(བོད་རང་དབང་ལས་འགུལ་བ་ལྷག་པ་ལགས་སུ་བཅར་འདྲི།
བཅར་འདྲི་བྱེད་མཁན་། རིག་འབྱུང་དོན་གྲུབ་བཀྲ་ཤིས།)
༡ ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། ངའི་མིང་ལ་ལྷག་པ་ཟེར། ང་བཙན་བྱོལ་དུ་སྐྱེས་བ་རེད། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས། ངའི་ཕ་མ་གཉིས་ཀྱང་སྐྱབས་བཅོལ་ལ་ཕེབས་དགོས་ཐུག་པ་རེད། དེ་དུས། ང་ངའི་ཨ་མའི་མངལ་དུ་ཡོད་པ་རེད་ཟེར། ཨ་མ་ལགས་བཙན་བྱོལ་ལ་འབྱོར་ནས་ཡུན་རིང་མ་ཕྱིན་པར་ང་སྐྱེས་བ་རེད། ང་སྐྱེས་ནས་ཟླ་ངོ་དྲུག་ཕྱིན་པའི་རྗེས་སུ། ངའི་ཨ་མ་ལགས་སྐུ་གྲོངས་བ་རེད། ངེད་སྤུན་མཆེད་ཚོར་ཨ་མ་མེད་པ་ཆགས་པ་རེད། ངའི་པ་ལགས་ཀྱི་གནས་སྟངས་ཀྱང་དེ་དུས་ཧ་ཅང་སྐྱོ་བོ་རེད། དེར་བརྟེན། ཁོང་གིས་ངེད་སྤུན་མཆེད་བདུན་པོ་བུ་གསོ་ཁང་ལ་བསྐྱལ་བ་རེད། དེའི་རྗེས་སུ་ངའི་པ་ལགས་ཀྱང་སྐུ་གྲོངས་བ་རེད། ངེད་སྤུན་མཆེད་ཚང་མ་དྭ་ཕྲུག་ཆགས་པ་རེད། གལ་སྲིད་རྒྱ་ནག་གིས་བོད་བཙན་བཟུང་བྱས་མེད་ན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་ཐུག་གི་མ་རེད་ལ་དྭ་ཕྲུག་ཀྱང་ཆགས་ཡོད་ཀྱི་མ་རེད། དེ་ག་ནང་བཞིན། བོད་པའི་ནང་མི་མང་པོ་ང་ཚོའི་ནང་མི་ནང་བཞིན་ཕ་མ་དང་བུ་ཕྲུག་ཡ་བྲལ་ཏུ་ཕྱིན་ཡོད་པ་རེད། ངས་ད་ལྟ་ཡང་ཕ་མ་མེད་པའི་འཚར་ལོངས་ཀྱི་གནས་སྟངས་དེ་ཚོ་དྲན་གསོས་ཀྱི་འདུག ཡིན་ན་ཡང་། བུ་གསོ་ཁང་གི་བྱམས་སྐྱོང་ལ་བརྟེན་ནས། ང་ཚོར་ཁ་ལག་དང་གྱོན་པ། སྡོད་ཁང་། ཤེས་ཡོན་སོགས་ཚང་མ་རག་པ་རེད། བུ་གསོ་ཁང་མེད་ན། དེ་རིང་ང་གསོན་པོར་བསྡད་ཡོད་མེད་ཀྱང་བརྗོད་དཀའ། ང་སློབ་མཐར་ཕྱིན་རྗེས། བོད་རང་དབང་གི་ལས་འགུལ་མང་པོའི་ནང་དུ་ཞུགས་པ་ཡིན། བལ་ཡུལ་དུ་བོད་ཁྱིམ་གྱི་སློབ་ཟུར་ཁོངས་སུ་འཛུལ་ནས་ལོ་ངོ་དྲུག་ལྷག་གི་རིང་ལ་སློབ་གྲ་ཁག་དང་བོད་དོན་གྱི་ལས་གྲ་སོགས་ཀྱི་ཆེད་དུ་དང་བླངས་ཞབས་ཞུ་ཞུས་བ་ཡིན། ཕྱི་ལོ་༡༩༩༥ལོར་ང་ཨ་རིར་སླེབས་པ་རེད། ཕྱི་ལོ་༡༩༩༦ལོར་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་ནས་ནེའུ་ཡོག་བར་དུ་ཟླ་ངོ་གསུམ་གྱི་རིང་བོད་དོན་ཞི་བའི་གོམ་བགྲོད་ལ་ཞུགས་པ་ཡིན། ཕྱི་ལོ་༡༩༩༨ལོར་བསྐྱར་དུ་ཕོར་ཁྲི་ལན་ཀྲི་ནས་བན་ཁོ་བུར་བར་དུ་ཟླ་ངོ་གསུམ་རིང་གི་བོད་དོན་ཞི་བའི་གོམ་བགྲོད་ལ་ཞུགས་པ་ཡིན། ད་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་། འཛམ་གླིང་གི་རྒྱལ་ཁབ་ཁག་༢༢ཙམ་ལ་བོད་དོན་ཆེད་སྐོར་བསྐྱོད་བྱེད་རྒྱུའི་ལས་འགུལ་འདི་བརྩམས་པ་ཡིན།
༢ འཛམ་གླིང་གི་རྒྱལ་ཁབ་ཁག་༢༢ཙམ་ལ་བོད་དོན་སྐུལ་སློང་གི་ཆེད་དུ་སྐོར་བསྐྱོད་བྱེད་རྒྱུའི་ཐོག་མའི་བསམ་བློ་དེ་ཇི་ལྟར་འཁོར་བ་ཡིན་ནམ།
ལན། ང་རང་བུ་གསོ་ཁང་ལ་སྡོད་པའི་སྐབས་སུ། དབྱིན་ཇི་སྦག་སྦག་གཏོང་མཁན་དེ་འདྲ་མང་པོ་མཐོང་མྱོང་། དེ་དུས་ནས་། ངའི་སེམས་ལ་མ་འོངས་བར་། ངས་སྦག་སྦག་བཏང་ནས་འཛམ་གླིང་ལ་བོད་དོན་ཁྱབ་བསྒྲགས་དང་བོད་དོན་ལ་རྒྱབ་སྐྱོར་འཚོལ་ཐུབ་ན་བསམ་པའི་རྨི་ལམ་དེ་ཡོད། རྨི་ལམ་དེ་ལོ་མང་པོར་སེམས་ལ་ཉར་བསྡད་པ་ཡིན། ད་ལོར་གཞི་ནས་རང་གི་ཆུང་ངུའི་དུས་ཀྱི་རྨི་ལམ་དེའི་སྒང་ལ་གོམ་པ་རྒྱག་རྒྱུའི་གོ་སྐབས་བྱུང་སོང་།
༣ འཛམ་གླིང་གི་རྒྱལ་ཁབ་༢༢ཙམ་ལ་བོད་དོན་ཆེད་སྐོར་བསྐྱོད་བྱེད་རྒྱུ་དེ་རླབས་ཆེན་ཡིན་པ་ནི་བརྗོད་མ་དགོས་བ་ཞིག་རེད། འོ་ན། ཁྱེད་རང་ལ་སྐོར་བསྐྱོད་ཀྱི་འགྲོ་སོང་དེ་ཚོར་གང་ནས་རག་གི་ཡོད་དམ།
ལན། འགྲོ་སོང་དེ་ཚོ་གཙོ་བོ་ང་རང་སྒེར་ངོས་ནས་གཏོང་གི་ཡོད། ད་ཕན་སྐོར་བསྐྱོད་འདིའི་ཆེད་དུ་ང་རང་གིས་ཨ་རིའི་སྒྲོ་ལོ་སྟོང་ཕྲག་སུམ་ཅུ་ཙམ་བཏང་ཚར། དེ་ནས་ཞོར་ལ། ཨ་རི་དང་ཁ་ཎ་སྒྲའི་ནང་གི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཚང་མར། འགྲོ་ཐུབ་རྒྱུའི་ས་ཁྲ་བཟོས་ཡོད། བོད་མི་ཚོའི་རྩ་ནས་ཀྱང་ཞོར་ལ་ཞལ་འདེབས་ཆུང་ཙག་རེ་རག་གི་རེད་བསམ་གྱིན་ཡོད། གཙོ་བོ་འགྲོ་སོང་ཚང་མ་སྒེར་ངོས་ནས་གཏོང་གི་ཡོད།་ རྒྱལ་ཁབ་གཞན་གྱི་མི་མང་རྣམས་ལ་བོད་དོན་ཁྱབ་བསྒྲགས་དང་སྐུལ་སློང་བྱེད་རྒྱུ་ཧ་ཅང་གལ་ཆེར་མཐོང་ནས་ལས་འགུལ་འདི་སྤེལ་འགོ་ཚུགས་པ་ཡིན།
༤ བོད་མི་སྒེར་བ་རེ་རེའི་ངོས་ནས་དང་བླངས་སྒོས་བོད་དོན་ཆེད་ལས་འགུལ་སྤེལ་བ་ཡིན་ན། བོད་ཀྱི་གནད་དོན་འདི་མགྱོགས་པོར་སེལ་ཐུབ་རྒྱུ་རེད་དགོངས་ཀྱི་འདུག་གམ།
ལན། དེ་ཡིན་དང་ཡིན། བོད་མི་སྒེར་བ་རེ་རེས་དང་བླངས་ཀྱི་སྒོ་ནས། བོད་དོན་ལ་ཕྱག་ལས་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཁྱེད་ཀྱིས་མ་སྐུལ་དང་བླངས་ཀྱིས་བོད་དོན་ཆེད་ཕྱག་ལས་གནང་། ངས་ཀྱང་ལས་འགུལ་སྤེལ། ཁོང་གིས་ཀྱང་དེ་ལྟར་གནང་བ་ཡིན་ན། བོད་ཀྱི་དཀའ་ངལ་མགྱོགས་པོར་སེལ་ཐུབ་རྒྱུ་རེད། དེ་རིང་སང་ཉིན་བོད་དོན་འདི་ཧ་ཅང་ཉག་ཕྲ་བའི་གནས་སྟངས་ཤིག་གི་འོག་ལ་ལྷུང་ནས་ཡོད་ཙང་། ཚང་མས་མ་སྐུལ་དང་བླངས་ཀྱི་སྒོ་ནས་མཉམ་རུབ་བྱེད་རྒྱུ་འདི་གལ་ཆེན་པོ་རེད། ང་རང་སྒེར་ལ་མཚོན་ན་ཡང་། སྐོར་བསྐྱོད་དང་མཉམ་དུ་ཚགས་པར་དང་བརྙན་འཕྲིན་། རླུང་འཕྲིན་ལས་ཁུངས་སོགས་ལ་འབྲེལ་བ་བྱས་ནས་གང་ཐུབ་ཐུབ་ཀྱིས་བོད་དོན་ཆེད་སྐུལ་སློང་དང་ཁྱབ་བསྒྲགས་བྱེད་ཀྱི་ཡིན། མདོ་དོན། བོད་མི་སྒེར་བ་རེ་རེའི་ངོས་ནས་བོད་དོན་གྱི་སེམས་ཤུགས་མ་བརླགས་པར་ལས་འགུལ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
༥ བོད་ཀྱི་དཀའ་ངལ་སེལ་ཐབས་ལ་ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་དེ་གལ་ཆེ་ཆུང་ཅི་ཙམ་རེད་དགོངས་ཀྱི་འདུག
ལན། ཕྱིའི་རྒྱལ་ཁབ་ཁག་གི་མི་མང་ལ་བོད་དོན་ཐད་ནས་སྐུལ་སློང་ཡག་པོ་བྱེད་ཐུབ་པ་ཡིན་ན། མི་མང་གིས་སོ་སོའི་ས་གནས་དང་མངའ་སྡེའི་གྲོས་ཚོགས་དང་གཞུང་གི་འགོ་འཁྲིད་ཚོར་བརྒྱུད་སྐུལ་བྱེད་ཐུབ་ཀྱི་རེད། མི་མང་ཇི་ཙམ་མང་བས་བརྒྱུད་སྐུལ་བྱེད་ཐུབ་པ་ཡིན་ན་། དེ་ཙམ་གྱིས་གཞུང་གི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་དང་རོགས་རམ་རག་ཐུབ་ཀྱི་རེད་འདོད། ལྷག་པར་དུ། དེ་རིང་སང་ཉིན་གྱི་། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་འགྱུར་བ་འཁྲུགས་པོ་འདིའི་ནང་དུ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་བོད་དོན་མ་བརླགས་པར་མུ་མཐུད་དུ་གནས་ཐུབ་པ་ལ་། ཕྱིའི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་དང་རོགས་རམ་འདི་གལ་ཆེན་ཆགས་འདུག
༦ ཁྱེད་རང་གི་བོད་དོན་ཆེད་འཛམ་གླིང་སྐོར་བསྐྱོད་འདི་དང་འབྲེལ་ནས། བོད་མི་ཚོར་འབོད་སྐུལ་ཞུ་རྒྱུ་ཡོད་དམ།
ལན། བོད་མི་ལོ་ཆུང་བ་ཚོས་བོད་དོན་ལ་ཐུགས་སྣང་དང་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་རིང་སང་ཉིན་གྱི་གནས་སྟངས་དེ་སྔོན་མ་ལོ་བཅུ་བཅོ་ལྔའི་གནས་སྟངས་དང་འདྲ་གི་མ་རེད། དེ་རིང་སང་ཉིན། གློག་ྐླད་དང་སྐུད་ལམ། དྲ་ཚིགས་སོགས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་དུས། འཕྲུལ་རིག་གི་མཐུན་རྐྱེན་དེ་ཚོ་བེད་སྤྱོད་བཏང་ནས་བོད་དོན་ཁྱབ་བསྒྲགས་དང་བོད་དོན་ཆེད་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད། དཔེར་ན། ངོ་དེབ(Facebook)་དང་(Twitter) ཟེར་བ་དེ་ཚོ་བརྒྱུད་ནས་ཀྱང་བོད་དོན་གཞན་ལ་བོད་དོན་ངོ་སྤྲོད་དང་ཁྱབ་བསྒྲགས་མང་པོ་བྱེད་ཐུབ་ཀྱི་རེད། དེར་བརྟེན། ལོ་ཆུང་བ་དེ་ཚོས་འཕྲུལ་རིག་གི་མཐུན་རྐྱེན་དེ་ཚོ་བོད་དོན་ཆེད་བེད་སྤྱོད་གཏོང་རྒྱུ་གལ་ཆེན་པོ་རེད་འདོད།
བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།
(ཞོར་འཕྲོས། བོད་དོན་ལས་འགུལ་བ་ལྷག་པ་ལགས་ཀྱི་སྒེར་གཉེར་དྲ་ཚིགས་འདི་རེད། (http://freetibetworldtour.com/)
དྲ་ཚིགས་འདི་བརྒྱུད་ནས་ཁོང་གི་ཉིན་རེའི་ལས་འགུལ་ཁག་ྐློག་ཐུབ་པ་མ་ཟད་ཁོང་ལ་རྒྱབ་སྐྱོར་ཡང་གནང་ཐུབ་ཀྱི་འདུག )
བྱ་བ་རླབས་ཆེན་རེད། ཐུགས་རྗེ་ཆེ་ཞུ། སེམས་འགུལ་ཐེབས་པ་འདུག
བྱ་བ་རླབས་ཆེན་རེད། སེམས་འགུལ་ཐེབས་པ་འདུག ཁོང་ལ་ཐུགས་རྗེ་ཆེ་ཞུ། །
བྱ་བ་རླབས་ཆེན་རེད། སེམས་འགུལ་ཐེབས་པ་རེད། ཁོང་ལ་ཐུགས་རྗེ་ཆེ་ཞུ།
རྒྱལ་ཞེན་ལྷག་བསམ་གྱིས་ཕྱུགས་པའི་བོད་མི་ལྷག་པ་ལགས་པ་ཐུགས་རྗེ་ཆེ་ཞུ། ཁྱོད་ཀྱི་ལས་འགུལ་ལེགས་འགྲུབ་ཡོང་བ་དང་བགེགས་བར་ཅི་ཡང་མེད་པའི་སྨོན་ལམ་འདེབས།
རྒྱལ་གཅེས་པ་ལྷག་པ་ལགས་ཀྱིས། ་་་་བོད་མི་སྒེར་བ་རེ་རེས་དང་བླངས་ཀྱི་སྒོ་ནས། བོད་དོན་ལ་ཕྱག་ལས་གནང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ་་་། གསུང་འདི་ལ་བོད་མི་ཡོད་དོ་ཅོག་གིས་སློབ་སྦྱོང་དང་ཁ་མིག་ཡ་ལྟའི་ལག་ལེན་འཁེལ་ཐབས་ཡོང་རེ་ཞུ་བ་དང་ཆབ་ཅིག་རྒྱལ་ཞེན་ཅན་ལྷག་པ་ལགས་ཀྱི་བསམ་དོན་ལྷུན་གྱིས་གྲུབ་པའི་སྨོན་འདུན་དང་རྒྱལ་ཁབ་སོ་སོའི་ནང་གི་བོད་རིགས་མི་མང་ཚོས་འཚམས་འདྲི་ཟབ་རྒྱས་ཐོབ་རེའི་བོད་རིགས་མང་ཚོགས་ལ་རེ་བསྐུལ་བཅས།
ཐོག་མར་ཁོང་གི་བྱ་བ་རླབས་ཆེན་དེ་མཇུག་སྐྱོང་ལམ་ལྷོང་ཡོང་བར་སྨོན་འདུན་ཡོད། དེ་ནས་དྲི་བ་ཞིག་ནི། ཁོང་ལ་རྒྱལ་ཁབ་ཉེར་གཉིས་ལ་བསྐྱོད་ཆོག་པའི་ཐོངས་ཆེན་རེག་ཚར་འདུག་གམ། ཚར་ཡོད་ན་རྒྱལ་ཁབ་གང་གང་རེད། དེ་ངོ་སྤྲོད་ཅིག་བྱས་ན་འགྲིག་གི་ཡོད་ན་གསུང་རོགས་ཞུ།
བོད། ལྷ་ྐླུ་གཉན་གསུམ་ལགས།
ཁོང་ལ་རྒྱལ་ཁབ་ཚང་མར་ཐོངས་ཆེན་རག་ཡོད་མེད་ངེད་ཀྱིས་གསལ་བོ་ཞིག་མ་ཤེས། ཁ་སང་བཅར་འདྲི་བྱེད་དུས་དེ་གཏིང་བརྗེད་དུ་ཕྱིན་འདུག
ཁོང་གིས་གསུངས་གསལ་ལ། སྐོར་བསྐྱོད་འདིའི་ཆེད་དུ་གྲ་སྒྲིག་ཆ་ཚང་བྱས་ཚར་ཡོད་ཟེར། དེ་ཟེར་དུས། ཕལ་ཆེར་ཐོངས་ཆེན་གྱི་སྐོར་དེ་ཡང་བྱས་ཚར་ཡོད་ཀྱི་རེད་བསམ།
གཞན་། ངས་མི་ཤེས། བསྐྱར་དུ་ཁ་པར་བཏང་ནས་དྲི་བ་གཏོང་བར་ངེད་རང་བདེ་བོ་མི་འདུག ངོ་མས་ཡིན། ཁོང་ཧ་ཅང་བྲེལ་འཚུབ་རེད་འདུག
ཁོང་གི་སྐོར་བསྐྱོད་དེ་ཟླ་བ་བརྒྱད་ཀྱི་ནང་ཚུད་ལ་རེད། མཐའ་མའི་སླེབས་ས་དེ་རྒྱ་གར་རྡ་ལམ་ས་ལ་རེད།
སྐོར་བསྐྱོད་བྱེད་སའི་རྒྱལ་ཁབ་ཁག་དང་ས་གནས་ཚང་མ་ཁོང་གི་སྒེར་གཉེར་དྲ་བ་འདིའི་ཐོག་ན་གསལ་བོ་འདུག
འབྲེལ་ཐག་འདི་ནས་བལྟ་རོགས། http://freetibetworldtour.com/route/
རྒྱལ་གཅེས་ལྷག་བསམ་ཅན་ཁོང་ལ་སེམས་གཏིང་ནས་དཀའ་དྲིན་ཆེ་ཞུ་བ་དང་ལྷན་ཅིག བཀུར་འོས་རྣམ་དཔྱོད་ཅན་རིག་འབྱུང་དོན་བཀྲ་ཁོང་ལ་ཡང་གསར་འགྱུར་ཡག་པོ་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ།
ངོ་མས་བཤད་ན་སེམས་ཤུགས་ཆེ་ཐོག་སྒོར་མོ་མང་བོ་འདི་འདྲ་བོད་སྤྱི་བའི་དོན་ལ་བཏང་ཐུབ་མཁན་ཨ་རི་ན་དཀོན་ནི་རེད། ང་ཡང་འདིའི་གྲས་ཀྱི་གཅིག་ཡིན་གོ་་་དྲང་བོར་ཡིན་ད།
བཅར་འདྲི་འདིའི་བྱུང་རིམ་མདོར་བསྡུས་ཤིག་འདི་རུ་བརྗོད་འདོད་བྱུང་། རྒྱུ་མཚན། ངའི་སེམས་ན་ངོ་ཚ་ཞིག་ཡོད། ངོ་ཚ་དེ་ད་དུང་ཡང་མ་ཡལ་བར་ཡོད། བཅར་འདྲི་འདི་ངེད་ཀྱིས་ངོ་ཚ་གིན་ཚ་གིན་བྱས་བ་ཡིན། སེམས་འགྱོད་ཀྱིན་འགྱོད་ཀྱིན་བྱས་བ་ཡིན།
དང་པོ།
དེ་ནི་གཟའ་པ་སངས་ཀྱི་མཚན་མོ་རེད། བོད་རང་དབང་ལས་འགུལ་བ་ལྷག་པ་ལགས་ཉིན་་དེར་ཨ་རིའི་རྒྱལ་ས་ལྦ་ཤིན་ཀྲོན་ལ་འབྱོར་འདུག དེ་རུ་གནས་སྡོད་བོད་མི་འགས། ཁོང་ལ་སྣེ་ལེན་བྱས་འདུག མཚན་གྱི་ཆུ་ཚོད་བཅུ་བའི་གཡས་གཡོན་ཞིག་ཡིན། ངེད་ཀྱི་གྲོགས་མོས་ཁ་པར་སླེབས་སོང་། གྲོགས་མོས། “ཁྱེད་ལ་མི་ཞིག་ངོ་འཕྲོད་བྱེད་རྒྱུ་ཡོད། ཁོང་གི་མིང་ལ་ལྷག་པ་རེད། ཁོང་གིས་སྒེར་ངོས་ནས་བོད་དོན་ཆེད་ལས་འགུལ་སྤེལ་གྱི་ཡོད་རེད། ཁོང་བོད་ཁྱིམ་གྱི་སློབ་ཟུར་ཡང་རེད། ཁོང་དང་མཉམ་དུ་སྐད་ཆ་ཞིག་བཤད་རོགས་”ཟེར། ངེད་ཀྱིས་ལན་ཏུ། “མིན་མིན། ངས་སྐད་ཆ་བཤད་ཀྱི་མིན།” གྲོགས་མོར་བསྐྱར་དུ། “སྐད་ཆ་ཅུང་ཙམ་བཤད་རོགས། སང་ཉིན་གནངས་ཉིན་ཁོང་ཁྱེད་རང་སྡོད་སའི་ས་གནས་ལ་ཡོང་གི་རེད། དེ་རིང་སྐད་ཆ་ཅུང་ཙམ་བཤད་ན་ཡག་པོ་ཡོད་རེད་”ཟེར། ངེད་ཀྱིས་། “བསྐྱར་དུ། མིན་མིན། ངས་སྐད་ཆ་བཤད་ཀྱི་མིན་”ཞེས་ཨུ་ཚུགས་ཐུང་ཐུང་ཞིག་བརྒྱབ། གྲོགས་མོས་། “སྐད་ཆ་ཅུང་ཙམ་ཤོད་དང་སྐྱོན་ག་རེ་ཡོད་རེད་”ཟེར་བཞིན་ཟེར་བཞིན་ཁ་པར་ལྷག་པའི་ལག་ལ་བཞག། ཕན་ཚུན་ལ་མཚམས་འདྲི་ཞིག་དང་མཉམ་དུ་། གླེང་མོལ་གྱི་འགོ་ཚུགས། “དོན་གྲུབ་ལགས། བཀྲ་ཤིས་བདེ་ལེགས། ང་ལྷག་པ་ཡིན། ང་གཟའ་མིག་དམར་ཉིན་ཁྱེད་རང་སྡོད་སའི་ས་གནས་ལ་ཡོང་གི་ཡོད། དེ་རུ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཞིག་ཡོད། ཁྱེད་རང་ཡོང་ཐུབ་ན་ཡོང་རོགས་གནང་། ངས་ཁྱེད་ལ་ཁ་པར་བཏང་ནས་འབྲེལ་བ་བྱས་ཆོག” ངེད་ཀྱིས་། “ཡིན་དང་ཡིན། ཁྱེད་རང་ཕེབས་དང་ང་ཡོང་གི་ཡིན་”ཞེས་ཁ་ནས་ཤོར། ད་དུང་། ཁོང་གི་ཁ་པར་ཨང་གྲངས་དང་ཁོང་ཡོང་སའི་ས་གནས་ཀྱི་ཁ་པར་ཨང་གྲངས་གཉིས་ཀ་བླངས།
གཉིས་པ།
ཁ་པར་མཚམས་བཞག་རྗེས། བསྐྱར་དུ་བསམ་བློ་བཏང་། གཞི་ནས་ངོ་ཚ་དེ་སེམས་ལ་སླེབས།
ངོ་ཚ་དང་པོ་དེ། གྲོགས་མོས་སྐད་ཆ་ཤོད་ཟེར་དུས། སྐད་ཆ་བཤད་ཀྱི་མིན་ལབ་བཞིན་ཨུ་ཚུགས་ཐུང་ཐུང་ཞིག་བྱས་བ་དེར་ངོ་ཚ་དང་འགྱོད་པ་གཉིས་ཀ་བྱུང་། གླེན་རྟགས་ཆུང་ཆུང་ཞིག་བསྟན་ཚར་བ་དེར་ངོ་ཚ་བྱུང་། དེ་ལ་འགྱོད་སེམས་ཤིག་ཀྱང་སྐྱེས།
ངོ་ཚ་གཉིས་པ་དེ། ལྷག་པ་ལགས་ཁྱེད་རང་ཕེབས་དང་ང་ཡོང་གི་ཡིན་ཞེས་ཁས་ལེན་བྱས་བ་དེར་བྱུང་།
དེ་ལ་ངོ་ཚ་དང་འགྱོད་སེམས་གཉིས་ཀ་བྱུང་། གཟའ་མིག་དམར་ཉིན། ལྷག་པ་ལགས་ཡོང་ས་དེ་དང་ངེད་ཀྱི་སློབ་གྲའི་དབར་ན་རླངས་འཁོར་གྱིས་དུས་ཚོད་གཉིས་ལྷག་གི་བར་ཐག་ཡོད། གཟའ་མིག་དམར་ཉིན་ང་ལ་འཛིན་གྲ་ཡོད། ང་ལ་འཛིན་གྲ་མེད་པའི་དབང་དུ་བྱས་རུང་། ང་ལ་སྒེར་གྱི་རླངས་འཁོར་མེད། ང་ཚོའི་སློབ་གྲ་དང་ལྷག་པ་ལགས་ཡོང་སའི་ས་གནས་གཉིས་ཀྱི་དབར་ལ་སྤྱི་སྤྱོད་རླངས་འཁོར་ནི་མེད། གྲོགས་པོ་ཞིག་ལ་རླངས་འཁོར་གཏོང་རོགས་ལབ་ན། གྲོགས་པོར་ཡང་འཛིན་གྲ་ཡོད། ད་བྱས་དུས། ང་འགྲོ་ཐུབ་ཀྱི་མེད་པ་དེ་རེད། དེ་ལ་སེམས་གཏིང་ནས་ངོ་ཚ་ཞིག་དང་འགྱོད་སེམས་ཤིག་སྐྱེས། སོ་སོས་མི་ཐུབ་པ་དེ་ལ་ཁས་ལེན་ཤོར་བ་དེར་ངོ་ཚ་དང་འགྱོད་སེམས་གཉིས་ཀ་བྱུང་།
གསུམ་པ།
ངེད་ཀྱིས་བསྐྱར་དུ་བསམ་བློ་བཏང་། ངེད་ཀྱི་སེམས་ལ་བསམ་བློ་གསུམ་པ་ཞིག་འཁོར། ཁོང་གི་བོད་དོན་ཆེད་འཛམ་གླིང་སྐོར་བསྐྱོད་འདིའི་སྐོར་ལ་བཅར་འདྲི་ཞིག་བྱེད་ཐུབ་ན་ཡག་པོ་འདུག་བསམ་བྱུང་། བཅར་འདྲི་ཞིག་བྱས་ནས་བོད་རིགས་ྐློག་མཁན་ཚོའི་མདུན་ལ་འཇོག་ཐུབ་ན་ཡག་པོ་འདུག་དྲན་བྱུང་།
དེར་བརྟེན། གཟའ་སྤེན་པའི་ཕྱི་དྲོར་ཁོང་ལ་ཁ་པར་བཏང་ནས་བཅར་འདྲི་ཞིག་བྱེད་རྒྱུའི་ཆུ་ཚོད་ཡོད་དམ་ལབ་ནས་སྐད་ཆ་དྲིས་བ་ཡིན། དགོང་དྲོའི་དུས་ཚོད་བརྒྱད་པ་དང་དགུ་བའི་དབར་ལ་ཁ་པར་ཐོངས་དང་། ཡིན་དང་ཡིན་ཟེར། དུས་བཅད་ལྟར། དགོང་དྲོའི་དུས་ཚོད་བརྒྱད་དང་སྐར་མ་བཅུའི་སྟེང་ལ་བསྐྱར་དུ་ཁ་པར་བཏང་བ་ཡིན། ངེད་ཀྱིས་ཁོང་ལ་བཅར་འདྲི་བྱས།
བཅར་འདྲི་བྱས་ཚར། ད་ནི། ངེད་ཀྱིས་ཁོང་ལ་སྐད་ཆ་ཞིག་མ་ལབ་རང་ལབ་ཆགས་ཀྱི་ཡོད། ད་ནི་ང་ཡོང་ཐུག་གི་མི་འདུག་ཟེར་བ་དེ་རེད། དེ་ལབ་ན་ངོ་ཚ། མ་ལབ་ན་ཡང་ངོ་ཚ།
དེ་ནས་སེམས་ཐག་འདྲ་ཞིག་བཅད་དེ་ལབ་རྒྱུ་བྱས་བ་ཡིན། ཁོང་ལ་ང་ཡོང་མི་ཐུབ་པའི་རྒྱུ་མཚན་ཆ་ཚང་བཤད། དེ་ལ་སེམས་གཏིང་ནས་དགོངས་དག་ཞུས་བ་ཡིན།
ཁོང་ནས། “སྐྱོན་ཡོད་མ་རེད། ཁྱེད་རང་སློབ་ཕྲུག་རེད། དགོངས་དག་ཞུ་དགོས་ཡ་གཅིག་ཀྱང་ཡོད་མ་རེད། བཅར་འདྲི་བྱས་བ་དེར་ཐུགས་རྗེ་ཆེ་”ཟེར།
ཞོར་ལ། “ངེད་རང་སློབ་ཕྲུག་ཡིན་རུང་། ཞལ་འདེབས་གང་ཐུབ་པ་དེ་རྒྱག་གི་ཡིན་”ལབ་པ་ཡིན། དེ་ལྟར་ཁ་པར་མཚམས་བཞག ངོ་ཚ་ཞིག་དང་མཉམ་དུ་ཁ་པར་དེ་མཚམས་བཞག
(ཞོར་འཕྲོས། གོང་དུ། དྲི་བ་གཏོང་མཁན་དག་ལ་ཡང་། ངེད་ཀྱིས་བསྐྱར་དུ་ཁ་པར་གཏོང་ཐུབ་ཀྱི་མེད་ཟེར་དོན་ཡང་། ང་རང་ངོ་ཚ་དེའི་ྐློང་ན་ཡོད་པའི་རྐྱེན་ཡིན། དེ་ཙམ་ཞུ། )
ལས་འགུལ་འདི་འདྲ་སྤེལ་ཐུབ་ན་ལེགས་པོ་འདུག ཐུགས་རྗེ་ཆེ། གཞན་རིག་འབྱུང་དོན་བཀྲ་ནས་དུས་རྣམ་ཀུན་དུ་བོད་དང་འབྲེལ་བའི་གནས་ཚུལ་རིགས་དུས་ཐོག་ཏུ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། གཞན་ལ་སྐད་ཆ་དྲིས་ཏེ་གནས་ཚུལ་ཡིག་ཐོག་ཏུ་ཕབ་རྒྱུ་ཡག་པོ་འདུག མུ་མཐུད་ནས་ཡིན་ད་་་་་
请大家看看中国新华网的报道:
“日期:2010-02-24 1
首页-海外反“独”促统-北美洲-华侨华人
2010年2月21日,中国驻洛杉矶副总领事孙伟德出席由旅美心灵音乐制作者和歌唱家央金拉姆发起的“中国海外藏族协会”成立仪式。该协会理事会主席央金拉姆、荣誉理事长陈履安、协会顾问克相仁波切、全球整合医疗联盟主席梅尔森、亚洲学者基金总裁菲利普女士、洛克菲勒家族成员等出席。”
“孙伟德对“中国海外藏族协会”成立表示祝贺。他说,美国民众对西藏和西藏问题还存在不少误解,甚至偏见。相信该协会的成立及其有关活动,将有助于弘扬藏族传统文化,促进中美交流合作。希望更多的美国朋友到西藏去看看,了解真实的西藏。”
昨天,也就是三月六日,在拉萨有五百图伯特人被拘捕,镇压行动和前年一样,在全图伯特进行着.这个藏族协会不是说要让美国朋友了解真实的西藏(中共称图伯特为西藏)吗?怎么连一口气都不出?一个字都不写呢?从整个操作,宣传等等,给人们的印象就是,这个被中共赞赏鼓励的“中国海外藏族协会”,就是中共的统战配套工程之一.中共主谋,陈履安摆宴.
中国新华社及其它媒体对此进行了广泛的报道,这就是信息战,精神战,宣传战,意识战.