ཐེ་བོ་ཤེས་རབ་རྒྱ་མཚོ།
རྒྱ་ནག་གཞུང་ཕྱོགས་ཀྱི་མཐོ་རིམ་མི་སྣ་མང་པོ་ཞིག་གིས། ༧ གོང་ས་མཆོག་སྐུ་གཤེགས་ཉིན་ནི་བོད་ཀྱི་གནད་དོན་མཇུག་སྒྲིལ་བའི་བརྡ་རྟགས་སུ་ངོས་འཛིན་བྱས་ནས། བོད་ཀྱི་གནད་དོན་ཐད་དུས་ཚོད་སྐྱེལ་ཐབས་ཁོ་ན་བྱེད་ཀྱིན་ཡོད་ནའང་། བདག་གིས་ཁོ་ཚོས་བྱེད་སྟངས་དེ་ནི་བྱབ་ཆུང་གི་བྱེད་སྟངས་ཤིག་དང་། ཚོད་དཔག་དེ་ནི་ནོར་འཁྲུལ་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ག་ནང་བཞིན་རྣམ་དཔྱོད་ཅན་གྱི་མི་མང་པོ་ཞིག་གིས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དཔེ་དྲངས་ན། ལོ་འགའི་ཡར་སྔོན་རྒྱ་ནག་གི་ཤེས་ཡོན་ཅན་ཝང་ལིན་ཞུང་གིས་ཀྱང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐད་ད་ལྟའི་བྱེད་སྟངས་དེ་ནི་ཐབས་མཁས་ཀྱི་བྱེད་སྟངས་ཤིག་མ་ཡིན་པར་རང་གཞན་གཉིས་ཕུང་གི་བྱེད་སྟངས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད།
ལོ་ངོ་ལྔ་བཅུ་ལྷག་གི་ཡར་སྔོན་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་ཐོག་མར་བྱེད་སྐབས་ཀྱི་ལོ་རྒྱུས་དང་དངོས་སུ་འབྲེལ་བ་ཡོད་པའི་བོད་མི་རྒན་རབས་པ་རྣམས། ལོ་ཟླའི་འགྲོས་དང་བསྟུན་ནས་ཡལ་བཞིན་ཡོད་པ་དེས། རྒྱ་ནག་གཞུང་ལ་བློ་བདེ་བག་ཕེབས་ཀྱི་ཚོར་སྣང་ཞིག་འབྱུང་གིན་ཡོད་ནའང་། སྐབས་དེའི་ཁྲག་དྲི་བྲོ་བའི་བྱུང་བ་ངོ་མ་དག་ཕ་མེས་ཡང་མེས་ཚོའི་ངག་ནས་གོ་ཞིང་། ལོ་རྒྱུས་ཀྱི་གླེགས་བམ་གསེང་ནས་མཐོང་བའི་ན་གཞོན་གྱི་མི་རབས་གསར་པ་ཚོའི་སེམས་ཁོང་ནས་ད་ཆ་རང་དབང་གི་མེ་ལྕེ་ལེབ་མོ་ཞིག་མཆེད་ཀྱིན་ཡོད་པ་དང་། ལྷག་པར་དུ་དགའ་འོས་པ་ཞིག་ལ། རྒྱ་ནག་གཞུང་གི་བཤད་སྟངས་ལྟར་བཤད་ན། ཁོ་ཚོ་ནི་བོད་ཀྱི་མི་རབས་གསར་པ་སྟེ། སྐར་ལྔའི་དར་དམར་འོག་ནས་འཚར་ལོངས་བྱུང་ཞིང་“ ཁ་བོ་ཞིམ་པོ་ལ་སྒྱུར་མཁན་”གྱི་གུང་ཁྲན་ཏང་གི་སློབ་གསོ་ཐོབ་མྱོང་མཁན་རྐྱང་རྐྱང་ཡིན་པ་དང་། ཁོང་ཚོའི་གྲས་ནས་དཔེ་མཚོན་དུ་བགྲང་འོས་བ་མང་པོ་ཞིག་ཡོད་པའི་ནང་ན་འོད་ཟེར་ནི་མཆོག་ཏུ་གྱུར་པའི་དཔེ་མཚོན་ཡག་ཤོས་ཤིག་རེད།
ཁོང་ཚོའི་སེམས་ཁོང་ནས་དྲག་ཏུ་མཆེད་ཀྱིན་པའི་མེ་ལྕེ་ལེབ་མོ་དེ། ལོ་ཟླའི་འགྲོས་དང་བསྟུན་ནས་ནམ་ཉི་མ་བོད་མི་ས་ཡ་དྲུག་གི་སེམས་ཁོང་དུ་མཆེད་ངེས་ཡིན་ལ། དེ་ལྟར་བོད་མི་ས་ཡ་དྲུག་གི་སེམས་ཁོང་ནས་བསྐལ་པའི་མེ་དཔུང་ལྟ་བུའི་རང་དབང་གི་མེ་ལྕེ་ལེབ་མོ་ཞིག་འཛམ་གླིང་གི་ཆེས་མཐོ་ས་ནས་མཆེད་ཉིན། ད་གཟོད་བོད་ཀྱི་གནད་དོན་མཇུག་སྒྲིལ་བའི་ཉིན་མོར་སླེབས་པའི་བརྡ་རྟགས་ངོ་མ་ཡིན་ནོ།།
༢༠༠༧ ༡༠ ༡༧ མཚན་མོ་བལ་ཡུལ་ནས།
༧གོང་ས་མཆོག་སྐུ་གཤེགས་ཉིན་བོད་དོན་མཇུག་བསྡུས་བའི་ཉིན་མོར་ངོས་བཟུང་བ་ནི། བོད་ཀྱི་ད་ལྟའི་གནད་ཡོད་མི་སྣ་རྣམས་ལ་མཐོང་ཆུང་བྱས་པ་ཞིག་ཏུ་མཐོང་ལ། དེ་དང་མཉམ་དུ་བོད་ཀྱི་མགོ་ཁྲིད་རྣམས་ལ་ཞུ་འདོད་པ་ནི། དགྱ་ནག་གིས་་འདི་ལྟར་བཤད་པ་ནི་ཁ་ཚོའི་མཐོང་སྣང་མ་དག་པ་ཡིན་ནམ་དངོས་འབྲེལ་རེད་ཞེས་པ་དེའོ།།
༧གོང་ས་མཆོག་གི་སྐུ་དྲིན་དུ་རྒྱ་ནག་ནང་གི་སྲིད་གཞུང་ངན་པའི་མི་སྣ་དག་ལ་འཇིགས་སྣང་དྲག་པོ་དེ་འདྲ་སླེབས་ཀྱི་ཡོད་པ་མ་རེད། དངོས་ནས་ད་ལྟ་ནི་བསམ་བློ་གཏོང་ན་གཏོང་རན་གྱི་དུས་ཚོད་ཏག་ཏག་ལ་འཁེལ་ཡོད་པ་ཁོང་ཚོས་ཀྱང་ཤེས་ཀྱི་མེད་ལ་བོད་པ་ཚང་གི་མི་མང་བོ་ཞིག་གིས་ཀྱང་ད་དུང་ཤེས་ཀྱི་ཡོད་པ་མ་རེད།