སྲས་མོ།
དུས་འདིར། བོད་ནང་གི་ངོ་རྒོལ་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད། བསམ་ཚུལ་ཙམ་ལས་མ་བྱུང་ནའང་འདོན་དགོས་པའི་དུས་ཤིག་རེད་སྙམ་ནས་དྲན་ཚུལ་ཞིག་འབུལ་འདོད་བྱུང་།
༡ བོད་ནང་གི་ཛ་དྲག་གནས་སྟངས།
བོད་ནང་གི་གནས་སྟངས་ནི་ཛ་དྲག་རེད། ༢༠༠༨ ནས་ཛ་དྲག་གི་རྣམ་པ་ཆེ་རུ་ཕྱིན་ཡོད། ད་ལྟ་ནི་དེ་བས་ཀྱང་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད། རྒྱ་གཞུང་གིས་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་མཆོག་ལ་མཚན་སྨད་ཞུས་དང་ཞུ་བཞིན་པ་ནི་སེམས་ནང་ཕོག་ཐུག་ཆེ་ཤོས་ཤིག་ཆགས་ཡོད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་མེད་པ། ཆོས་དད་རང་མོས་ཟེར་ཡང་ཁ་ཙམ་ལས་མིང་དོན་མཚུངས་པའི་རང་དབང་མེད་པ། ད་དུང་ལོ་ནས་ལོ་བསྟུད་ནས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་འདྲ་མིན་སྤེལ་ནས། ཆོལ་གསུམ་བོད་མིར་དུས་དང་རྣམ་པ་ཀུན་ཏུ་སུན་གཙེར་བྱེད་པ། ལྷག་དོན་བོད་མི་ཚོས་ལོ་ངོ་སྟོང་ཕྲག་མང་པོར་དད་མོས་དང་གཙིགས་ཆེར་འཛིན་པའི༌ཆོས་དང་རིག་གཞུང་རྣམས་ཐབས་ལམ་སྣ་ཚོགས་ཀྱིས་ཉམས་མས་གཏོང་བ་སོགས་ཀྱིས་ད་ལྟའི་སྐབས་ལ། ལོ་མང་རིང་གི་དཀའ་ངལ་གྱི་ན་ཟུག་མ་བཟོད་པར། རང་ལུས་མེ་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ཞུ་འབོད་གྱི་ལམ་ཁ་འདི་འདམས་པ་དང་། དེ་ནི་ཐབས་ཟད་འུ་ཐུག་མཐའ་མའི་ཞུ་འབོད་ཅིག་ཆགས་ཡོད།
༢ ལས་འགུལ་གྱི་གནས་ཚུལ་བསྡུ་བ།
ན་ནིང་དང་ད་ལོའི་རང་ལུས་མེབསྲེགས་ཀྱི་ལས་འགུལ་ལྟ་བུར་མཚོན་ན། བོད་མི་ནང་ཁུལ་གྱིས་བརྒྱུད་བསྒྲགས་ཀྱིས་དུས་ཚོད་གང་འཚམ་གྱི་རིང་པོའི་རྗེས། ཕྱི་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེའི་སྐོར་སླེབས་ཀྱི་ཡོད་ཅིང་། གནས་ཚུལ་མང་དག་ཅིག་ཁ་གསལ་དེ་ཙམ་མེད་པ་ཡང་ཡོང་གི་ཡོད། སྐབས་རེར་བོད་པའི་གསར་ལམ་ཁག་ན་གླེང་ཤུགས་ཆེ་བ་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ན་དོ་སྣང་དེ་ཙམ་ཡོང་གི་མེད་པའི་སྣང་ཚུལ་ཡང་ཡོང་གི་ཡོད། ང་ཚོ་བཙལ་བྱོལ་ནང་གི་བོད་མི་ཚོས་ཁོང་ཚོའི་ལས་འགུལ་གྱི་གནས་ཚུལ་བསྡུ་རུབ་ཐད་ལ་ཤུགས་བསྐྱོན་དགོས་པ་དང་། འཛམ་གླིང་ཡོངས་ལ་ཕྱིར་བསྒྲགས་བྱེད་པར་ཤུགས་བསྐྱོན་དགོས་པ་ལས་འགན་གལ་ཆེན་ཞིག་རེད། ང་ཚོ་ཚང་མས་འདིའི་ཐད་ལ་ཤུགས་རྒྱག་དགོས་པ་ཧ་ཅང་གལ་གནད་ཆེ། གསར་འབྱོར་བ་ཚོའི་ཁ་པར་དེ་ནམ་རྒྱུན་བོད་ནང་ལ་གཏད་ནས་ཡོད་སྟབས། འདི་ང་ཚོས་བེད་སྤྱོད་ཡག་པོ་ཞིག་བཏང་ནས་ལུང་པ་རེ་རེའི་གནས་སྟངས་ཀྱི་སྐོར་ལ་རྒྱུས་ལོན་མང་ཙམ་བྱེད་པར་འབད་བརྩོན་བྱེད་པ་ཡང་གལ་ཆེན་རེད།
༣ སྟོབས་ཤུགས་ལ་བེད་སྤྱོད་པ།
བོད་ནང་གི་བོད་མི་ཚོས། བོད་མི་ས་ཡ་དྲུག་གི་བདེ་དོན་དང༌། བོད་ནང་གི་གནས་སྟངས་སྐོར་སོགས་ལ་སྐད་འབོད་དང༌། ལྷག་དོན་ས༸གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་བོད་ནང་གདན་འདྲེན་ཞུ་དགོས་སྐོར་དང་། བོད་ལ་རང་དབང་སྤྲོད་དགོས་པའི་སྐད་འབོད་བྱེད་བཞིན་པ་ནི་ང་དགུ་ལོ་ནས་ད་ལྟའི་བར་མཚམས་མ་ཆད་པར་བྱས་པ་རེད། དེ་བཞིན། བྱེས་ཀྱི་བོད་པ་ཚོས་ཀྱང་སྐད་འབོད་སོགས་ཀྱི་ལས་འགུལ་མང་པོ་སྤེལ་བ་རེད། ལས་འགུལ་དེ་དག་གིས་༼རྒྱག་གཞུང་གིས། གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་ཆེ་བའི་འཚོ་བ་གསར་པར་བོད་རྣམས་འདོད་མོས་ཁེངས་ནས་རང་བཙན་དགོས་ཟེར་མཁན་མི་འདུག རང་དབང་དགོས་ཟེར་མཁན་མི་འདུག རྒྱལ་བ་རིན་པོ་ཆེ་བོད་གདན་འདྲེད་ཞུ་དགོས་ཟེར་མཁན་མི་འདུག ཁོང་ཚོ་བདེ་སྐྱིད་ཀྱི་འཚོ་བ་གསར་པས་ལུས་སེམས་བདེ་བར་གནས་ཡོད་༽ཅེས་འགྲེལ་བརྗོད་བྱེད་སྲོལ་དེ་དག ད་ཆ་གྲག་མེད་གླེང་མེད་བཟོས་ཡོད། ད་ལྟ་ང་ཚོས་སྐད་འབོད་དང་མེར་སྲེག་གི་སྟོབས་ཤུགས་འདི་ཚོ་དམའ་རིམ་ལག་ལེན་སྟེང་ལ་ཁ་པྱོགས་བསྒྱུར་ཐུབ་དགོས། སྐད་ཡིག་རིག་གཞུང་སྲུང་སྐྱོབ་དང་། བོད་མིའི་མཐུན་ལམ་ཆིག་སྒྲིལ་སོགས་བོད་པ་རང་ཉིད་ཀྱིས་རང་ཉིད་བདག་སྐྱོང་བྱེད་པའི་ཕྱོགས་སུ་ཁ་པྱོགས་བསྒྱུར་ཕྱོགས་ཐད་ནས་བགྲོ་གླེང་དང་བསམ་ཚུལ་མང་ཙམ་སྤེལ་གནང་ན་ལེགས།
༤ ལག་ལེན་ལ་ཁ་ཕྱོགས་པ།
རྒྱ་ནག་གཞུང་ལ་སྤྲད་ཡོད་པའི་༼བོད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ༽་དེ་གཞིས་ལུས་མི་མང་ནང་ཁྱབ་བསྒྲགས་བྱེད་པའི་ཐད་ལ་ལས་ཀ་བྱེད་དགོས་ཀྱི་འདུག དེ་ཁྱབ་བསྒྲགས་ཡག་པོ་བྱུང་བ་ཡིན་ན། ངོ་རྒོལ་སྐད་འབོད་དང་། ཁྲོམ་སྐོར། མེར་སྲེག་སོགས་ཀྱི་ལས་འགུལ་གྱི་སྟོབས་ཤུགས་འདི་དག་ལག་ལེན་གྱི་ཕྱོགས་སུ་འཕེལ་རྒྱས་ཡོང་གི་རེད། ཡིག་ཆ་དེ་བོད་ནང་ཁྱབ་བསྒྲགས་བྱས་པ་ཡིན་ན། ང་ཚོས་རྒྱ་ནག་གི་ཡིག་ཆའི་ནང་ཡོད་པའི་རང་སྐྱོང་གི་ཐོབ་ཐང་དེ་ཚོ་དང་མ་འགལ་བར་བོད་པ་རང་ངོས་ནས་མགོ་བརྩམས་ཏེ་ལག་ལེན་བསྟར་ཐུབ་པ་དང་བསྟར་དགོས་པའི་རིགས་གང་འཚམ་ཡོད་པ་རེད། དེ་ཚོ་ལག་ལེན་དུ་བསྟར་ཕྱོགས་ནས་མགོ་བཙུགས་པ་ཡིན་ན། རྒྱ་ནག་གཞུང་གིས་བོད་ཀྱི་རྩ་དོན་ལ་ལག་པ་མ་འཆང་རང་འཆང་བཟོ་བར་ཕན་གྱི་རེད། དེ་ནི་རྒྱ་ནག་གི་ཁྲིམས་དང་འགལ་བ་བའང་མ་རེད། ད་ལྟ་ང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས། རང་སྐྱོང་སྲོལ་ཡིག་ཟེར་བ་དེ་ཚོ་ལ་བལྟས་ནས་བོད་ནང་གི་ལས་འགུལ་འདི་ཚོ་ལག་ལེན་གྱི་ཕྱོགས་སུ་ཁ་ཕྱོགས་བསྒྱུར་བར་འབོད་སྐུལ་ཞུ་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་འདུག་སྙམ།
༥ བཙན་བྱོལ་བོད་མིའི་འོས་འགན།
བཙན་བྱོལ་ནང་གི་བོད་པ་ཚང་མས་རང་ཉིད་གནས་ཡུལ་རྒྱལ་ཁབ་ཁག་གི་ཁྲིམས་དང་མ་འགལ་བའི་ཐོག་ནས། རྒྱ་ནག་གཞུང་ཚབ་ཁང་ཚང་མའི་མདུན་ནས་ཟས་བཅད་ངོ་རྒོལ་དང་། སྐད་འབོད་ཀྱི་ལས་འགུལ་རྒྱུན་མཐུད་དུ་སྤེལ་དགོས་ལ། བོད་ནང་གི་བོད་མིའི་བདེ་སྡུག་དེ་བདག་སྤྲོད་མ་བྱས་བར་དུ་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ནས་དུས་ཡུན་རིང་པོར་རྒྱུན་མཐུད་པའི་ཟས་བཅད་ངོ་རྒོལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གཟབ་ནན་བྱེད་དགོས་པ་ནི་བཙན་བྱོལ་ནང་ནས་བོད་ནང་གི་བོད་མི་ཚོས་སྐད་འབོད་བྱས་པའི་བརྗོད་ཚིག་དང་ཁ་ཆེམས་གང་ཡིན་པ་གཞིར་བཞག་ཐོག་ལས་འགུལ་སྤེལ་དགོས་པ་ཞིག་ཆགས་ཡོད། དེ་ལྟར་མ་བྱས་ཚེ། བོད་ནང་གི་བོད་མི་ཚོའི་སེམས་ཀྱི་རེ་འདུན་སྣང་མེད་བཞག་པའི་བྱ་སྤྱོད་ཆགས་ཀྱི་ཡོད་པ་རེད།
༦༽ ཞི་བའི་ལས་འགུལ་རྒྱུན་བསྲིངས།
བོད་ནང་གི་བོད་མི་ཚོས་ལྷག་དཀར་གྱི་ཉིན་མོ་སྲུང་བརྩི་བྱེད་པ་ནི་དཔེ་མཚོན་ལེགས་པོ་ཞིག་རེད། ལས་འགུལ་སྤེལ་སྐབས་ཚོར་ཤུགས་ཆེ་དྲག་ནས་རྒྱ་མིའི་ལས་ཁུངས་གཏོར་བ་དང་། མེ་རྒྱག་པ་སོགས་ནི་ཁྱོན་ནས་མ་ཡོང་བ་བྱ་དགོས་པའི་ལམ་སྟོན་བྱེད་པ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་བོད་ནང་གི་རང་ལུས་མེར་སྲེག་གི་ལས་འགུལ་་ལ་བསྐྱར་ཞིབ་དང་ད་ལྟ་བོད་ལ་འཛིན་པའི་སྲིད་བྱུས་དང་ལངས་ཕྱོགསས་མ་བསྒྱུར་བ་ཡིན་ན། བོད་ནང་ནས་དྲག་པོའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མི་སྲིད་པ་མ་རེད། ད་ལྟ་ཛ་དྲག་ཆེ་ཤོས་ནི་མེར་སྲེག་གི་ཕན་ནས་ལས་འགུལ་གྱི་རྣམ་པ་དང་ངོ་བོ་གང་ཞིག་ལ་འགྱུར་བ་འགྲོ་བའི་ཕྱོགས་དེ་རེད། འདིའི་ཐད་ལ་འཚེ་མེད་ཞི་བ་དང་དྲག་སྤྱོད་གཉིས་ལས་ང་ཚོར་འཚེ་མེད་ཞི་བའི་འཐབ་རྩོད་འདིའི་ནུས་པ་དང་རིན་ཐང་ཆེ་བ་ཡོད་པའི་སྐོར་བོད་ནང་ལ་འགྲེལ་བརྗོད་མ་འཕྱི་བ་གནང་དགོས་པ་བཅས་ཀྱི་ཐད་ལ་ད་རེས་ཀྱི་བགྲོ་གླེང་བ་རྣམས་ཀྱིས་ཤུགས་ཆེན་པོས་གླེང་སློང་གནང་བ་དང་། སྨྱུགས་ཐོག་པ་ཚང་མས་བརྒྱུད་ལམ་ཁག་ནས་ཀྱང་ཤུགས་ཆེར་གླེང་རྒྱུ་བཅས་ནི། ང་ཚོས་ཏན་ཏན་སྒྲུབ་དགོས་ལ་སྒྲུབ་ཐུབ་དགོས་པའི་ལས་འགན་རེད།
ཐུགས་རྗེ་ཆེ་སྲས་མོ་ལགས་
ཁྱེད་ཀྱི་ལྟ་ཆུ༹ལ་དེ་དག་ལ་རྒྱབ་བསྐྱོར་མཐའ་གཅིག་ཏུ་ཡོད་
རྒན་ལྷ་མོ་ཡིན་ས་རེད་ཀོ བྲིས་ནོ་ཡག་གི
བསམ་ཚུལ་གསུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་པར་དུ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་གནས་སྟངས་ལ་དཔག་པའི་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བསམ་ཚུལ་ཡག་པོ་བྲིས་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཡིན་ན་ཡང་ལས་འགུལ་སྤེལ་སྟངས་ཙམ་གྱི་ནོར་འཁྲུལ་གཅིག་པོ་ཆགས་ཨེ་ཡོད་དྲན་གྱི་འདུག གང་ཡིན་ཅེ་ན་གཙོ་བོ་དེ་མི་རིགས་ལ་ཤ་ཞེན་ཡོང་ཐབས་དང། ལ་རྒྱ་དགོས་སྐོར་སོགས་ཀྱི་སློབ་གསོས་མ་འདང་བས་ལས་འགུལ་སྤེལ་བའི་སྐབས་ལ་ཡིན་ན་ཡང་དེ་ཙམ་གྱི་ཚོར་སྣང་མེད་པ་སོགས་སྐྱོན་ཆ་མང་པོ་འདུག
དགོངས་འཆར་དོན་ལྡན་ཞིག་སྤེལ་འདུག ད་ང་ཚོས་ཁ་ནས་ཆེན་པོ་ཆེན་པོ་རེ་བཤད་རྒྱུ་མཚམས་བཞག་ནས། སྲས་མོ་ལགས་ཀྱིས་བཤད་པ་ལྟར། སྒྲུབ་ཐུབ་པ་དང་སྒྲུབ་དགོས་པ་ཅི་ཞིག་ཡོད་པ་དེ་ཚོར་ཞིབ་འཇུག་བྱེད་པ་དང་། ལག་ལེན་དུ་བསྟར་རྒྱུ་དེ་རེད། ཆེན་པོ་རེ་བཤད་ནས་འདུག་པ་ལས། ཆུང་ངུ་ནས་སྒྲུབ་རྒྱུ་གལ་ཆེན་པོ་འདུག ཚང་མས་བསམ་བློ་ཞིབ་ནན་བཏང་ནས། སྔོན་ལ་དགོངས་ཚུལ་གསུངས། དེ་ནས་ལས་དོན་ངོ་མའི་སྟེང་ནས་མགོ་འཛུགས་པ་ལ་ནུས་པ་འདོན།
༄༅།། ང་ཚོས་སྒྲུབ་འཐུབ་པ་ནི། མི་བཟོ་དགོས་པ་རེད། བོད་པ་གཙང་མ་བཟོ་དགོས་པ་རེད། དེར་ཤེས་ཡོན་གྱི་སྦྱོང་བརྡར་སྤྲད་ནས་བོད་མིའི་བདེ་དོན་གྱི་ཆེད་རང་སྲོག་ཤོར་བ་ཚོའི་ཚབ་མི་གཅིག་ལ་བཅུ་དང་བཅུ་ལ་བརྒྱ་དགོས་པ་རེད། དེ་དག་མུ་མཐུད་ནས་རང་གི་མི་རིགས་འདི་གཙང་མ་སྐྱེད་བསྲིང་བྱས་ནས་ཇི་སྲིད་རང་དབང་མ་འཐོབ་ཀྱི་བར་དུ་དེ་སྲིད་དུ་འཐབ་རྩོད་བྱས་རང་དབང་གི་རྒྱལ་ཁ་འཐོབ་པར་ཐེ་ཚོམ་མི་དགོས་པ་ཡིན།།
ཕོ་གསར་མོ་གསར་ཚོ།། བོད་མིའི་མི་ཡི་བཟོ་གྲ་གསར་པ་སྒོ་ཕྱེ་དགོས་པའི་དུས་དེ་སྔ་དྲག་མིན་ལ་ཕྱིས་ཀྱང་དྲག་མིན། རིག་པ་སྒྲིམས་ནས་བོད་མིའི་མི་འབོར་འཕེལ་རྒྱས་གཏོང་རོགས་དེ་དགེ་བ་རེད། གཟི་བརྗིད་རེད། འཇོན་པོ་རེད། ཕོ་དགོས་རེད། མཁྱེན་སོང་ངམ།།