ཨེ་མ་ཧོ།
རྩ་གསུམ་ཀུན་འདུས་ཆོས་སྐྱོང་གེ་སར་རྒྱལ།།
གསང་གསུམ་མི་མཐུན་གཡུལ་ལས་རྣམ་པར་རྒྱལ།།
སྐུ་གསུམ་རྒྱལ་བའི་བསྟན་པ་དར་ཞིང་རྒྱལ།།
རྒྱལ་ཁམས་ཞི་ཞིང་བདེ་བའི་སྨོན་དོན་རྒྱལ།།
སྙིགས་དུས་མུན་ནག་འཁྲིགས་པའི་དུར་ཁང་དུ།།
འོད་གསལ་ཉི་མས་དབེན་པའི་འཇིག་རྟེན་འདིར།།
དྲང་བདེན་གཞོན་ནུའི་བུམ་སྐུའི་གསང་རྒྱ་ལས།།
སྣང་སྲིད་ཀུན་ཏུ་གསལ་བའི་དཔལ་དུ་འབུལ།།
མཁས་དབང་བསྟན་སྲིད་མཁྱེན་པའི་ངེས་ཤེས་དགོས།།
བྱམས་བརྩེ་འགྲོ་ཀུན་མཉམ་པའི་སྙིང་རྗེ་དགོས།།
མཐུ་སྟོབས་ཁོ་ལག་རྒྱས་པའི་བདེན་དྲང་དགོས།།
དགོས་པ་རྣམ་གསུམ་ཀུན་ལ་ཤིན་ཏུ་མཁོ།།
བླ་དཔོན་ཟེར་ནས་སྒེར་འཁོན་སྤྱི་ལ་འཛིན།།
ཆོས་བརྒྱད་ཆེད་དུ་དམ་ཆོས་འཁོར་ལས་སྐྱོང་།།
བཙན་པོའི་ཕ་ས་དགྲ་བགེགས་དགའ་ཕྱིར་སྤེལ།།
ངོ་གཉིས་སྒེར་སྤྱོད་ཚོ་ལ་ཞེན་ལོག་མཛོད།།
སྒོར་མོའི་ཆེད་དུ་ལོ་རྒྱུས་ཆོས་འབྱུང་རྣམས།།
ཕྱོགས་ཞེན་བཟང་མོའི་གཏམ་དུ་བསྒྱུར་བ་དག།
དཔལ་འབྱོར་དངོས་ཚན་རིག་པའི་རྐྱེན་ངན་ཚོ།།
གངས་ཅན་མདུན་ལམ་གཏོར་བའི་གད་རྫས་ལགས།།
བྱམས་བརྩེ་མེད་པའི་རང་གཞན་གནོད་དང་གཅིག།
རྒྱུ་འབྲས་དྲང་བདེན་མེད་པའི་ལ་རྒྱ་གཉིས།།
ཕྱི་ནང་མི་མཚུངས་ཁ་བཤད་ཁོ་ན་གསུམ།།
གངས་ཅན་བསྟན་སྲིད་བརླག་པའི་ཐོ་ཆེན་དངོས།།
གངས་ལྗོངས་སྤྱི་ལ་གནོད་པའི་ལོག་རྟོག་གཅིག།
གངས་ཡུལ་སྣོད་བཅུད་བརླག་པའི་གད་སྙིགས་གཉིས།།
གངས་ཅན་རང་ཚུགས་མེད་པའི་ཆོས་མེད་གསུམ།།
འཛམ་གླིང་སྙིང་སྲོག་འཕྲོག་པའི་གདོན་གཟུགས་ལགས།།
ཐར་བའི་ལྷ་ཆོས་མི་ཤེས་འདྲེ་ལ་གུས།།
ངན་སོང་སྡུག་བསྔལ་མི་ཤེས་མི་དགེ་སྒྲུབ།།
འདི་ཕྱི་གཏད་སོ་མེད་པའི་བར་དོ་བ།།
གང་ལ་བསམ་ཀྱང་བོད་རྣམས་སྙིང་རེ་རྗེ།།
དམ་ཆོས་ཡིད་བཞིན་ནོར་བུ་བོད་ལ་མཆིས།།
དམ་པའི་མཁས་གྲུབ་སྐྱེས་བུ་བོད་ལ་མང་།།
དམ་ཚིག་རྡོ་རྗེའི་བསྟན་པ་མ་ཉམས་ན།།
དམ་བཅའ་འདོད་པའི་དོན་ཀུན་ལྷུན་འགྲུབ་འགྱུར།།
རྙིང་མའི་རྫོགས་ཆེན་སྒེར་སྤྱོད་མིན་པར་འཛིན།།
བཀའ་བརྒྱུད་སྒྲུབ་པ་ཕྱོགས་རིས་མེད་པར་སྐྱོང་།།
ས་དགེའི་ནང་འགལ་སོང་བ་ཀུན་མཐུན་ན།།
བོད་བརྒྱུད་ནང་བསྟན་འཛམ་གླིང་རྒྱན་དུ་མཛེས།།
ནང་ཆོས་མི་དགོས་ཟེར་བའི་དམུས་ལོང་གཅིག།
ཚན་རིག་ཁོ་ན་འདོད་པའི་ལྟ་ཞར་གཉིས།།
སྒེར་དོན་ཉི་ཚེ་སྒྲུབ་པའི་ལོང་ཏོག་གསུམ།།
མཐོ་དམན་སུ་ལ་ཡོད་ན་སྤང་བར་མཛོད།།
མཐོན་པོ་རྣམ་པས་སྤྲུལ་རྫུན་བཟོ་དང་གཅིག།
དཔོན་པོ་རྣམ་པས་ལྐོག་ཟོས་བྱེད་དང་གཉིས།།
བསྟན་འགྲོར་ཕན་བདེ་མེད་པའི་འགྲན་རྩོད་གསུམ།།
གངས་ཅན་བསྟན་པ་བཤིག་པའི་ཞལ་འདེབས་སྤོངས།།
མདོར་ན་རྒྱལ་བ་དགྱེས་པའི་མཛད་པ་དང་།།
འགྲོ་ཁམས་ཞི་བདེ་འབྱུང་བའི་དགེ་བ་ཡིས།།
རྒྱལ་བསྟན་སྤེལ་ཞིང་འགྲོ་ཀུན་ཕན་བདེར་བཀོད།།
མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ཁྲིམས་ཟླའི་མཁའ་འགྲོའི་དུས་ཆེན་ལ་མཁན་པོ་བྱམས་པ་བློ་གྲོས་ཀྱི་གསུངས་སྐུལ་ལྟར་གང་ཤར་དུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་གི་ལྷོ་ཕྱོགས་ཨེ་ཝྃ་ཡེ་ཤེས་བླ་མའི་རི་ཁྲོད་ནས་གང་དྲན་དུ་གངས་ཅན་བོད་པའི་མདུན་ལམ་དང་རྒྱལ་ཁམས་ཞི་བདེའི་ཆེད་དུ་བྲིས་པར་དགེའོ།། །།
མཚུངས་མེད་བདེན་པར་སྨྲ་བའི་ཨེ་མ་ཧོ་།
དངོས་བྱུང་གཏམ་གྱི་དར་ཆེན་འབྲེང་པ་བདིའི་།
བོད་འབངས་བསམ་མེད་དབང་རྩ་ཉམས་པ་ནས་།
ཕྱོགས་ལྷུང་མུན་པའི་སྤྱི་ཚོགས་ང་ཚོ་ཙམ་།
ཧམ་ཆེན་མི་དང་ཕྱོགས་གཏོགས་དྲི་ངན་འོག་།
ལུང་ཚན་ཤོག་བསྒྲིལ་སྐབས་འཚོལ་རིང་ལུགས་དར་།
ར་མགོ་ལུག་མགོའི་སྲིད་སྐྱོང་བརྔམས་པའི་དུས་།
བོད་འབངས་བསོད་ནམས་ཕལ་ཆེར་ཉམས་པ་འདྲ་།
སྔོན་རབས་ཡབ་མེས་མཛད་རྗེས་ཕྲེང་བ་ལ་།
ཕྱི་མིག་མ་ཐུབ་དེང་དུས་རློམས་སེམས་ཚོ་།
རང་གི་རང་ལ་ཚུལ་བཞིན་མ་རྟགས་ན་།
སུབ་པར་དཀའ་བའི་ལས་ངན་བསགས་ཡོང་ངོ་།
ཕ་མ་བཟང་པོའི་སློབ་སྟོན། རྙིང་མ་པ་ཡི་ཁྱད་ཆོས།
ནང་ཆོས་ཡོད་པ་དེས་འགྲིགས་མ་སོང་ཟེར་བ་ཐོས་དུས་ངུ་ཤོར་གྱིན་འདུག ནང་ཆོས་ཡོད་ན་དེ་ལས་ཅི་ཡང་མི་དགོས་ཟེར་བ་ཐོས་དུས་གད་མོ་ཤོར་གྱིན་འདུག
ཨེ་མ་ཧོ། རྨོངས་དད་ལས་གྲོལ་བའི་ནུབ་ཕྱོགས་པ་ཚོ་ཡིད་སེམས་དབང་མེད་དུ་ཁྱེད་ལ་འགུགས་དོན་ཅིའི་ཡིན་ནམ། ཁྱེད་རང་གི་བཀའ་སློབ་ལམ་སྟོན་གྱིས་ང་ཚོའི་མིག་ལ་མཆི་མ་ཅིའི་ཕྱིར་ཤོར་བ་ཡིན་ནམ། ཁྱེད་རང་མཇལ་དང་ང་ཚོའི་ལག་པ་གཉིས་ཀྱི་ཐལ་སྒྲའི་དགའ་བསུ་དང་ཕྱག་རྒྱའི་དད་འདུན་ཅིའི་ཕྱིར་ཞུ། ཁྱེད་རང་གིས་བཀའ་སློབ་ལམ་སྟོན་གནང་བས་ང་ཚོའི་དཀའ་སྡུག་ཡོངས་ཞི་ནས་སེམས་ཚོར་གསར་བ་ཞིག་སྐྱེས་དོན་ཅིའི་ཡིན་ནམ། ང་ཚོ་ཇི་ལྟར་བསམ་བློ་བཏང་ཡང་འདི་དག་ལ་ལན་རྙེད་ཐབས་བྲལ། གང་ལྟར་ཁྱེད་རང་ནི་ང་ཚོའི་བསམ་བློ་དབང་སྒྱུར་བ་ཞིག་རེད། ངོ་མ་བཤད་ན་ང་ཚོ་ལ་རྨོངས་དད་མེད་ཀྱང་དད་འདུན་ཡོད། གང་ལྟར་ང་ཚོ་ནི་ཁྱེད་རང་གི་རྣམ་དཔྱོད་ཡང་དག་པ་དེ་དང་བྱ་སྤྱོད་ཡོངས་སུ་རྟོགས་པའི་སྒོ་ནས་རྗེས་འཇུག་པ་བྱེད་པ་ཡིན།
གཡོ་ཐབས་ཅན་གྱི་ཆབ་སྲིད་དང་མ་འབྲེལ་བའི་དུས་རབས་གསར་བའི་ཆོས་པ་ཞིག འཛམ་གླིང་ཤར་ནུབ་ཀུན་གྱི་སེམས་ནང་གི་ཉི་མ་སེར་པོ་ཞིག དུས་རྒྱུན་དུ་རང་བཞིན་རྫོགས་པ་ཆེན་པོའི་ཉམས་བཞེས་དང་མ་བྲལ་ཞིང་གཞན་རྣམས་ལ་སྔོན་འགྲོའི་བསགས་སྦྱོང་ནས་རིམ་པར་གོང་མར་ཁྲིད་གནང་མཁན་གྱི་༧སྐྱབས་རྗེ་མཁན་ཆེན་བླ་མ་དམ་པ་དཔལ་དགྱེས་པ་རྡོ་རྗེ་ལ་ན་མོ།།