱ་བྱ་རྒྱུ་ཡོངས་གྲངས་རེད། ལྷག་པར་དུ་ཆེད་མངགས་ཀྱི་སྐྱོན་འཛུགས་བྱེད་མཁན་གྱི་འཆར་གཞི་ལྟར་མི་འགྲོ་རྒྱུ་ངའི་གཤིས་ཀ་ཡིན།
ཁྱེད་ཚོ་ས་གནས་དེ་ལ་རྒྱུས་མངའ་མེད་པས་ཡིན་པ་ལས་གོང་དུ་བཀོད་པའི་གནས་ཚུལ་ལས་ས་གནས་ཁ་གསལ་རེད། ཁ་ཤས་ཀྱིས་བྱུང་དུས་དང་བྱུང་ཡུལ་མི་འདུག་ཟེར། སྐྱོན་བརྗོད་བྱེད་འདོད་ན་ཡག་པོ་ཞིག་ཀློག་དང་། བྱུང་དུས་དང་བྱུང་ཡུལ། བྱུང་བ་སོགས་ཁ་གསལ་རེད།
གྲོགས་པོ་བན་དེའི་གསུངས་བ་བཞིན་རེད།
༼# 17 གཡུ་ཐོག་རྒྱལ་པོ།་ལགས་ཀྱིས་མཆན་བཏབ་པ།:
May 2nd, 2014 at 7:09 PM
སླར་ཡང་ཨ་ནུ་འདིས་བསམ་བཞིན་དུ་བྱིས་སྒྲུང་ཞིག་དོན་དངོས་ལ་བསྒྱུར་ཐབས་བྱས་འདུག གནས་འགྱུར་སྤེལ་སྐབས་ལོ་ཟླ་ཚེས་གྲངས་དང་། གནས་ཚུལ་གྱི་བྱུང་རྐྱེན། འཆི་རྐྱེན། ས་ཆ་སོགས་ཁུངས་སྐྱེལ་དགོས་པ་ལས་རྒྱུ་མཚན་ཅི་ཡང་མེད་པར་ལྷ་སྒྲུང་ལྟ་བུ་ཞིག་བྲིས་ནས་དོན་དངོས་ལ་འགྱུར་ཐབས་བྱེད་པ་ནི་ཁྱོད་རང་གིས་བོད་མི་རིགས་འདི་ལ་བསམ་བཞིན་དུ་འཕྱ་སྨོད་བྱས་པ་དང་གཅིག་པ་རེད།༽
མི་འདིའི་ངའི་བྲིས་བ་ཡག་པོ་ཞིག་ཀློག་མེད་པ་སྐྱོན་བརྗོད་བྱས་འདུག འཆི་རྐྱེན་དང་ས་ཆ། ལོ་ཟླ་དང་ཚེས་གྲངས་མི་འདུག་ཟེར། དེ་འདྲའི་གཞི་མེད་ཀྱི་སྐྱོན་འཛུགས་མ་བྱེད་རོགས། དེ་ལྟར་བྱས་ན་རང་ཚང་སྟོན་བྱེད་ལས་གཞན་དུ་མེད། ཁྱོད་མིན་ཡང་བོད་ཡིག་ཤེས་མཁན་མང་པོ་ཡོད་པས་ཡིན། དེ་འདྲའི་སྐྱག་རྫུན་བཤད་ན་་་དེ་འདྲི་སྐྱག་རྫུན་བཤད་མཁན་ཞིག་་་་མ་མ་རེད།་སྐྱོན་བརྗོད་ལ་དགའ་བས་ཡག་པོ་ཞིག་ཀློག་ཡོད་ས་མ་རེད། བོད་ཀྱི་ནང་ནས་མངོན་སུམ་དུ་དེ་འདྲའི་སྐྱག་རྫུན་བཤད་མཁན་ཡོད་རྒྱུ་མ་རེད། རེད། ཆོས་ལུགས་དང་ཆོས་བྱེད་པའི་ཉེས་བ་འགོག་ཆེད་དུ་སྐྱག་རྫུན་བཤད་ན་ཆོག་གམ། ཆོག་ན་ཉེས་མེད་ཀྱི་བྱིས་བ་དེ་དག་སྙིང་མ་རྗེ། གཅར་རྡུང་དང་གཙམ་གཡེམ་ཕོགས་མཁན་གྱི་་བྱིས་བ་དེ་དག་དེ་བས་སྙིང་རྗེ་ཡི་ཡུལ་རེད།
སྤོབས་མཆོག་མཐའ་ཡས་ཀྱིས་གསུངས་བ་ལ་གནས་ལུགས་མང་དུ་མངའ་བས་གུས་ཞབས་ཡོད། ཡིན་ཡང་། ལག་དམར་གྱི་མིང་ནི་ངེས་བར་དུ་བརྗོད་དགོས་ཡ་མེད་ཚུལ་གོང་བཀོད་བཞིན་ཡིན་ལགས།
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་བསལ་ལ། །
འགྲོ་བའི་སྡུག་བསྔལ་ཕྱག་རྒྱུག་ག་ལ་བསལ། །
འགྲོ་བའི་སྡུག་བསྔལ་ཁོང་ཁྲོས་དེ་བས་མིན། །
འགྲོ་བའི་སྡུག་བསྔལ་སྙིང་རྗེའི་ཐབས་ཀྱིས་བསལ། །
ཨ་ནུ་ཐང་གིས་བཀོད་པའི་གནས་ཚུལ་འདི་བདེན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། སྤྱི་ཚོགས་ནང་བྱུང་བའི་གནས་ཚུལ་འདི་འདྲའི་རིགས་ངེས་པར་དུ་ཐེར་འདོན་བྱེད་དགོས། ད་དུང་ཡུལ་ལུང་དང་ཚོ་བ། མིའི་མིང་སོགས་ཁ་གསལ་དུ་བཏང་ནས་བཀོད་ཐུབ་ན་ཡག མ་འོངས་པར་འདི་འདྲ་མི་འབྱུང་རྒྱུར་རང་གཞན་གཉིས་ཀས་བསམ་བློ་གཏོང་དགོས།
གནས་ཚུལ་དེ་བདེན་པ་ཡིན་སྲིད། དགེ་རྒན་གྱིས་དགེ་ཕྲུག་དང་ཕ་མས་བུ་ཕྲུག་ལ་བརྡུང་བ་ནི་བོད་པའི་གོམས་གཤིས་ཡིན། འདི་ནི་བོད་ནང་དུ་དེ་བས་མང་བ་བྱུང་གི་ཡོད། འདི་ནི་སྐྱོན་བརྗོད་བྱ་རྒྱུའི་ལམ་སྲོལ་དེ་ཙམ་ཁྱབ་ཆེར་མེད། ཕྱི་ལོག་ལ་ཡུལ་གྱི་གོམས་གཤིས་དང་ཁྲིམས་ཀྱི་དབང་གིས་དེ་ཙམ་མང་པོ་ཐོན་གྱིན་མེད།
བཙན་བྱོལ་བ་ལགས་ལ། ངས་གནས་ཚུལ་འདི་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་ཏུ་མཐོང་གི་ཡོད་ལ་འདི་ཐོས་ནས་སེམས་མི་སྐྱིད་པ་ཞེ་དྲག་བྱུང་། སྤྱིར་ང་ཚོའི་གོམས་གཤིས་ལྟར་ཕ་མ་དང་དགེ་རྒན་གྱིས་བུ་ཕྲུག་དང་སློབ་ཕྲུག་ལ་ཏོག་ཙམ་རྡེག་པ་དང་ཉུང་ཙམ་གཤེ་བ་ནི་ཡོང་སྲིད་པ་དང་ཡོང་འོས་པ་ཞིག་ཏུ་འདོད། ཡིན་ཡང་། ཁ་ཤས་ཀྱི་ཚད་ལས་བརྒལ་བའི་བྱ་སྤྱོད་འདི་འདྲ་ནི་དངོས་གནས་ཡ་ང་བ་ཞིག་དང་སྙིང་རྗེ་བྲལ་བའི་ཆེས་གདུག་རྩུབ་ཀྱི་སྤྱོད་སྟངས་ཤིག་རེད། འདི་དང་འདི་ལྟ་བུའི་སྤྱོད་ངན་གྱི་རིགས་སུན་འབྱིན་དང་དགག་བཞག་ཚ་ནན་གཏོང་རྒྱུ་ནི་ད་ལྟའི་བོད་ཀྱི་ཤེས་ཡོན་པ་དག་གི་འགན་འཁྲི་རེད་འདོད། ད་དུང་ལ་ལས་འདི་འདྲའི་སྤྱོད་ངན་རིགས་སྤྱི་ཚོགས་ནང་སྦ་གསང་བྱེད་པ་ནི་རྐུན་མར་རྒྱབ་རྩ་བྱས་པ་དང་གཅིག་མཚུངས་ཡིན་པས་རང་གིས་རང་མགོ་གཡོག་པ་ལྟ་བུའི་ཐ་ཤལ་གྱི་བྱ་སྤྱོད་དག་སྤངས་ན་བཟང་། ང་རང་ཡང་ཆུང་དུས་གནས་ཚུལ་འདི་འདྲ་ཞིག་གོ་མྱོང་། ཨ་ཕ་ཞིག་གིས་རང་གི་བུ་ཕྲུག་ལ་དབྱུག་པས་རྡུང་རྡེག་བལྟ་མི་བཟོད་པ་ཞིག་བཏང་མཐར་རྟའི་རྔ་མར་བཏགས་ནས་བྲིད་པ་རེད་ཟེར། གྲོགས་པོ་ཚོ། འདི་ནི་ཆེས་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་མ་རེད་དམ།
ཨ་ནུ་ཐང་ལགས་ལ་རྒྱུ་མཚན་འདུག སེམས་ཤུགས་འདུག ལ་རྒྱ་འདུག ཡིན་ན་ཡང་མི་རིགས་འདི་ཧ་ཅང་རྗེས་ལུས་དྲག་པས་་་་་ད་སྐྱོབ་རྒྱུ་ཡིན་ལབ་ན་ཧ་ཅང་གི་ཁག་པོ་ཡོད་རེད། སྟོན་པ་ཐུགས་རྗེ་ཅན་ནོར་འཆུག་ཤོར་ཡོད་ལབ་ན་ཉེས་པ་ཟེར་བ་ཞིག་ཡོད་གྱི་རེད་མ་གཏོགས། རབ་ཏུ་བྱུང་ཟེར་བ་དེས་་་་་་མི་རིགས་རྩ་དགག་བཅུག་པ་རེད་་་་་་་་་་་་་
སྐྱབས་མགོན་རྒྱལ་དབང་༡༤པས་་་་་༼་དེས་ན་ཁྱོད་ཚོ་ཕོ་གསར་མོ་གསར་ཚོས་ཧུར་ཐག་བྱས་ནས་བུ་ཕྲུག་བཟོས་ཤོག་་་་ཨ་་་་་ཧ་ཧ་ཧ་་་་་་་་་་་་་༽ཞེས་གསུངས་ཡོད་པ་ཡང་སྟོན་པ་ཐུགས་རྗེ་ཅན་ལགས་ལ་མ་རངས་པའི་བརྡ་ལན་ཞིག་སྤྲད་པ་མིན་ནམ་་་་་་་་་་་་་་་་་་་་་་་་་་་་་་
ཚང་མས་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ཡག་པ་འདུག་ག
གཏམ་ངན་གྱི་གྲགས་པ་ལ་འཛེམ་ནས་རང་གི་ཚོགས་སྡེའི་ཉེས་སྤྱོད་འགེབ་སྲུང་བྱེད་པ་ནི་བོད་མིའི་གོམས་གཤིས་ཡིན། གལ་སྲིད་གནས་ཚུལ་དེ་འདྲ་ཞིག་བཙན་བྱོལ་ནང་དུ་བྱུང་ཡོད་ན་ཚང་མས་ཧང་གསང་མདོག་གིས་ཡག་པོ་མིན་རབས་ཀྱི་ཁ་གཡང་སྒྲོག་ངེས་རེད། འདི་ནི་འདས་པའི་བྱུང་རབས་ལ་ཕྱིར་བལྟས་ན་གསལ་པོར་ཤེས་ངེས་རེད།
ནག་ཉེས་འགེབ་སྲུང་བྱེད་པ་ནི་ནག་ཅན་པ་ལས་ཀྱང་ཆེས་གདུག་པ་ཡིན།
དཔེར་ན། ཉེ་འཆར་ཁེ་ན་ཊར་ལོ་གསར་སྐབས་མི་བསད་དོན་རྐྱེན་བྱུང་ཡོད། འོན་ཀྱང་ནག་ཅན་པ་ད་དུང་རྩད་ཆོད་ཀྱིན་མེད། འདི་ནི་སུས་ཀྱང་མི་ཤེས་པ་དེ་འདྲ་མ་རེད། འོན་ཀྱང་འགེབ་སྲུང་བྱེད་པས་རེད། ཉེ་འཆར་གཤིན་པོའི་སྤུན་མཆེད་དང་ཉེན་རྟོག་པས་ནག་ཅན་པ་བརྩད་གཅོད་ཆེད་འབོད་སྐུལ་ཞུ་བཞིན་འདུག་ག
བཙན་བྱོལ་བས་གསུངས་བ་དངོས་གནས་རེད། གུས་ཞབས་ཡོད། དེ་མིན་གཞི་མེེད་ཀྱི་སྐྱོན་བརྗོད་བྱེད་མཁན་དང་དོན་དངོས་འཁྱོག་བྱེད་མཁན། སྐུར་འདེབས་པ་དང་ཉེས་ཅན་ལ་འགེབས་སྲུང་བྱེད་མཁན་ཚོར་དགའ་བསུ་མེད་ལ། ད་ནི་དེ་དགའཇམ་ལྷང་ལྷང་རེད། ཁོ་ཚོ་ལ་སྐྱོན་འདོགས་བྱེད་སའི་སྒྲུབ་བྱེད་པ་མ་རེག་པས་རེད། གནས་ལུགས་དང་བདེན་པ་ནི་ཅི་འདྲའི་དབང་བཙན་པ་ལ།
ཨོ་རེད། བོད་ཀྱི་ས་ཆ་དེའི་མི་མང་ཤོས་ཀྱིས་ཉེས་སྐྱོན་ཕོགས་པའི་བྱིས་བ་ལ་གདུང་སེམས་མཉམ་སྐྱེད་མེད་པ་དགོན་པ་ལ་བྱེད་ཀྱིན་འདུག་ཟེར། ཁོ་ཚོས་དགོན་པའི་མཚན་སྙན་བརླགས་པ་འདོད་ནས་ཞེད་སྣང་བྱེད་ཀྱིན་འདུག འོན་ཀྱང་། གནད་དོན་དེ་འདྲ་ཞིག་གིས་དགོན་པའི་མཚན་སྙན་བརླགས་སྲིད་དམ། མ་གཞི་གྲྭ་བས་བསད་པ་ལས་དགོན་པས་བསད་པ་མིན་པས་དེ་གཉིས་ཐ་དད་ཡིན་པས། ཉེས་ཅན་ལ་འགེབ་སྲུང་བྱེད་པ་ནི་སོ་སོ་ཉེས་ཅན་པར་ཆགས་པས། དགོན་པས་ཐག་གཅོད་ལེགས་པོ་ཞིག་མ་བྱས་ཤིང་དགོན་པ་དང་དེ་འགེབ་སྲུང་བྱེད་མཁན་གྱི་སྤྱི་ཚོགས་ཧྲུལ་བོ་ཉེས་ཅན་པ་ཆགས་ངེས་ཤིང་། དེ་བཞིན་བོད་པ་ཡོངས་ལ་ལྟ་སྟངས་ངན་པ་འབྱུང་སྲིད། རྒྱུ་མཚན་ནི། གནས་དེར་ཕྱོགས་རིས་ཁོ་ན་ལས་དྲང་བདེན་དང་འདྲ་མཉམ་ཟེར་བ་ཞིག་མེད་པས་རེད། གལ་སྲིད་དགོན་པས་ཐག་གཅོད་ལེགས་པོ་ཞིག་བྱས་ན་གནས་དེར་དྲང་བདེན་ཡོད་པས། དགོན་པའི་མཚན་སྙན་ལ་ཕན་པ་མ་ཟད་བོད་ཀྱི་སྤྱི་ཚོགས་ལའང་ཕན་མ་ཟད། མ་འོངས་བའི་མི་རབས་གསར་བ་ཚོར་མིག་དཔེ་ལེགས་པོ་བསྟན་པས། བོད་པ་ཡོངས་ལ་ཕན་ངེས་རེད། དེ་མིན་གོང་གི་གཞི་མེད་སྐྱོན་འཛུགས་བྱེད་མཁན་གྱི་ཚོ་ལྟར་ཡིན་ན། ཉེས་ཅན་ལ་འགེབ་སྲུང་བྱེད་མཁན་ཆགས་པས། སྤྱི་ཚོགས་ཧྲུལ་བོ་ཉེས་ཅན་པ་རེད།
ནོར་བཅོས།
ཨོ་རེད། བོད་ཀྱི་ས་ཆ་དེའི་མི་མང་ཤོས་ཀྱིས་ཉེས་སྐྱོན་ཕོགས་པའི་བྱིས་བ་ལ་གདུང་སེམས་མཉམ་སྐྱེད་མེད་པ་དགོན་པ་ལ་བྱེད་ཀྱིན་འདུག་ཟེར། ཁོ་ཚོས་དགོན་པའི་མཚན་སྙན་བརླགས་པ་འདོད་ནས་ཞེད་སྣང་བྱེད་ཀྱིན་འདུག འོན་ཀྱང་། གནད་དོན་དེ་འདྲ་ཞིག་གིས་དགོན་པའི་མཚན་སྙན་བརླགས་སྲིད་དམ། མ་གཞི་གྲྭ་བས་བསད་པ་ལས་དགོན་པས་བསད་པ་མིན་པས་དེ་གཉིས་ཐ་དད་ཡིན་པས། ཉེས་ཅན་ལ་འགེབ་སྲུང་བྱེད་པ་ནི་སོ་སོ་ཉེས་ཅན་པར་ཆགས་པས། དགོན་པས་ཐག་གཅོད་ལེགས་པོ་ཞིག་མ་བྱས་ཤིང་དགོན་པ་དང་དེ་འགེབ་སྲུང་བྱེད་མཁན་གྱི་སྤྱི་ཚོགས་ཧྲུལ་བོ་ཉེས་ཅན་པ་ཆགས་ངེས་ཤིང་། དེ་བཞིན་བོད་པ་ཡོངས་ལ་ལྟ་སྟངས་ངན་པ་འབྱུང་སྲིད། རྒྱུ་མཚན་ནི། གནས་དེར་ཕྱོགས་རིས་ཁོ་ན་ལས་དྲང་བདེན་དང་འདྲ་མཉམ་ཟེར་བ་ཞིག་མེད་པས་རེད། གལ་སྲིད་དགོན་པས་ཐག་གཅོད་ལེགས་པོ་ཞིག་བྱས་ན་གནས་དེར་དྲང་བདེན་ཡོད་པས། དགོན་པའི་མཚན་སྙན་ལ་ཕན་པ་མ་ཟད་བོད་ཀྱི་སྤྱི་ཚོགས་ལ་ཕན་ཞིང་། དེས་མ་འོངས་བའི་མི་རབས་གསར་བ་ཚོར་མིག་དཔེ་ལེགས་པོ་ཞིག་བསྟན་པས། བོད་པ་ཡོངས་ལ་ཕན་ངེས་རེད།
བོད་ཕྱི་ནང་ཟེར་བ་ཞིག་མེད་པ་རེད། བྱིས་པ་གཡོག་བཀོལ་གྱིས་ལུས་སེམས་ཀྱི་མནར་གཅོད་བྱ་བ་ནི་ཕྱི་སྡོད་བོད་མིའི་ནང་ན་ཡང་ཚབ་ཆེན་རེད། དེ་ལུགས་ངས་བལ་ཡུལ་གྱི་བོད་མིའི་བྱིས་པ་གཡོག་ནག་ཏུ་བཀོལ་བ་ཞེས་པའི་རྩོམ་ཡིག་ཏུ་བོད་མི་ཁྱིམ་ཚང་ཞིག་གིས་ཡུལ་མིའི་བྱིས་པ་ཞིག་གཡོག་བཀོལ་བྱེད་སྟངས་བྲིས་ནས་ཁ་བརྡ་དྲ་བ་འདིར་བཀོད་མྱོང་། ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པས་མི་ཞིག་གི་ལུས་ལ་བྱེ་མ་འབྲུ་གཅིག་གིས་བརྡེག་ན་ཡང་འདུལ་ཁྲིམས་དང་འགལ་ཚུལ་གྱི་ཕྱག་ལེན་དོག་པོ་མཛད་ཡོད། འདུལ་བའི་ཁྲིམས་ཞིབ་མོ་དེ་ཚོར་ཡང་མིའི་ལུས་ཐོག་ལ་མནར་གཅོད་བརང་ནས་ལན་ལ་འཇུག་དགོས་ཚུལ་གཏན་ནས་འཁོད་མེད། བོད་དུ་མི་ལ་རས་པ་སོགས་ཀྱི་རྣམ་ཐར་ན་དགེ་རྒན་གྱིས་དགེ་ཕྲུག་ལ་ལུས་ཐོག་གི་མནར་གཅོད་བཏང་བ་དེ་དག་གི་དགེ་མཚན་གྱི་ཕྱོགས་ནས་བལྟས་ཏེ་གླེང་བ་ནི་སྐབས་དེའི་ཡུལ་དུས་གང་ཟག་གནས་བབ་དང་མཐུན་པ་ཞིག་ལས་དེང་དུས་སུ་གཏན་ནས་རན་པ་ཞིག་མིན། ཡུལ་སྲོལ་ངན་པས་ཆོས་ལུགས་བཟང་པོ་འདི་ལ་བཙན་གཡེམ་བྱས་ནས་ད་དུང་ཡང་བྱིས་པར་མནར་གཅོད་གཏོང་སྲོལ་ཉམས་ཐུབ་མེད་པ་ཧ་ཅང་སྐྱོ། ངས་ཉེ་སྔོན་རང་ལ་ཕ་ཡུལ་གྱི་མི་དང་ལྷན་དུ་དུང་ཡང་ཕ་ཡུལ་ན་དགེ་རྒན་གྱིས་དགེ་ཕྲུག་གི་ལུས་ཐོག་ལ་མནར་གཅོད་གཏོང་སྲོལ་ཡོད་ཚུལ་སྐོར་ལས་གླེང་མོལ་རིང་པོ་བྱས། འཛམ་གླིང་འཁྲུགས་ཆེན་གཉིས་པའི་རྗེས་ནས་འདི་རིགས་བཀག་སྡོམ་དམ་དྲག་བྱེད་སྲོལ་བྱུང་ནས་སྤྱི་ཁྲིམས་སུ་གྱུར་ཡོད་པས་འདི་རིགས་ལ་གཟབ་ནན་དགོས་པ་གལ་ཆེན་པོ་རེད།
ཆོས་འདུལ་བའི་ལུགས་ལྟར་ན། གྲྭ་བ་གཅིག་གིས་མི་མི་བསད་པ་ལ་གྲྭ་བ་ཡོངས་རྫོགས་ཀྱིས་དེ་ལ་རྗེས་སུ་ཡི་རངས་བགྱིས་ན་གྲྭ་བ་ཡོངས་རྫོགས་ལ་སྲོག་གཅོད་ཀྱི་ཕམ་པ་འབྱུང་བ་ཡིན། གལ་སྲིད་ཨ་ནུ་ཐང་གིས་བྲིས་པ་བཞིན་དུ་ས་གནས་དེར་གྲྭ་བ་གཅིག་གིས་དགེ་ཕྲུག་བསད་པ་ལ་དགོན་པས་མི་གསོད་མཁན་དེར་སྲུང་སྐྱོབ་བྱས་ན་དགོན་པ་དེའི་གྲྭ་བ་ཚང་མའི་སྡོམ་ཁྲིམས་རྩ་བརླགས་འགྲོ་བའི་ཉེན་ཁ་ཡོད།
ད་སུ་ཇ་སློབ་གྲྭར་རྒན་བདག་གིས་དགེ་ཕྲུག་བསད། བཞག་སྡོམ་དུ་དགེ་རྒན་གྱིས་དགེ་ཕྲུག་བསད། རྒྱལ་བ་རིན་པོ་ཆེས་གསུངས་པ་བཞིན་རྒྱ་མི་ཆོས་གྲོགས་རྒན་པས་བོད་ཆོས་གྲོགས་གཞོན་པ་ལ་བཙན་འཛུལ་བྱས། བོད་མི་སྐྱབས་བཅོལ་བ་ཁ་སྟབས་དྲག་པ་ཚོས་རྒྱ་བལ་གྱི་བྱིས་པ་གཡོག་ནག་ཏུ་བཀོལ། ད་ཡིན་ན་བཙན་བྱོལ་ནང་ན་འབུ་ཆེས་ཆུང་ཟོས་ཟེར་བའི་གཏམ་དཔེ་དེ་གང་ས་གང་ལ་སྦྱར་ས་མང་གི
དངོས་གནས། སྤོབས་མཚོག་མཐའ་ཡས་ལགས། ཁྱེད་ཀྱིས་བལ་ཡུལ་་གྱི་བྱིས་བ་གཡོག་ཏུ་བཀོལ་སྟངས་ཀྱི་རྩོམ་ཡིག་ཁ་བརྡའི་ནང་དུ་བཀོད་མྱོང་ཡོད་ན། རྙེད་སོན་བྱུང་ཚེ་དྲ་ཐག་འདིའི་འོག་ཏུ་བཀོད་རོགས་གནང་། ཐུགས་རྗེ་ཆེ།
གནས་ཚུལ་དངོས་གནས་ཡིན་མིན་མི་ཤེས་ཏེ། མཆན་སྙན་པོ་དེ་འདྲ་བཏབས་འདུག
དངོས་གནས་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད། ཉེ་བའི་ལོ་འགའི་སྔོན་དུ་བེལ་ཀོལ་གཞིས་དགོན་ཞིག་ཏུའང་དེ་དང་ཚུལ་མཚུངས་ཀྱི་གནས་ཚུལ་ཞིག་བྱུང་ཡོད་པ་ཐོས་མྱོང་ལ། ད་དུང་ཡུལ་ལུང་གཞན་དག་ནའང་གནས་ཚུལ་དེ་འདྲ་བྱུང་དང་འབྱུང་བཞིན་ཡོད་ཚུལ་འདུག་པས། ཤེས་ལྷག་དབང་འཇོན་ལྡན་པ་རྣམས་ཀྱིས་ཕྱིས་ནས་དེ་འདྲའི་གནས་ཚུལ་གྱི་རིགས་མི་འབྱུང་བའི་སློབ་གསོ་དང་། ཐབས་ཇུས་གང་ལེགས་སྤེལ་དགོས་གལ་ཆེ། མི་ཆུང་ངག་ནས་ཚིག་རྒན་བཏོན་ན་དྲྭ་གྲོགས་ཚོའི་སྣང་བར་མི་འགྲོ་ནའང་ཐང་མོད། སྤྱིར། དགོན་པའི་བླ་མ་དང་། དགེ་བསྐོས། གཉེར་པ། དགེ་རྒན་ཞེས་པའི་ལས་འགན་དེ་དག་ནི། ཆོས་ལ་ཐོས་བསམ་བསྒོམ་གསུམ་གཤའ་མ་ཞིག་བྱས་ཏེ་རང་རྒྱུད་གང་འཚམས་བཅོས་པའི་གང་ཟག་ག་གེ་མོ་ཞིག་གིས་བསྒྲུབ་འོས་པའི་བྱ་བ་འབའ་ཞིག་ཡིན་པ་མ་གཏོགས། ཚུལ་དེ་ལས་ལྡོག་པའི་སྐྱེ་བོ་ཐ་ཤལ་བ་གང་ཞིག་ལས་གནས་དེ་དང་དེར་བསྐོས་ཚེ། རང་གཞན་གཉིས་ཀ་ཕོང་བའི་རྒྱུ་རུ་འགྱུར་ཚབས་ཆེ་ཚུལ་སོགས་བཀའ་གདམས་ཕ་ཆོས་དང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་གདམས་སོགས་སུའང་ཡང་ནས་ཡང་དུ་གསུངས་ཡོད་པ་ནི་ཚང་མས་གཟིགས་ཤས་ཆེ། དེ་ལྟ་ནའང་། ད་ནི་འགྲོ་བའི་བསོད་ནམས་སྙིགས་པའི་དུས་གཤམ་ཞིག་བསླེབས་ཟིན་པས། ད་ལྟའི་དུས་ན་དགོན་པའི་བླ་མ་དང་། ཆོས་དགེ་སོགས་ཀྱི་གོ་གནས་དག་ཏུའང་དམ་པའི་ལྷ་ཆོས་ཀྱི་གོས་རྒྱན་རླུང་ལ་བསྟབས་ཤིང་། ཡ་རབས་མི་ཆོས་ཀྱི་སྐ་རེགས་ཆུ་ལ་བསྐྱུར་ཟིན་པའི་ཟོག་དྲེད་དང་ཐོ་ཅོའི་སྤྱོད་པ་ཅན་མི་ཉུང་བ་ཞིག་འགྱིང་ཞིང་རྒྱུ་བཞིན་ཡོད་པ་རེད། གནས་ཚུལ་འདི་རིགས་སྔོན་འགོགས་དང་། རྩལ་སྤྲུགས་བགྱི་མ་ཐུབ་ཚེ་རྒྱལ་བསྟན་ཉམས་དམས་སུ་འགྲོ་བ་དང་། རང་གཞན་འདི་ཕྱིར་སྡུག་ལ་སྦྱོར་བའི་ཉེ་ཁ་ཧ་ཅང་ཆེ་སྟབས། མགོན་པོ་ཀླུ་ཡི་ཞལ་ནས་ཀྱང་། དགེ་སློང་རྣམས་ལ་དབང་བྱེད་བདག་པོ་དང་།།གནས་བརྟན་ལས་བྱེད་པ་དང་ནང་ཁྲིམས་པ།།དགེ་བསྐོས་གཙང་སྦྱོར་བ་དང་དམ་བཞག་པ།།གང་ཟག་ལས་བྱེད་རྣམས་སུ་བདག་མི་སྐྱེ།།ཞེས་ཀྱང་གསུངས་ཡོད། གང་ལྟར་དེ་འདྲའི་རིགས་ལ་རང་གཞན་སུས་ཀྱང་གཟབ་རྒྱུ་གལ་ཆེན་པོ་མ་རེད་དམ།