བཅར་འདྲི་བྱེད་མཁན། གྲགས་པ།
རྐང་འཁོར་སྐོར་སྐྱོད་ཀྱི་ལམ་ནས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་བ་རིན་པོ་ལགས་བལ་ཡུལ་ས་གནས་སུ་ཕེབས་འབྱོར་སྐབས་ཀྱི་བཅར་འདྲི།
བཅར་འདྲིའི་ལེ་ཚན་འདིའི་ནང་རིན་པོ་ལགས་ད་ལོ་སྤྱི་ཟླ་༣ ཚེས་༡༠ སྟེ་སུམ་ཅུའི་དུས་དྲན་ནས་ཡུ་རོབ་བྷེལ་རྒྱམ་གྱི་རྒྱལ་ས་བྷུ་རུ་སིལ་ནས་(Brussels)འགོ་འཛུགས་ཀྱིས་ཡུ་རོབ་རྒྱལ་ཁབ་ཁག་༡༣ དང་། ཉི་ཧོང་། ཐེ་ཝན། ཧོང་ཀོང་བལ་ཡུལ་བཅས་རྒྱལ་ཁབ་ཁག་ ༡༧ ཙམ་ལ་རྐང་འཁོར་སྐོར་སྐྱོད་ཀྱིས་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་ཁག་ ༡༢༨ ལྷག་མཇལ་ཕྲད་ཀྱིས་བོད་ནང་གི་སྐུ་ལུས་མེ་བསྲེག་གཏོང་མཁན་རྣམས་ཀྱི་གནད་དོན་ཞུ་གཏུགས་དང་། རྒྱལ་ཁབ་དེ་ཚོའི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ལ་བརྒྱུད་བསྒྲགས་གནང་བའི་སྐོར་དང་། ཟླ་༩ ཚེས་༢༤ ཉིན་བལ་ཡུལ་དུ་འབྱོར་ནས་ཉིན་གྲངས་ ༢༨ ཙམ་བཞུགས་རིང་གི་གནས་ཚུལ་ཁག་དྲི་བ་དྲིས་ལན་གྱི་ལམ་ནས་ཕྱོགས་བསྡུས་བྱས་པ་ཞིག་ཡིན།
༡༽ ཐོག་མར་ཁྱེད་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས་གནང་།
ལན། ངའི་མིང་ལ་རིན་པོ་ཟེར། སྐྱེས་ཡུལ་ཨ་མདོ་རྔ་བ། གླིང་རུ་བ་ནས་ཡིན། ད་ལྟ་ལོ་༤༡ཡིན། བོད་དུ་ཡོད་སྐབས་ཆུང་དུས་རང་ལོ་༡༤བར་དུ་སློབ་འབྲེང་བཏོན་མྱོང་། དེ་ནས་རང་ལོ་༡༦ནས་༢༥བར་དུ་འགྲམ་དང་བལ་ཡུལ་སོགས་ནས་ཚོང་ལས་ཙག་ཙིག་བྱས་པ་ཡིན། དེ་ནས་༡༩༩༧ལོ་བཙན་བྱོལ་ལ་ཡོང་བ་ཡིན། ༡༩༩༨ལོ་ཨ་རི་ལ་སོང་ནས་ད་བར་དུ་སོ་སོས་རང་ཁ་རང་གསོ་བྱས་ཏེ་ལས་ཀ་བྱས་པ་ཡིན། ཨ་རིར་སྡོད་གནས་ཨ་རིའི་མངའ་སྡེ་མེ་ནེ་སོ་ཀྲ་ Minnesota ཡིན། ཕྱི་ལོ་༢༠༠༠ ལོ་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་ཨ་རིའི་མངའ་སྡེ་མེ་ནེ་སོ་ཀྲ་ Minnesota ནས་འགོ་འཛུགས་ཀྱིས་ཕྱི་ལོ་༢༠༡༢ བར་དུ་ཨ་རིའི་མངའ་སྡེ་ཁག་༤༤ནང་སྤྱི་ལེ་ ༨༤༠༠ ལྷག་ལ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཐེངས་ ༢༤ ཙམ་སྤེལ་བ་ཡིན། དེ་བཞིན་ཕྱག་འཚལ་ནས་སྐྱོད་པའི་ལས་འགུལ་ཐེངས་གཉིས་དང་། གོམ་བགྲོད་ཀྱི་ལས་འགུལ་ཐེངས་གཉིས་བཅས་སྤེལ་བ་ཡིན། ལས་འགུལ་དེ་ཚོ་ནི་ལས་ཀའི་དགོངས་སང་དང་སྟབས་བསྟུན་སྤེལ་བ་ཡིན། ད་ལྟ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་མུས་ཡིན།
༢༽ ཁྱེད་རང་གིས་རྐང་འཁོར་རྒྱང་བསྐྱོད་ཀྱི་ལམ་ནས་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།
ལན། ད་ལོ་རྐང་འཁོར་རྒྱང་བསྐྱོད་ཀྱི་ལས་འགུལ་ལ་མཚོན་ན་བོད་ནང་གི་རང་ལུས་མེ་བསྲེག་གཏོང་མཁན་གྱི་མཚན་གཞུང་ཆ་ཚང་དེ་ཁྱེར་ནས་ཡུ་རོབ་ཀྱིས་མཚོན་པའི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་དེ་ཚོར་ཁོང་ཚོའི་གནད་དོན་དེ་ཞུ་གཏུགས་བྱེད་རྒྱུ་དང་། རྒྱལ་ཁབ་དེ་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་ལ་རང་ལུས་མེ་བསྲེག་གཏོང་མཁན་ཁོང་ཚོའི་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་ཡིན།
༣༽ ཞུ་གཏུགས་ཡིག་ཆ་དེའི་ནང་དོན་གཙོ་བོ་གང་དང་གང་ཡིན།
ལན། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་སྐྱར་ཞིབ་ཀྱིས་བོད་མིའི་དངོས་ཡོད་ཀྱི་དཀའ་སྡུག་རྣམས་ཞི་མོལ་གྱི་ཐོག་ནས་སེལ་ཐབས་བྱེད་དགོས་པ་དང་། རྒྱལ་སྤྱིའི་གསར་འགོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱལ་སྤྱིའི་རྟོགས་ཞིབ་མི་སྣ་སོགས་བོད་ནང་བསྐྱོད་དེ་རང་ལུས་མེར་བསྲེག་སྐོར་གྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་འཇུག་དགོས། མཐའ་མཇུག་ཡུ་རོབ་མཉམ་འབྲེལ་དང་དེའི་ཁོངས་མི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པར་འབུལ་རྒྱུའི་ཞུ་སྙན་ལ་མཚན་རྟགས་བརྒྱབ་ཏེ་གུས་པའི་ལས་འགུལ་འདིར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་བཅས་རེད།
༤༽ ད་རེས་ཁྱེད་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱིས་རྒྱལ་ཁབ་ཅི་ཙམ་ཕེབས་ཚར་རམ།
ལན། ད་ལོ་༢༠༡༣ ཟླ་བ་ ༣ ཚེས་ ༡༠ སྟེ་སུམ་བཅུའི་དུས་དྲན་ནས་འགོ་འཛུགས་ཀྱིས་ཡུ་རོབ་ རྒྱལ་ཁབ་ ༡༣ དང་ཉི་ཧོང་། ཐེ་ཝན། ཧོང་ཀོང་། ད་ལྟའི་སྡོད་གནས་བ་ཡུལ་བཅས་རྒྱལ་ཁབ་ ༡༧ ལ་སོང་ཚར་བ་རེད། འདིའི་རྗེས་ནས་རྒྱ་གར་ལ་སོང་ན་རྒྱལ་ཁབ་ཁག་ ༡༨ ལ་ཕྱིན་ཚར་པ་རེད།
༥༽ འགྲོ་ཡུལ་རྒྱལ་ཁབ་དེ་ཚོའི་ནང་ཁྱེད་ཀྱིས་ཕྱག་ཁྱེར་གང་བེད་སྤྱོད་བཏང་བ་ཡིན།
ལན། ཨ་རིའི་མི་སེར་ལག་ཁྱེར་བེད་སྤྱོད་བཏང་པ་ཡིན། སྐབས་རེ་རྒྱལ་ཁབ་ཤས་ནས་ལག་འཛིན་ཁ་པར་གྱི་བྱང་བུ་ཉོ་དགོས་དུས་བཙན་བྱོལ་བོད་མིའི་བཅའ་ཁྲལ་ལག་དེབ་ལྗང་ཁུ་དེ་ཡང་བེད་སྤྱོད་བཏང་མྱོང་།
༦༽ འགྲོ་ཡུལ་རྒྱལ་ཁབ་དེ་ཚོས་ཁྱེད་རང་གི་ལས་འགུལ་འདི་ལ་དོ་སྣང་ག་འདྲ་འདུག དེའི་ཐོག་ནས་ཁྱེད་རང་འདོད་བློ་ཁེངས་པ་བྱུང་ངམ།
ལན། དེ་ལ་རིམ་པ་གསུམ་ཕྱེ་ནས་བཤད་དགོས་པར་མཐོང་། ད་བར་དུ་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་༡༢༨ལྷག་ཐུག་པ་རེད། རིམ་པ་དང་པོ་དེ་ལ། རྒྱལ་ཁབ་དེ་ཚོའི་ནང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་ངའི་ལས་འགུལ་འདི་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་དང་ངོས་ལེན་བྱེད་མཁན་ཧ་ཅང་ཡག་པོ་འདུག ལྷག་པར་དུ་ཁོང་ཚོས་ཚུར་གསུང་རྒྱུར། ང་ཚོས་དེ་སྔོན་ཡང་བོད་པར་རྒྱབ་སྐྱོར་བྱས་པ་ཡིན་དེ་བཞིན་མ་འོངས་པར་ཡང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར་མཁན་འདུག དེ་ཚོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དྲིན་རེད་བསམ་བྱུང་། གཉིས་པ་རྒྱལ་ཁབ་དེ་ཚོའི་ནང་གི་གནད་ཡོད་མི་སྣ་ཁག་གཅིག་གིས་ང་ཚོའི་ངོས་ནས་ཁྱེད་རང་ཚོ་བོད་པའི་གནས་སྟངས་ལ་རྒྱབ་སྐྱོར་བྱེད་འདོད་སེམས་ན་ཡོད་ཀྱང་། དངོས་སུ་ལག་བསྟར་བྱེད་རྒྱུ་ཁག་པོ་འདུག་ཟེར་མཁན་ཁོང་ཚོས་རྒྱུ་མཚན་ལ། ཆབ་སྲིད་དང་དཔལ་འབྱོར་གྱི་ཕྱོགས་ནས་རྒྱ་ནག་དང་སྒོ་བསྟུན་དགོས་ས་མང་པོ་ཞིག་ཡོད་པས་ཁག་པོ་ཡོད་ཚུལ་ཡང་བཤད་མཁན་འདུག གསུམ་པ་དེ་ལ། ཁག་ཅིག་གིས་ཏཱ་ལའི་བླ་མ་ཧ་གོ ཁོང་ཧ་ཅང་གི་མི་ཡག་པོ་འདུག འོན་ཀྱང་བོད་དོན་ཟེར་པ་དམིགས་བསལ་ཧ་མི་གོ་ཟེར་ཞིང་། དེའི་ཐོག་མ་འོངས་པར་ང་ཚོས་རྒྱབ་སྐྱོར་བྱས་པ་ཡིན་ན་ག་རེའི་ཐོག་ལ་རྒྱབ་སྐྱོར་བྱེད་དགོས་འདུག་ལབ་ནས་ཚུར་སྐད་ཆ་འདྲི་མཁན་དེ་འདྲ་ཡང་འདུག
གཉིས་པ་འདོད་པ་ཁེངས་དང་མ་ཁེངས་ཟེར་པ་དེ་རེད། སྤྱིར་ཡོངས་ཀྱིས་འདོད་པ་ཁེངས་སོང་ཟེར་པ་ཁག་པོ་རེད། ཡིན་ན་ཡང་ང་གང་ཟག་སྒེར་པ་ཞིག་གིས་འདི་འདྲའི་ལས་འགུལ་ཞིག་སྤེལ་བ་ལ་རྒྱལ་ཁབ་དེ་ཚོའི་གནད་ཡོད་མི་སྣ་ཕལ་མོ་ཆེས་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་པ་དེས་སོ་སོ་རང་ཉིད་ལ་དཔག་པའི་ཆ་ནས་བསམ་བློ་བཏང་ན་དགའ་སྤོབས་ཆེན་པོ་བྱུང་། ད་དུང་ས་གནས་ཁ་ཤས་ཀྱི་གནད་ཡོད་མི་སྣ་ཚོས་ཁྱེད་རང་ཚོ་བོད་པས་མུ་མཐུད་ནས་འདི་འདྲ་བྱས་ནས་ང་ཚོར་དྲན་སྐུལ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཁྱེད་རང་ཚོ་ཡང་ནས་ཡང་དུ་ཡོང་དགོས་པ་རེད་གསུང་མཁན་དང་། ཁ་ཤས་ཀྱིས་ས་ཁུལ་འདི་ཚོ་ན་བོད་པ་ཡོད་དམ་མེད་ཟེར་ནས་འདྲི་མཁན་ཡང་འདུག གང་ལྟར་ང་ཚོས་གང་ཡང་མ་བྱས་པར་བསྡད་མ་བསྡད་པར་མུ་མཐུད་བྱས་སྡད་ན་རྒྱབ་སྐྱོར་ཡག་པོ་རག་ས་རེད་བསམ་པའི་ཚོར་སྣང་བྱུང་།
༧༽ ས་གནས་ཁག་གི་བོད་རིགས་ཚོས་ཁྱེད་རང་གི་ལས་འགུལ་འདི་ལ་དོ་སྣང་ག་འདྲ་འདུག
ལན། ཕལ་ཆེ་བ་ཡག་ཐག་ཆོད་རེད། ཡིན་ནའང་ང་རང་གིས་དང་པོ་ལས་འགུལ་འདི་འགོ་འཛུགས་བྱེད་དུས་ས་གནས་ཁག་གི་བོད་རིགས་དེ་ཚོས་ང་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་ཨེ་ཡོང་བསམ་པའི་རེ་བ་དེ་འདྲ་གང་ཡང་མེད། སོ་སོས་དང་བླང་གི་ཐོག་ནས་བྱས་བསྡད་པ་དེ་འདྲ་ཡིན། ཡང་རྒྱལ་ཁབ་དང་ས་གནས་གང་ཞིག་ལ་བསླེབས་པ་ཡིན་ནའང་ས་གནས་དེར་ཡོད་པའི་རང་གཞུང་སྐུ་ཚབ་དོན་གཅོད་དང་། བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ལ་འབྲེལ་བ་བྱས་པ་ཡིན། དེ་བྱེད་དགོས་དོན་ནི་རང་ཉིད་ས་ཆ་དེར་བསླེབས་དུས་གཅིག་ནས་སྐད་དང་། གཉིས་ནས་རྒྱལ་ཁབ་དེ་ཚོའི་ནང་གི་གནད་ཡོད་མི་སྣ་དེ་ཚོར་མཇལ་ཕྲད་དང་། གསར་འགྱུར་རྒྱུད་ལམ་ཁག་ལ་བཅར་ཐུབ་པ་ཡོང་ཆེད་ཆ་རྒྱུས་ཡོད་མེད་ཀྱིས་ཁོང་ཚོ་དང་འབྲེལ་བ་བྱས་པ་ཡིན། གང་ལྟར་ཁོང་ཚོ་དང་འབྲེལ་བ་བྱས་པའི་བརྒྱུད་རིམ་དེའི་ཁྲོད་ནས་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་དེ་ཚོར་མཇལ་རྒྱུའི་གོ་སྐབས་བྱུང་བ་དེ་འདྲ་ཡང་ཡོད་པ་རེད། ས་གནས་དེ་ཚོའི་ནང་གི་བོད་པའི་སྐུ་ཚབ་དོན་གཅོད་དང་ཚོགས་པ་སྤྱི་སྒེར་ཚང་མས་ང་ལ་དོ་སྣང་དང་རྒྱབ་སྐྱོར་ཡག་པོ་གནང་བྱུང་བསམ་པའི་ཚོར་སྣང་བྱུང་། དེ་ནས་ས་གནས་ཁ་ཤས་ན་འབྲེལ་བ་བྱེད་ས་བོད་རིགས་མེད་ན་སོ་སོ་རང་ཉིད་ཐད་ཀར་སོང་ནས་རྒྱལ་ཁབ་དེ་ཚོའི་གནད་ཡོད་མི་སྣར་མཇལ་ཕྲད་དང་གསར་འགྱུར་བརྒྱུད་ལམ་ལ་འབྲེལ་བ་བྱས་པ་ཡིན།
༨༽ ཁྱེད་རང་གི་ལས་འགུལ་འདི་ལ་ས་གནས་ག་གེ་མོ་ནས་འགོག་རྐྱེན་བཟོ་མཁན་དེ་འདྲ་ཨེ་བྱུང་།
ལན། ཡུ་རོབ་ཀྱིས་གཙོ་བའི་རྒྱལ་ཁབ་གཞན་པ་དེ་ཚོའི་ནང་ནས་ངའི་ལས་འགུལ་ལ་འགོག་རྐྱེན་བཟོ་མཁན་གང་ཡང་མ་བྱུང་། ཡིན་ན་ཡང་ཧོང་ཀོང་ལ་འབྱོར་སྐབས། དང་པོ་གནད་ཡོད་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི། གསར་འགོད་པ་བཅས་ལ་མཇལ་ཕྲད་བྱས་པ་དང་། སློབ་གྲྭ་ཆེན་མོ་སོགས་སུ་བསྐྱོད་རྒྱུའི་གོ་སྐབས་བྱུང་། དེ་ནས་རྒྱ་ནག་ལྷོ་ཕྱོགས་(south Chaina)ཟེར་པའི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་རྒྱུ་དེ་དུས་ཚོད་གཏན་འཁེལ་བྱས་ཡོད་ཀྱང་། ཕྱི་ཉིན་ལས་རིམ་དེ་ལ་འགྱུར་བ་ཕྱིན་འདུག དེ་ལ་ཁོང་ཚོས་འགྲེལ་བཤད་རྒྱབ་པ་ལྟར་ན། རྒྱ་ནག་གཞུང་གིས་སྒང་ནས་མར་བཀའ་བཏང་ནས་གནོན་ཤུགས་སྤྲད་པ་རེད་འདུག དེ་མ་གཏོགས་འགོག་རྐྱེན་བཟོ་མཁན་དེ་འདྲ་གང་ཡང་མ་བྱུང་།
༩༽ རྒྱལ་ཁབ་དེ་འདྲ་མང་པོ་བརྒྱུད་ནས་ཕེབས་དགོས་དུས་དཀའ་ངལ་ཆེ་ཤོས་གང་ཕྲད་པ་དང་། ལྷག་པར་དུ་དཔའ་འབྱོར་གྱི་ཐོག་ནས་ཁྱེད་རང་ལ་གནས་སྟངས་ག་འདྲ་ཡིན།
ལན། སྤྱི་ཡོངས་ཀྱི་ཆ་ནས་བསམ་བློ་བཏང་པ་ཡིན་ན་ལས་འགུལ་འདི་འདྲའི་རིགས་ལ་དཀའ་ངལ་ཚང་མ་བཤད་བསྡད་ན་རྫོགས་རྒྱུ་མེད་པ་རེད། འོན་ཀྱང་དཀའ་ངལ་ཆུང་ཙག་དེ་ཚོ་བཤད་ནས་དགོས་དོན་ཡང་མེད་པར་སེམས། དུས་རྒྱུན་དུ་སེམས་ལ་ན་འདུག་པའི་དཀའ་ངལ་ཞིག་ཡོད་པ་ནི་སྐད་རེད། རྒྱལ་ཁབ་མང་པོ་བརྒྱུད་ནས་འགྲོ་དགོས་དུས་སྐད་རིགས་མི་འདྲ་བ་མང་པོར་ཐུག་དགོས་པ་དེ་རེད། སྐད་རིགས་མ་འདྲ་བའི་དབང་གིས་ཕར་ཕྱོགས་ལ་རང་ཉིད་ཀྱི་སེམས་ནང་གི་སྐད་ཆ་ངོ་མ་བོ་དེ་ར་འཕྲོད་དང་མི་འཕྲོད་ཀྱི་ཐོག་སེམས་འཁྲལ་ཆེ་ཤོས་དེ་ཡོང་གི་འདུག གལ་ཏེ་རང་ཉིད་ཀྱིས་ཁོང་ཚོའི་སྐད་དེ་ཡག་པོ་ཞིག་བརྡ་འཕྲོད་ན་ཕར་ཕྱོགས་ནས་ཚུར་དོ་སྣང་ཁྱད་པར་བ་ཡོང་གི་རེད་བསམ་པའི་ཚོར་བ་དེ་འདྲ་ཤུགས་ཆེ་བྱུང་།
ཡིན་ན་ཡང་སྐད་མ་འདྲ་བའི་དབང་གིས་སོ་སོའི་ལས་འགུལ་གྱི་དགོས་འདུན་དང་དམིགས་ཡུལ་དེ་ཚོ་ཕར་ཕྱོགས་ལ་གོ་བརྡ་མ་འཕྲོད་པ་དེ་འདྲ་གང་ཡང་བྱུང་མ་མྱོང་། སོ་སོའི་ལས་འགུལ་འདིའི་དགོས་འདུན་དང་དམིགས་ཡུལ་སོགས་དང་པོ་ནས་རྒྱལ་ཁབ་མང་པོའི་སྐད་ཀྱི་ཐོག་བསྒྱུར་ནས་གྲ་སྒྲིག་བྱས་ཡོད་སྟབས། གོ་བརྡ་གཏན་ནས་མི་འཕྲོད་པའི་གནས་སྟངས་དེ་འདྲ་བྱུང་མ་མྱོང་། དེ་ནས་དཔལ་འབྱོར་གྱི་སྐོར་རེད། དམིགས་བསལ་ཡོང་ཁུངས་དེ་འདྲ་གང་ཡང་མེད། དང་པོ་ནས་སོ་སོ་རང་ཉིད་ཀྱིས་འཆར་གཞི་ཞིག་བཟོས་ནས་དེ་འགྲུབ་པ་ལ་རང་ཉིད་ལ་ཡོད་པའི་དངུལ་དེས་ག་ཚད་བར་དུ་འདང་གི་ཡོད་པ་དེ་ལ་བསམ་བློ་བཏང་པ་ཡིན། དེ་ལས་གཞན་པའི་ལས་འགུལ་འདིའི་ཆེད་དུ་དམིགས་ནས་ཞལ་འདེབས་དེ་འདྲ་གཅིག་ཀྱང་སློང་མ་མྱོང་། ཡང་ས་གནས་ཁག་གི་བོད་རིགས་མང་ཚོགས་ཀྱི་ཁྲོད་ནས་ཚོགས་སྐྱིད་དང་སྒེར་བ་ཁག་གིས་ལྷག་བསམ་རྣམ་དག་གིས་ང་ལ་རྒྱབ་སྐྱོར་གྱི་རྣམ་པའི་ཐོག་ནས་ཞལ་འདེབས་གནང་མཁན་དེ་འདྲ་ཁག་ཅིག་འདུག་དེ་ཚོ་བླངས་པ་ཡིན།
༡༠༽ རྒྱལ་ཁབ་ཁག་གི་གསར་འགྱུར་བརྒྱུད་ལམ་དེ་ཚོར་འབྲེལ་བ་བྱེད་ཕྱོགས་ག་འདྲ་ཡིན་གསུང་རོགས་གནང་།
ལན། འབྲེལ་བ་བྱེད་ཕྱོགས་དེ་སྣ་ཚོགས་རེད། ང་རང་ས་གནས་གང་ཞིག་ལ་བསླེབས་པ་ཡིན་ན་ཐོག་མར་བོད་མིའི་སྐུ་ཚབ་དོན་གཅོད་ཀྱིས་གཙོ་བའི་བོད་རིགས་ཚོགས་པ་དང་སྒེར་བཅས་ལ་འབྲེལ་བ་བྱས་པ་ཡིན། ཁོང་ཚོས་རོགས་པ་བྱས་ནས་ས་ཁུལ་ཁ་ཤས་ནས་ཡག་པོ་བྱུང་། ཡང་ས་ཁུལ་ཁ་ཤས་ན་བོད་མིའི་སྐུ་ཚབ་དོན་གཅོད་སོགས་མེད་ན་ང་རང་ཐད་ཀར་རྒྱལ་ཁབ་གང་དུ་འབྱོར་ཡོད་པ་དེའི་གནད་ཡོད་མི་སྣ་དང་གསར་འགྱུར་ཁང་སོགས་ཀྱི་སྒོ་རྡུང་ནས་འགྲོ་རྐྱང་ཡིན། སྐབས་རེ་རོགས་པ་ཡོད་པ་ལས་མེད་པ་ཡང་ཡག་པོ་འདུག གང་ཡིན་ཟེར་ན་ས་གནས་དེར་གནས་སྡོད་བྱེད་མཁན་གྱི་བོད་མི་ཞིག་དང་མཉམ་དུ་ཐད་ཀར་གསར་འགྱུར་ལས་ཁུངས་དང་གནད་ཡོད་མི་སྣ་སོགས་མཇལ་དུ་ཕྱིན་པ་ཡིན་ན། ཚུར་ཁྱེད་རང་ཚོས་དུས་ཚོད་མ་བཟོས་པས་ཐད་ཀར་འཛུལ་ཡོང་བ་དེ་འགྲོ་སྟངས་མ་ཤེས་པ་རེད་ཟེར་ནས་འཁང་ར་སྣ་ཚོགས་ཀྱིས་སྐད་ཆ་མང་པོ་ཞིག་ཡོང་གི་འདུག དེ་བས་སོ་སོ་རང་ཉིད་ཀྱིས་རྐང་འཁོར་རྒྱབ་ཏུ་རྡོག་ཕྲེས་བཏགས་ནས་རྐང་འཁོར་ཁྲིད་ནས་ཐད་ཀར་ཁོ་རང་ཚོའི་སྒོ་རྡུང་བཞག་ན་ད་དུང་ཚུར་དོ་སྣང་དེ་བས་ཡག་པོ་བྱེད་ཀྱི་འདུག
༡༡༽ གསར་འགྱུར་བརྒྱུད་ལམ་དེ་ཚོས་བོད་དོན་ཁྱབ་བསྒྲགས་བྱས་ན་རྒྱ་ནག་གི་གནོན་ཤུགས་ཡོད་མེད་ཀྱི་སྐད་ཆ་དེ་འདྲ་ཡོང་གི་འདུག་གམ།
ལན། དེའི་སྐོར་བཤད་ན་སྐད་ཆ་རིང་པོ་འདྲ་ཞིག་རེད། གནོན་ཤུགས་ཡོད་མེད་ཟེར་པ་དེ་ཁོ་རང་ཚོས་རང་ཚུགས་བརྟན་པོ་འཛིན་ཐུབ་མིན་དང་གདུང་ལེན་བྱེད་ཕྱོགས་ལ་རག་ལས་པར་མཐོང་། འབྲེལ་བ་བྱེད་སའི་གསར་འགྱུར་ལས་ཁུངས་ཡིན་ནའང་འདྲ། གནད་ཡོད་མི་སྣ་དེ་ཚོ་ཡིན་ནའང་འདྲ། གཙོ་བོ་དེ་ལ་ཁོང་ཚོས་རང་ཚུགས་བརྟན་པོ་བཟུང་ནས་རྡུང་ལེན་བྱས་ན་རྒྱ་ནག་གི་གནོན་ཤུགས་ཀྱིས་མི་ནོན་པ་དེ་གསལ་བོ་རེད་འདུག དཔེར་ན་ང་དབྱིན་ལན་ལ་འབྱོར་སྐབས་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤ་ཡེའི་སྡེ་ཚན་ལ་འབྲེལ་གཏུགས་བྱས་པ་ཡིན། ཁོང་ཚོས་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་སྟངས་དེ་ཧ་ལས་པ་བརྟན་པོ་རེད། སྐབས་དེར་ཁོང་ཚོས་ངའི་ལས་འགུལ་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་གནང་བ་མ་ཟད། རྒྱལ་ཁབ་ཁ་ཤས་ནས་བོད་དོན་ལ་རྒྱབ་སྐྱོར་བྱས་ན་རྒྱ་ནག་དང་འབྲེལ་ལམ་སྡུག་ཏུ་འགྲོ་བ་དང་དཔལ་འབྱོར་གྱི་འབྲེལ་ལམ་སོགས་ལ་དོ་ཕོག་འགྲོ་བའི་སྐོར་བཤད་སྲོལ་ཞིག་ཡོད་པ་དེ་མཐའ་གཅིག་ཏུ་བདེན་པ་མ་རེད་ཟེར།
དཔེར་ན་དེ་སྔོན་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་ཁོང་ཚོས་གདན་འདྲེན་ཞུས་པ་དང་མཇལ་ཕྲད་གནང་པར་རྒྱ་ནག་གིས་སྤྱིར་བཏང་དེའི་ཐོག་སྐད་རྒྱབ་པ་རེད་དེ། ང་ཚོའི་གཞུང་ལ་ཁོང་ཚོས་ལབ་ནང་བཞིན་གནོན་ཤུགས་གང་ཡང་ཐེབ་མེད་པ་མ་ཟད་རྒྱ་ནག་མཉམ་དུ་ཚོང་དོན་དང་དཔལ་འབྱོར་ཕྱོགས་ནས་སྔར་ལས་ཡག་ཏུ་ཕྱིན་ཡོད། འབྲེལ་ལམ་ཡང་སྔར་ལས་སྡུག་ཏུ་སོང་བ་དེ་འདྲ་གང་ཡང་མེད་ཟེར་ནས་འགྲེལ་བཤད་རྒྱབ་བྱུང་། ཁོང་ཚོའི་གསུང་སྟངས་ལ་བལྟས་ན་གནོན་ཤུགས་ཟེར་པ་དེ་སོ་སོས་གདུང་ལེན་བྱེད་ཕྱོགས་ལ་རག་ལས་པ་གསལ་པོ་རེད། ཕལ་ཆེ་བས་བོད་དོན་ལ་རྒྱབ་སྐྱོར་བྱས་ན་རྒྱ་ནག་གི་གནོན་ཤུགས་ཡོང་གི་རེད་བསམ་ནས་དོགས་པ་ཞིག་གིས་རང་ཉིད་ལ་ཁག་པོ་བཟོས་སྡད་མཁན་དེ་འདྲ་ཡང་འདུག དཔེར་ན། ངའི་གནས་ཚུལ་དེ་ཚོ་གསར་འགྱུར་ནང་ལ་བཀོད་ཚར་ན་འགོད་མཁན་ལ་ལས་ངས་བཀོད་པ་ཧ་མི་གོ་བ་གནང་རོགས་གནང་། ཁྱེད་ཀྱི་ངོ་དེབ་ནང་ངའི་པར་མ་འཇོག་རོགས་ཟེར་པ་དང་། ཡང་ལ་ལས་གནས་ཚུལ་འགོད་རྒྱུ་ཡིན་འོན་ཀྱང་ཁྱེད་དང་མཉམ་དུ་པར་དེ་འདྲ་མ་རྒྱབ་ན་འགྲིག་གམ་ང་མ་འོངས་པར་རྒྱ་ནག་ལ་འགྲོ་དགོས་ཡོད་ཟེར་མཁན་དེ་འདྲ་འདུག
དེ་ཚོ་ནི་སོ་སོས་ལངས་ཕྱོགས་བརྟན་པོ་འཛིན་མ་ཐུབ་དང་། རང་ཉིད་ཀྱི་དོགས་པ་ཞིག་གིས་བཟོས་བཞག་པ་འདྲ་བོ་མཐོང་བྱུང་། རང་ཚུགས་བརྟན་པོ་བཟུང་ནས་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱས་ན་ལམ་ཁ་མེད་འགྲོ་བ་དེ་འདྲ་ཞིག་གཏན་ནས་མ་རེད་སྙམ། དཔེར་ན། ཡོ་རོབ་ནང་རྒྱ་ནག་དང་ཚོང་དོན་གྱི་འབྲེལ་ལམ་ཡག་པོ་ཡོད་མཁན། བོད་དོན་ལའང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཤུགས་ཆེ་བརྟན་མཁན་དེ་འདྲ་འདུག ཁོང་ཚོའི་གནང་སྟངས་དེ་ཧ་ལས་པ་རེད། བློན་ཆེན་ལས་ཁུངས་ཀྱི་བློན་ཆེན་བཞུགས་སའི་སྒེའུ་ཁུང་གི་མདུན་ན་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་བསྡད་པ་དེ་འདྲ་དངོས་སུ་མཐོང་རྒྱུ་འདུག ཁོང་ཚོས་འགྲེལ་བརྗོད་བྱས་ན་ཚོང་དོན་དང་དཔལ་འབྱོར་གྱི་འབྲེལ་ལམ་བརྒྱུད་ནས་རྒྱ་ནག་ལ་བོད་དོན་སྐོར་ནས་བོད་ནང་གི་གནས་སྟངས་ཐབས་སྡུག་ཡིན་སྐོར་ཕར་བཤད་ན། ཚུར་ལེན་དུ་རྒྱ་ནག་ནང་དེ་འདྲའི་གནས་ཚུལ་གང་ཡང་མེད་བདེ་ཐག་ཆོད་ཡིན། ང་ཚོ་ཚོང་གི་འབྲེལ་ལམ་རེད་དེའི་སྐོར་སྐད་ཆ་བཤད་རྒྱུ་མིན་ཟེར་ནས་ལེན་འདེབས་བྱེད་ཀྱིན་འདུག་ཟེར། མདོར་ན་ཁོང་ཚོས་གསུངས་པ་ལྟར་ན་བོད་དོན་སྐོར་བཤད་པ་དང་རྒྱབ་སྐྱོར་བྱས་པ་དེས་རྒྱ་ནག་དང་ང་ཚོའི་བར་གྱི་འབྲེལ་ལམ་ལ་དོ་ཕོག་གང་ཡང་མི་འདུག་ཟེར།
༡༢༽ ཁྱེད་རང་གི་ལས་འགུལ་འདིའི་རྒྱུད་རིམ་གྱི་ཐོག་ནས་བསམ་བློ་བཏང་ནས་བོད་རིགས་མང་ཚོགས་ལ་འབོད་སྐུལ་དེ་འདྲ་གནང་རྒྱུ་ཡོད་དམ།
ལན། འབོད་སྐུལ་དེ་འདྲ་དམིགས་བསལ་མེད་ཀྱང་། སོ་སོའི་ཉམས་མྱོང་ཐོག་ནས་བསམ་ཚུལ་ཞིག་བརྗོད་འདོད་བྱུང་། ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་འདི་ཛ་དྲག་པོ་དང་། ཉག་ཕྲ་བོ་འདི་འདྲ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད། དེ་འདྲ་ཡིན་དུས་དོ་བདག་སོ་སོའི་ངོས་ནས་བོད་སྤྱི་བ་ལ་ཕན་པའི་ལས་དོན་ག་འདྲ་ཞིག་སྒྲུབ་ཐུབ་པ་དེར་དང་ཐོག་སོ་སོ་རང་ཉིད་ཀྱིས་རྐང་པ་དང་པོ་དེ་རྒྱག་དགོས་པ་དང་། གཉིས་པ་སོ་སོའི་ནུས་པས་མ་འདངས་ས་དང་དཀའ་ངལ་གང་ཞིག་ཕྲད་པ་དེ་ལ་རྒྱབ་སྐྱོར་དང་རོགས་པ་འཚོལ་རྒྱུ་དེ་ང་རང་གིས་ད་བར་གྱི་ཉམས་མྱོང་ཟེར་ནའང་འདྲ། བསམ་བློའི་འཁོར་ཕྱོགས་ཟེར་ནའང་དེ་འདྲ་ཞིག་ཡིན། སོ་སོ་སྐྱིད་ས་བདེ་ས་ཞིག་ལ་བསྡད་ནས་མི་གཞན་ལ་རོགས་སྐྱོར་དགོས་ལབ་བསྡད་པ་ཡིན་ན་དེ་དག་དག་མེད་པ་ཞིག་ནམ་རྒྱུན་མཐོང་གི་ཡོད།
༡༣༽བལ་ཡུལ་དུ་ནམ་འབྱོར་བ་དང་ལས་འགུལ་རིགས་གང་དང་གང་སྤེལ་རྒྱུ་བྱུང་བ་དེའི་སྐོར་ཅིག་གསུང་རོགས་གནང་།
ལན། བལ་ཡུལ་དུ་སྤྱི་ཟླ་ ༩ ཚེས་ ༢༤ ཉིན་འབྱོར་བྱུང་། ཐོག་མར་འབྱོར་སྐབས་དགའ་ལྡན་ཁྲི་རིན་པོ་ཆེ་ཚང་གྲུབ་ཐོབ་རིན་པོ་ཆེ་ཟེར་པའི་བླ་མ་ཞིག་གི་སྐུ་གདུང་མཆོད་རྟེན་གྲུབ་པའི་མཛད་མགོན་དུ་ཕེབས་ཡོད་པ་དང་སྟབས་ཁེལ་ནས་ཁོང་གི་སྐུ་མདུན་དུ་བཅར་ནས་བོད་ནང་གི་རང་ལུས་མེར་བསྲེག་གཏོང་མཁན་འདས་གསོན་ཡོངས་ཀྱི་གནད་དོན་སྙན་གསན་ཕུལ་ནས་རང་ལུས་མེ་བསྲེག་གཏོང་མཁན་རྣམས་ཀྱི་མཚན་ཐོ་ཁོང་གི་སྐུ་མདུན་དུ་བཞག་པ་ཡིན། དེ་བཞིན་ཁོང་གིས་ཀྱང་ཐུགས་སྨོན་སྐྱབས་འཇུག་གནང་བྱུང་། དེ་ནས་རིམ་པས་བལ་ཡུལ་ནང་གཡུང་དྲུང་བོན་དང་རྙིང་མ་དགེ་ལུགས་སོགས་ཆོས་རྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ལ་མཇལ་བཅར་ཞུས་ཐོག་རང་ལུས་མེར་བསྲེག་གཏོང་མཁན་འདས་གསོན་རྣམས་ཀྱི་ཆེད་སྨོན་ལམ་བཅོལ་བ་དང་སྐྱབས་འཇུག་ཞུས་པ་ཡིན།
ལྷག་དོན་བལ་ཡུལ་ཀོ་པན་དགོན་པར་འབྱོར་སྐབས་དགེ་ལུགས་པའི་དགོན་སྡེ་ཁག་བཅུ་གྲངས་ཤིག་ནས་དགེ་འདུན་པ་གང་མང་ཞིག་འཇང་དགུན་ཆོས་ཆེན་མོ་ཉིན་ཐ་མའི་སྐབས་དང་ཁེལ་བས་དགེ་འདུན་འདུས་པ་རྒྱ་མཚོར་སྙིང་བཀུར་སྐྱབས་འཇུག་ཞུས་ནས་རང་ལུས་མེ་བསྲེག་གཏོང་མཁན་འདས་གསོན་རྣམས་ལ་ཐུགས་སྨོན་སྐྱབས་འཇུག་ཧ་ཅང་ལེགས་པོ་བྱུང་སོང་། དེ་བཞིན་བལ་ཡུལ་ནང་གི་མཆོད་རྟེན་རྣམ་གསུམ་གྱིས་གཙོས་གནས་ཆེན་ཁག་ལའང་རང་ལུས་མེ་བསྲེག་གཏོང་མཁན་རྣམས་ཀྱི་མཚན་ཐོ་ཁྱེར་ནས་འདས་གསོན་རྣམས་ཀྱི་ཆེད་དུ་དམིགས་ནས་རྟེན་མཆོག་སྤྱན་སྔར་མར་མེ་དང་སྨོན་ལམ་ཡག་པོ་རྒྱག་རྒྱུའི་གོ་སྐབས་བྱུང་། དེ་རྗེས་ཉེ་ཆར་རང་བལ་ཡུལ་ནང་གཏན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་སྐྱབས་བཅོལ་སྡེ་ཚན་གྱི་འགོ་ཁྲིད་Palden Scumidt མཆོག་ལ་མཇལ་ཕྲད་བྱས་པ་ཡིན། ཁོང་ལ་བོད་ནང་རྒྱ་ནག་གི་སྡུག་རྩུབ་ཆེ་བའི་སྲིད་བྱུས་འཛིན་སྟངས་དེས་རང་ལུས་མེ་བསྲེག་གི་དོན་རྐྱེན་འདི་འདྲ་ཡོང་གི་ཡོད་སྐོར་རྒྱལ་ཁབ་གཞན་གྱི་གནད་ཡོད་མི་སྣ་དེ་ཚོར་འགྲེལ་བཤད་བྱས་པ་ནང་བཞིན་བྱས་པ་ཡིན།
དེ་རྗེས་བལ་ཡུལ་སྤོག་ར་ཁུལ་ལ་རྐང་འཁོར་སྐོར་སྐྱོད་བྱས་ནས་སྤོ་ར་བྱམས་པ་གླིང་དུ་འབྱོར་སྐབས་ས་གནས་གཞིས་འགོ་ཟུར་པ་ཚེ་རིང་བཟང་པོ་ལགས་ཀྱིས་ལམ་སྟོན་དང་ཕྱག་རོགས་གནང་ཐོག་གཞིས་དགོན་སྟག་ལུང་བཀའ་རྒྱུད་ཀྱི་བླ་མ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་དང་། ས་གནས་གཞོན་ནུ་བཅས་ལ་མཇལ་ཕྲད་བྱས་པ་ཡིན། དེ་ནས་རིམ་པས་རྐང་འཁོར་སྐོར་བསྐྱོད་བྱས་ནས་དཔལ་འབྱོར་གླིང་དང་ས་སྐྱ་དགོན་པ་བཅས་སུའང་བོད་རིགས་མང་ཚོགས་ཁག་ཅིག་ལ་མཇལ་ཕྲད་བྱས་པ་ཡིན། སྐབས་དེ་དུས་འབའ་ལ་ཁ་རིན་པ་ཆེ་དེར་ཕེབས་ཡོད་པ་དང་སྟབས་ཁེལ་བས་ཁོང་ལའང་མཇལ་རྒྱུ་བྱུང་། དེ་བཞིན་བཀྲིས་གླིང་གཞིས་དགོན་གྱི་དར་གླིང་སྤྲུལ་སྐུ་བློ་བཟང་འཇམ་དབྱངས་མཆོག་དང་མཇལ་ནས་བཀྲིས་གླིང་གི་གཞིས་དགོན་དུ་བསྐྱོད་ནས་དགེ་འདུན་པ་ཚོས་མཎི་དང་སྨོན་ལམ་གསུང་བ་བཅས་བྱུང་།
དེ་ནས་རིམ་པས་དཔལ་ས་སྐྱའི་དགོན་པ་བཅས་ལའང་མཇལ་སྐོར་དུ་ཕྱིན་པ་ཡིན། སྤོག་ར་ཁུལ་ལ་སྐོར་སྐྱོད་གྲུབ་པ་དང་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་འཁྲུངས་པའི་གནས་མཆོག་ལུམྦི་ནི་ལ་རྐང་སྐོར་སྐྱོད་བྱས་པ་ཡིན། དེ་དུས་ཡང་བོད་ནང་གི་རང་ལུས་མེ་བསྲེག་གཏོང་མཁན་རྣམས་ཀྱི་མཚན་གཞུང་ཆ་ཚང་ཁྱེར་ནས་གནས་མཆོག་དེར་མར་མེ་དང་སྨོན་ལམ་བྱས་ཡོད། དེ་ནས་མཇུག་མཐར་བལ་ཡུལ་ནང་གི་བོད་པའི་གསར་འགོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་དང་། ནོར་ཝེ་བཅས་ཀྱི་བཅར་འདྲིའི་གོ་སྐབས་དང་ལེན་བྱས་པ་བཅས་རེད།
༡༤༽ མཇུག་མཐར་ཁྱེད་རང་གི་ལས་འགུལ་འགོ་གང་ནས་བཙུགས་པ་དང་། དུས་ནམ་ཞིག་ལ་བཙུགས་པ། མཇུག་ནམ་བསྡུ་རྒྱུ་ཡིན་ཅིག་གསུངས་ན་འགྲིག་གམ།
ལན། འགོ་འཛུགས་ས་དེ་ཡུ་རོབ་བྷེལ་རྒྱམ་གྱི་རྒྱལ་ས་བྷོ་སིལ་(Brussels)ཟེར་པ་དེ་ནས་ད་ལོ་ཕྱི་ལོ་༢༠༡༣ ཟླ་༣ ཚེས་༡༠ ཉིན་སུམ་ཅུའི་དུས་དྲན་ཉིན་དང་སྟབས་བསྟུན་ནས་ལས་འགུལ་འདི་འགོ་འཛུགས་བྱས་པ་རེད། མཇུག་གང་ནས་བསྡུ་ད་དུང་གང་ཡང་བཤད་རྒྱུ་མེད་བལ་
ཡུལ་ནང་མཇུག་་གྲུབ་པ་དང་རྒྱ་གར་ལ་འགྲོ་རྩིས་ཡོད་།
འོ་ན་ཁྱེད་ཀྱིས་ངའི་བཅར་འདྲི་དང་ལེན་གནང་བར་ཐུགས་རྗེ་ཆེ།
བཅར་འདྲི་བྱེད་མཁན་བལ་ཡུལ་མདོ་སྨད་ས་རྒྱུན་དྲུང་ཆེ་གྲགས་པ་ཡིན།
རྐང་འཁོར་ཞོན་མཁན་འདི་ངོ་དེབ་ནས་མང་བོར་མཐོང་མྱོང་། ཁོའི་པར་སྣ་མང་ངོ་དེབ་ན་མཐོང་རྒྱུ་འདུག་་
ཡིན་ཡང་ཁོས་ཅི་ཞིག་བྱེད་ཀྱིན་ཡོད་པའི་སྐོར་ཤེས་མ་སོང་། པར་ལ་མཆན་སོགས་མེད་པས་ད་སྔ་སྤྱོར་བཏང་གི་འགྲུལ་བཞུད་པ་ཞིག་རེད་སྙམ་པ་ལས་ཅི་ཡང་དྲན་མ་མྱོང་། ད་གསལ་བོར་ཧ་གོ་སོང་་། ཡག་པོ་རེད། ཐུགས་རྗེ་ཆེ།
དགའ་སྤྲོ་དང་འཚམས་འདྲི་ཡོད་ལགས།
བཅར་འདྲི་སྤྱི་ཚོགས་མེ་ལོང་དུ་འགོད་ཆོག་པ་ཞུ།