བོད ལྷ་ཀླུ་གཉན་གསུམ།
ལོ་སར་མེད་ལ་གོས་གསར་དེ་བས་མེད།།
རྒྱལ་ཁབ་མེད་ལ་ཐུགས་སྤྲོ་དེ་བས་མེད།།
རྩམ་པ་མེད་ལ་འོ་ཇ་དེ་བས་མེད།།
རང་ཡུལ་མིན་པས་ལོ་འདི་ནམ་ཞིག་རྫོགས།།
ཡུལ་དུ་གྱར་ནས་མི་ལོ་ལྔ་བཅུ་འདས།།
མི་ལོ་ལྔ་བཅུའི་རིང་དུ་རང་ཡུལ་དྲན།།
དྲན་པའི་སྔ་དགོང་ཀུན་དུ་བོད་ལ་བལྟས།།
བོད་ཀྱི་སྨྲེ་སྔགས་གསན་ནས་མིག་ཆུ་ཤོར།།
ལོ་རེ་སླེབས་དུས་ཚེ་ཐག་ཇེ་ཐུང་རེད།།
མི་རེ་ཤི་བའི་སྔ་ལྟས་ཤར་བཞིན་ཡོད།།
མི་གྲངས་ཉུང་བའི་བོད་ཀྱི་མི་རིགས་འདི།།
ཚར་འགྲོ་བསམ་ན་དེ་བས་སེམས་པ་སྐྱོ།།
ལོ་གསར་སླེབས་དུས་མ་ཅང་རྩེད་མཁན་མང་།།
ལོ་གསར་སླེབས་དུས་ཆང་འཐུང་རྙོག་དྲ་མང་།།
ལོ་གསར་སླེབས་དུས་བུ་རྒོད་སྟག་ཤར་མང་།།
ལོ་གསར་སླེབས་དུས་བོད་ཡུལ་བརྗེད་མཁན་མང་།།
ད་ནི་ལོ་གསར་འདི་འདྲ་མི་དགོས་སོ།།
ལོ་གསར་བྱེད་དགོས་ཟེར་ན་བོད་དུ་འགྲོ།
བོད་ཡུལ་ཁ་བ་ཅན་ལ་སླེབས་ཉིན་ནས།།
སྣང་བ་སྐྱིད་པོའི་སྒོ་ནས་ལོ་གཅིག་གསར།།
ཕ་ཡུལ་ཕྱོགས་སུ་བལྟས་བལྟས་གཉིས་ཀས་ད་ནི་མིག་གི་དབང་བོ་ཉམས་ལ་སླེབས། །
རྒྱ་ནག་གཞུང་ལ་ངོ་དགའ་བྱས་བྱས་གཉིས་ཀས་ད་ནི་ཁ་ལྕེ་ལྐུགས་ལ་ཉེ། །
དྷ་སའི་ཕྱོགས་ནས་རྙོག་དྲ་གོ་གོ་གཉིས་ཀས་ད་ནི་རྣ་བའི་བུ་ག་འགགས། །
ད་ནི་རང་གི་ཕ་ཡུལ་སླེབས་ཀྱང་བེད་སྤྱོད་མེད་པར་གྱུར་འདུག་རྩམ་དགའ་ང་། །
བོད་རིགས་ཉུང་བའི་སྐྱོན་ཡོད།
བོད་རིགས་
མིག་ཉམས་ཉུང་བའི་སྐྱོན།
བོད་མི་
ཁ་ལྐུགས་ཉུང་བའི་སྐྱོན།
བོད་པ་
རྣ་འགགས་ཉུང་བའི་སྐྱོན།
རྩམ་དགའ་
བོད་ན་ཉུང་བའི་སྐྱོན།
བོད་རིགས་མ་ཤིའི་ལོ་ནི་གཅིག་ཀྱང་མེད། །གཞན་ཡུལ་གྱལ་བ་དེ་རིང་བྱུང་བ་མིན། །བཙོན་པའི་གྲངས་ཀྱང་དྲུག་ཅུའི་ལོ་ལས་ཉུང་། །ཐུགས་ཁྲལ་མ་བྱེད་སྙིང་སྟོབས་ལྷག་པར་སྐྱེད། །གཅིག་ཆོག་གཙུག་རྒྱན་ཁམས་བཟང་ཞབས་པད་བརྟན། །ཆོས་དང་རིགས་གཞུང་ཉམས་པ་སླར་སོར་ཆུད། །ཆེ་ཆུང་ཀུན་ཀྱིས་བོད་གླེང་དེ་དོན་གཉེར། །བློ་ཕམ་མི་དགོས་ཐུགས་སྟོབས་བསྐྱེད་རེ་རན། །སྡུག་བསྔལ་གདོང་ལེན་ནུས་པའི་སྙིང་སྟོབས་དང་། །ཕྱི་ནང་རྐྱེན་ཀྱིས་མི་འཇིག་དམ་བཅའ་དང་། །བདུན་ལམ་ཕྲ་ཞིབ་འབྱེད་པའི་ཤེས་རབ་དང་། །ལྷག་བསམ་མངོན་དུ་འགྱུར་བའི་ཐབས་ལ་འབོད། །སྡུག་པོ་སྔོན་ཆད་མྱོང་པ་དེས་ཆོག་གིས། །དགྲ་དགའ་གཉེན་སྡུག་བྱ་བ་སྟོང་ཡང་རུང་། །ལྷག་བསམ་མཐུན་སྒྲིལ་སྤྱང་གྲུང་འཛོམས་པ་ཡི། །བློ་གྲོས་སྙིང་སྟོབས་ཤི་ཡང་འདོར་མི་བྱ། ། ལོ་གསཪ་དགའ་སྡུག་ཅི་འདྲ་གླེང་ནའང་། །ཀུན་གྱིས་སྙིང་ལ་བསྣག་པ་གཅིག་ཁོ་ན། །ལེགས་དང་ཉེས་པའི་ལ་ཤན་མ་ཡིན་པའི། །ཐུགས་རྗེ་ཆེ་ཞེས་སོར་བཅུ་སྙིང་གར་སྦྱོར། །
སྙན་པོ་ཞེ་དྲག་བྲིས་འདུག་ཐུགས་རྗེ་ཆེ།