ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ།
ངའི་ཞི་བའི་འཐབ་རྩོད་ཀྱི་ཆེས་ཚད་མཐོ་བའི་དམ་བཅའ་དང་བློས་གཏོང་གི་ཐག་གཅོད་འདི་བྱས་པ་ལ་ལོ་ངོ་ཉི་ཤུ་ཏག་ཏག་ཇི་ལྟར་སོང་མིན་དང་འགོ་འབུས་ནས་རྩ་བ་ཇི་ལྟར་རྒྱས་མིན་བསྐོར་གཤམ་དུ་ངོ་སྤྲོད་བྱེད་དགོས་པར་དགོས་པ་རྒྱུ་མཚན་མི་ཉུང་བ་ཞིག་མཐོང་བ་ལ་བརྟེན་ནས་ངས་དེ་རིང་བལ་ཡུལ་བཙོན་འོག་ནས་འབྲི་བཞིན་ཡོད།
ཕྱི་ལོ་༡༩༩༣ལོར་ང་དང་གྲོགས་འགའི་ལྷན་དུ་མཚོན་ཆ་ཁབ་རྩེ་ཙམ་ཡང་ལག་པར་བཟུང་མེད་པའི་བོད་ཀྱི་ཆོས་བྱེད་དགེ་འདུན་པ་དག་ལ། ཀྲུང་གོ་སྲིད་གཞུང་ངན་པའི་ལག་ཆ་ལྟ་བའི་བསམ་བློ་དང་རང་ལུས་རང་དབང་དུ་མེད་པའི་དྲག་པོའི་དམག་གིས་རྒོལ་བརྡུང་བཙན་གནོན་གྱི་དངོས་བྱུང་བརྙན་རིས་གསོན་པོ། ལྷ་གདན་གཙུག་ལག་ཁང་གི་ནང་དུ་འཛུལ་ནས་དགེ་འདུན་པ་དག་གི་གཙོས་ཉེས་མེད་བོད་ཀྱི་མི་སེར་ལ་དྲག་བརྡུང་ཚད་ལས་འདས་པ་ཞིག་བྱེད་བཞིན་པའི་བརྙན་འཕྲིན་མཐོང་དུས། ང་རང་ལོ་ན་བཅུ་དྲུག་ཏག་ཏག་ལས་སོན་མེད་པའི་རབ་བྱུང་གི་ཆ་ལུགས་སུ་ཡོད་པའི་ཉིན་ཞིག་ཡིན། བརྙན་འཕྲིན་སྟོན་མཁན་བོད་མི་ངོ་ཤེས་དེས་“ཁྱོད་རང་གིས་བློ་གཏད་བྱེད་ཆོག་པའི་གྲོགས་འགའ་ཁྲིད་ཤོག་དང་། ངས་ཆེས་གསང་བ་ཡིན་པའི་བོད་དོན་བསྐོར་གྱི་དངོས་བྱུང་གློག་བརྙན་ཞིག་སྟོན་ཆོག་’’གསུངས་པ་ལྟར། ངས་གོང་གི་དངོས་བྱུང་གློག་བརྙན་དེ་བལྟས་སྐབས་སུ། གཙུག་ལག་ཁང་གི་ནང་དུ་དྲག་དམག་དེ་དག་གཅིག་རྗེས་གཉིས་མཐུད་དུ་མཆོང་བ་དང་ཉེས་མེད་དགེ་འདུན་པ་དག་ལུ་གུ་གླག་གིས་བཟུང་བ་ལྟར། དྲག་དམག་ལྔ་དྲུག་རེ་ཡིས་རུབ་བརྡུང་བྱེད་པའི་རྣམ་པ་དེ་དངོས་སུ་མིག་མདུན་དུ་ཤར་དུས་ “ཨ་ཤུ་རེ་གོ ང་ཚོའི་བོད་མི་ལ་འདི་འདྲའི་མཐོང་ཆུང་དང་གཉའ་གནོན་བྱེད་ཀྱི་ཡོད་པ་རེད། རྒྱ་དམག་འདི་ཚོ་ ’’ བསམ་ནས་རང་ཉིད་ལ་ཉེས་བརྡུང་བཏང་བ་ལྟ་བུའི་ཚོར་བ་ཞིག་གིས་འོག་འདུག་སྟེགས་ལ་ཤུགས་ཀྱིས་འཐམ་པ་དང་ཉིན་དེ་ནས་བཟུང་དམག་མི་གང་ནས་རིག་ན་མི་དགའ་བ་དང་ཀྲུང་གོ་སྲིད་གཞུང་ལ་མི་དགའ་བའི་གྲ་ཕྲུག་ཞིག་དང་དགོན་པའི་བརྩིགས་ངོས་དང་རང་གི་འདུག་ཤག་གི་སོགས་ཀྱི་བརྩིགས་ངོས་སུ་“བོད་རང་བཙན་ཡིན།’’ཞེས་འབྲི་ལ་དགའ་བའི་གོམ་གཤིས་ཤིག་ཆགས་སོང་།
༡༩༩༣ལོ་དེ་རང་དུ་ང་རང་གི་མི་ཚེ་ནང་ཆེས་ཐོག་མའི་ལྷ་གདན་གཙུག་ལག་ཁང་ལ་མཇལ་བའི་སྐབས་སུ་བར་བསྐོར་ནས་ཕོ་རྒོད་སྟག་འདྲ་བ་ཁ་ཤས་ཤིག་གཅིག་རྗེས་གཅིག་ལ་སྙེགས་སྟེ་ “བོད་རང་བཙན་གཙང་མ་ཡིན། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པོར་ཤོག་’’ཞེེས་མཆོང་ཡོང་བ་དང་མི་བདུན་ཡོད་པ་ལས་ལྔ་བསྐོར་ལམ་དུ་ཕར་སོང་ཤུལ་དུ་ལུས་པའི་སྟག་ཤར་གཉིས་ཀྱི་ཁྲོད་གཅིག་དམག་མིས་དེ་མ་ཐག་འཇུ་བཟུང་བྱས་ཀྱང་། རྒྱ་སྟག་ངར་མའི་རྩལ་ཤུགས་རྒྱས་པའི་ཕོ་རྒོད་དེ་ལས་སླ་བོར་ལག་མ་འཁེལ་བར་དམག་མི་དེ་ཚོ་ཕར་གཡུགས་ཚུར་གཡུགས་བྱེད་སྐབས་སུ། མེ་མདའ་ཐོག་མཁན་གྱི་དམག་མི་ཞིག་གིས་སྐག་སྒྲ་དང་བཅས་མེ་མདའ་བརྒྱབས་སོང་བ་དང་དབའ་རྒོད་ཁོང་ས་དེ་རང་དུ་འགུལ་མེད་དུ་བཏང་སོང་། ང་རང་དམག་མི་དེས་སྟེང་ལ་ཚུགས་པ་ཟས་པ་དང་དེ་ནས་བཟུང་དམག་མིས་བྱེད་སྟངས་ལས་སྟངས་ཀྱིས་བོད་མི་ཚོར་སྐད་འབོད་རང་དབང་ཙམ་སྤྲོད་ཀྱི་མེད་པ་མིག་གི་ངོས་སུ་མཐོང་བ་དང་སེམས་ལ་ཤེས་སུ་བཅུགས་སོང་།
ཁམས་པའི་ཕོ་རྒོད་ཅིག་གིས་༧གོང་ས་མཆོག་གི་༧སྐུ་དཔར་ཆེས་མི་ཉུང་བ་ཞིག་ཤེལ་སྒྲོམ་ཞིག་གི་ནང་དུ་སྒྲིག་གཤོམ་གྱི་རྒྱབ་དུ་ཁུར་ནས་བར་སྐོར་དུ་༧རྒྱལ་བའི་དབང་བོའི་༧སྐུ་བསྟོད་དང་༧བོད་ཡུལ་དུ་མྱུར་དུ་བྱོན་པར་སྨོན་ལམ་སྐད་ཤུགས་ཆེན་པོའི་སྒོ་ནས་ངག་སྐྱོར་བྱེད་བཞིན་རྐྱང་ཕྱག་འཚལ་བཞིན་པའི་སྐབས་སུ། རྒྱའི་གཉེན་རྟོགས་པ་གཉིས་ཀྱིས་ཁོང་འཛིན་བཟུང་བྱས་སྟེ། བར་བསྐོར་རང་དུ་ཡོད་པའི་གཉེན་རྟོགས་ས་ཚིགས་ཀྱི་ཁང་བའི་ནང་དུ་ཁྲིད་ནས་ཁོང་ལ་སྐད་ཆ་གང་ཡང་མ་དྲིས་པར་མངོན་སུམ་འཛེམ་མེད་ཀྱིས་བཅར་བརྡུང་བྱེད་འགོ་བཙུགས་སོང་བ་དང་ལོ་ན་ཆུང་བའི་ང་དང་བོད་མི་མི་ཉུང་བ་ཞིག་གིས་སྒོ་འགྲམ་ནས་ཡར་ནང་དུ་བལྟས་བསྡོད་པ་ལས་གང་ཡང་རོགས་བྱེད་མ་ཐུབ་པའི་དངོས་མཐོང་གི་བྱ་སྤྱོད་དེས་བོད་མི་རྣམས་ཀྱི་ཆོས་ལུགས་རང་དབང་གི་ཐོབ་ཐང་བཙན་འཕྲོག་བྱེད་སྟངས་དེས་རང་ཉིད་ཀྱི་སེམས་ཁམས་ལ་ན་ཟུག་ལྷག་མ་ཞིག་སྤྲད་སོང་།
༡༩༩༥ལོའི་ལོ་འགོ་ཞིག་ལ་ང་རང་བསང་ཆུ་རྫོང་རྒྱོའུ་རྒྱ་ཚོང་ར་ཆེན་མོ་ནས་ཕྱི་དྲོའི་དཔེ་སྤྱོང་བློ་འཛིན་བྱེད་པའི་དུས་སུ་རན་པ་དང་གང་མགྱོགས་དགོན་པའི་ཕྱོགས་སུ་འགྲོ་བཞིན་པའི་སྐབས་སུ། ངའི་ལྟག་རྒྱབ་ནས་མི་ཞིག་གིས་ང་བཟུང་བ་དང་“ཁྱོད་ཀྱིས་ང་ངོ་ཤེས་ཀྱི་འདུག་གམ། ངའི་མིང་ལ་སངས་བྷ་ཟེར་བ་ཡིན་’’ཞེས་བཤད་པ་དང་ངའི་རང་གི་ཕ་རྒན་གྱི་ངོ་ཤེས་ཤིག་རེད་བསམ་ནའང་། “ངས་ཁྱོད་རང་ངོ་ཤེས་ཀྱི་མི་འདུག་’’ ཞེས་ལན་བཏབས་ཀྱང་། ཁོས་དེ་ལ་ཡ་ལན་གང་ཡང་མི་བྱེད་པར་“འུ་གཉིས་ཚོང་ཁང་འདིིའི་ནང་དུ་གཅིག་འགྲོ་དང་དོན་དག་ཆུང་ཆུང་ཞིག་འདུག་’’ཟེར་བས་ང་རང་གིས་ཁ་ཕྱིར་འཁོར་ནས་བལྟ་ལོང་ཙམ་ཡང་མེད་ནའང་། ཁོའི་གོན་པའི་ནང་ལ་ནས་མཐོང་ཐུབ་པ་ནི། སྐར་མ་རྟགས་ཅན་གྱི་དམག་ལ་མཐོང་བས་གཞི་ནས་ཁོ་རང་གཉེན་རྟོག་པ་ཡིན་བ་ཤེས་སོང་།
གཉེན་རྟོག་པའི་ལས་ཁུངས་དུ་སླེབས་པ་དང་ཅོག་རྩེ་སྒང་དུ་ “བོད་རང་བཙན་ཁྲི་ལོར་བརྟན་པོར་ཤོག་’’ཞེས་པའི་བཀྲམ་ཡིག་བཞག་འདུག་པ་དེར་མཛུབ་མོ་བཙུགས་ནས་“འདི་ཁྱོད་རང་གིས་ཤེས་ཀྱི་འདུག་གམ་’’ཟེར་བ་དང་། “ངས་མི་ཤེས་’’ ཅེས་ལན་བཏབས་ཀྱང་། “མ་ཤེས་ཁུལ་མ་བྱེད། བླ་བྲང་དགོན་པའི་ནང་དུ་གྲ་སྟོང་ཕྲག་གསུམ་དང་ལྔ་བརྒྱའི་ནང་། ཁྱོད་རང་གཅིག་བུ་དོན་མེད་དུ་ང་ཚོས་ཁྲིད་འོང་གི་མ་རེད། ཡག་པོ་བྱས་ན་བཟང་གི་རེད་’’ཅེས་འདྲི་གཅོད་ཀྱི་འགོ་བཙུགས། ཕ་མ་ཉེ་དུ་སོགས་ཀྱིས་ང་རང་བདུན་ཕྲག་གཅིག་ལྷག་གི་རིང་གར་སོང་ཆ་མེད་དུ་སོང་ནས་ང་རང་གང་དུ་ཡོད་མེད་གཏན་ནས་ཤེས་མེད་། མཐའ་མཇུག་ཁོང་ཚོས་ང་རང་འཛིན་བཟུང་བྱས་པ་དེར་རྒྱུ་མཚན་གཉིས་ཡོད་པ་ནི། གཅིག བོད་རང་བཙན་ཁྲི་ལོར་བརྟན་པོར་ཤོག་ཞེས་པའི་བཀྲམ་ཡིག་དེ་ཡི་ཡིག་གཟུགས་ངའི་ཡིག་གཟུགས་དང་འདྲ་མཚུངས་ཀྱི་དོགས་པ། གཉིས། ང་རང་བསྟུད་མར་ལོ་རེར་ལྷ་སར་ཅིའི་ཕྱིར་སོང་མིན་དང་ལྷ་ས་ནས་ང་རང་ལ་མི་གཞན་གྱིས་ཅ་དངོས་སོགས་ཀྱི་འབྲེལ་བ་བཟུང་མིན་སོགས་ཀྱི་དོགས་པ། དོན་མེད་ཉེས་མེད་ཀྱིས་འཛིན་བཟུང་བྱས་པ་དེས་ལྷག་དུ་རྒྱ་ནག་གི་ལས་བྱེད་དག་ལ་སྙིང་ནས་མི་དགའ་བར་གྱུར་སོང་།
༡༩༩༧ལོར་རྒྱ་གར་དུ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་གཉིས་སོང་བའི་ཉིན་ཞིག་ལ། གྲོགས་གྲ་བློས་ཐུབ་གཅིག་དང་ངེད་གཉིས་ཀྱིས་བོད་དོན་འཐབ་རྩོད་བྱེད་འདོད་ཀྱི་འདུན་པའི་བསྐོར་ལ་ཁ་བརྡ་མི་ཉུང་བ་བྱས་རྗེས་ངེད་གཉིས་ཕྱིར་བོད་དུ་སོང་ནས་བོད་དོན་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་རྒྱུའི་གྲོས་ཁ་འཆམ་ནའང་། ཐ་མ་དེར་གྲོགས་གྲ་དེས་ཕྱིར་འཐེན་བྱས་སོང་།
༡༩༩༧ལོའི་ལོ་དཀྱིལ་དུ་ང་རང་ཕྱིར་བོད་དུ་སོང་ནས་སྔར་བཞིན་བླ་བྲང་དགོན་པའི་ནང་དུ་བསྡད་དེ་༡༩༩༨ལོ་འགོར་ཤིང་དཔར་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་རེག་པ་དང་། ཤིང་དཔར་ཁང་དེ་ནས་བོད་དོན་འཐབ་རྩོད་ཀྱི་གསང་བའི་སྒྲིག་འཛུགས་ཤིག་དཔར་ཁང་དུ་དེ་རང་དུ་འཛུགས་རྩིས་ཀྱིས་ནམ་ཡང་བསླུས་མ་མྱོང་བའི་གྲོགས་གྲ་ཞིག་ལ་གསང་གྲོས་བྱོས་དུས། ཁོང་གིས་“དྲིན་ཆེན་པོ། དེ་འདྲ་མ་བྱེད། ཁྱོད་རང་རྒྱ་གར་ནས་ཡོང་ནས་ཡུན་རིང་མ་སོང་བ་དང་། རང་གི་ཚེ་སྲོག་དང་བཙོན་འཇུག་གི་ཉེན་ཁ་ཞིག་འོང་རྒྱུ་ལས་ཁྱོད་རང་གི་འཆར་གཞི་ལེགས་འགྲུབ་ཡོང་བར་ད་ལྟའི་འཆར་མི་སྲིད་པ་ལྟ་བུ་ཞིག་རེད། དཔར་ཁང་འདིར་ལས་མི་མི་ཉུང་བའི་སྒང་ལ་ཚང་མ་ཁྱོད་རང་བཞིན་བོད་དོན་འཐབ་རྩོད་ཀྱི་བསམ་བློ་ཡོད་མཁན་མིན་སྟབས། ཁྱོད་ཀྱིས་དེ་རིང་འགོ་བཙུགས་ན། སང་ཉིན་ཞོགས་པ་ཁྱོད་རང་འཛིན་བཟུང་བྱེད་ཁོ་ཐག་ཡིན། འདི་ན་གསང་ཉུལ་བ་ཆེད་དུ་བཞག་ཡོད་པ་རེད། སྔོན་ཆད། དཔར་ཁང་འདི་དང་འགྲེལ་ཡོད་ཀྱི་བོད་དོན་ལས་འགུལ་སྤེལ་མྱོང་མཁན་འགའ་ཡང་། དེང་སང་ལ་བྲོས་བྱོལ་དུ་ཕེབས་ནས་རྒྱ་གར་དུ་བཞུགས་ཡོད་པ་ཁྱོད་རང་གིས་ཤེས་གསལ་རེད་’’ཅེས་བློས་ཐུབ་གྲོགས་པོ་དེ་ཡི་ཞུ་ངོ་ལྡོག་མ་ཐུབ་པར་ལུས་པ་རེད།
༢༠༠༡ལོར་ང་རང་གིས་ད་ནི་མུ་མཐུད་དུ་སློབ་གྲ་གང་ཞིག་གི་ཟུར་ཞུགས་སློབ་མའམ། སློབ་གྲར་འཛུལ་རྒྱུའི་གོ་སྐབས་ཤིག་བཙལ་ནས་རང་གི་སྐད་ཡིག་རིགས་གནས་ཀྱི་ཤེས་ཚད་མཐོ་རུ་བཏང་ནས་མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་བྱ་བཞག་དོན་སྙིང་གྲུབ་འབྲས་ལྡན་པ་ཞིག་བྱེད་དགོས་སྙམ་ནས། ས་ར་རིག་སློབ་དུ་ཟུར་ཞུགས་ཀྱི་གོ་སྐབས་དགེ་རྒན་ཞིག་རྒྱུད་ཚེ་རེག་གི་ཡོད་པ་ཐོས་ནས་དེ་ལྟར་རེ་བ་བརྒྱབས་ཀྱང་རེ་འབྲས་མ་སོན་པ་རེད།
༢༠༠༢ལོར་ང་དང་གསར་བུ་ཞིག་གིས་རྒྱ་གར་ཤར་ཕྱོགས་ནས་ཟ་ཁང་ཞིག་གི་ནང་དུ་ལས་ཀ་བྱེད་སྐབས་སུ་ངེད་གཉིས་ཀྱིས་དུས་རྒྱུན་བོད་དོན་འཐབ་རྩོད་བྱེད་ཕྱོགས་བསྐོར་གྱི་བསམ་ཚུལ་འདྲ་མིན་གླེང་བ་དང་མཐར་ངེད་གཉིས་ཀྱིས་འགྲོ་སོང་འདང་ཙམ་ཞིག་བསགས་རྗེས་བོད་དུ་འཛུལ་ནས་པོ་ཏ་ལའི་ཡང་སྟེང་ནས་ང་རང་གིས་བོད་ཀྱི་རྒྱལ་དར་ལུས་ལ་གྱོན་ནས་བོད་དོན་རང་དབང་གི་སྐད་འབོད་དང་བརྡ་ཁྱབ་མང་བོ་ཞིག་གཏོར་ཞོར་དུ་མཆོང་རྒྱུ་དང་། ཁོས་གཤམ་ནས་བརྙན་དུ་ཕབ་རྒྱུ་སོགས་བྱས་ཀྱང་། ཐ་མ་དེར་རྐྱེན་དབང་གིས་ཁོ་རང་ཕྱི་ནུར་བྱས་སོང་།
༢༠༠༣ལོར་ང་རང་ཕྱིར་བོད་དུ་སོང་ན་ཆེད་སྤྱོང་སློབ་ཞུགས་བྱེད་པའི་སྒེར་གཉེར་སློབ་གྲ་དེ་འདྲ་ལ་འགྲོ་སོང་སྒེར་ནས་བཏང་ན། བོད་ཀྱི་རིག་གནས་ཆེད་སྤྱོང་བྱེད་ཐུབ་པ་གོ་བ་ལྟར་རང་གི་ནང་མི་དང་འབྲེལ་བ་བྱས་ནས་བོད་དུ་སོང་ནའང་། སྟབས་མ་ལེགས་པར་བོད་དུ་དངོས་སུ་སླེབས་དུས། ངས་ཆེད་སྤྱོང་སློབ་ཞུགས་བྱེད་པའི་དཔལ་འབྱོར་གྱི་མཐུན་རྐྱེན་ཁག་པོ་གྱུར་ཡོད་པ་དང་རྒྱ་གར་ནས་ཡོང་མཁན་ལ་ས་མིག་རེག་ཁག་པོ་ཆགས་པའི་གནས་སྟངས་ཤིག་ཆགས་སྟབས། ངས་བོད་ཀྱི་རིག་གནས་ཀྱི་བྱ་བཞག་སྟེང་ནས་བོད་མི་རིགས་ལ་ཞབས་འདེགས་བྱེད་འདོད་ཀྱི་རེ་འདུན་ཡོངས་སུ་རྫོགས་པ་དེ་ནས་སླར་ཡང་བཤིག་སོང་བ་རེད།
༢༠༠༧ལོར་གྲོགས་པོ་གཉིས་དང་ང་ཚོས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་ཀྲུང་གོ་ནས་རྩེད་བཞིན་པ་དེ་ཡི་གོ་སྐབས་བཟུང་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་རྒྱུའི་གྲོས་ཁ་འཆམ་པ་དང་ཕྱིར་བོད་དུ་སོང་བ་དང་། བོད་མི་རིགས་ཀྱི་འཐབ་རྩོད་ཆེད་དུ་མི་ཚེ་བཀང་བོར་བཟའ་ཚང་ཡང་མི་བྱེད་པའི་དམ་བཅའ་བཞག་ཀྱང་། སྟབས་མ་ལེགས་པར་རྐྱེན་མི་ཉུང་བ་ཞིག་དང་འཕྲད་དེ་ང་ཚོ་ཁ་འཐོར་སོང་།
༢༠༠༨།༣།༡༠དུས་དྲན་གྱི་སྐད་འབོད་ཤུགས་ཆེན་བསྒྲགས་པ་དང་རྡ་ཤོད་ཀ་ཅ་རུ་སྣུམ་ཚིགས་དེར་འཛོམས་དུས་སུ། ངས་རང་ཉིད་ཀྱི་གཟུགས་པོ་མེ་རུ་སྒྲོན་འདོད་ཀྱི་བློ་སེམས་ཡང་ཡང་འཁོར་ནས་སྣུམ་ཚིགས་དེ་ནས་རང་ཉིད་ལ་སྣུམ་ཇི་ལྟར་རེག་མིན་དང་མི་མང་བོ་དེ་འདྲ་ཞིག་གི་གསེང་ནས། ངའི་རྐ་ལག་ཙམ་ལ་ཡང་མེ་སྒྲོན་དབང་མ་བྱིན་པར་བཀག་པ་དང་། སྣུམ་ཚིགས་ཀྱི་བདག་པོས་ང་རང་སྣུམ་བླུགས་སའི་འགྲམ་དུ་སླེབས་པ་དང་ “ཁྱོད་རང་ལ་ག་རེ་དགོས་’’ཞེས་བཀག་པ་ཡིན་ན་སོགས་བོད་དོན་འཐབ་རྩོད་ཆེད་རང་ལུས་མེར་སྒྲོན་འདོད་ཀྱི་གོ་སྐབས་དེ་ནས་ཤོར་བ་དང་ཕྱིར་རྡ་ས་མེག་གྷན་ལ་འབྱོར་བ་དང་སྙིང་ཉེ་བའི་མི་ཞིག་ལ་བཤད་དུས་“དྲིན་ཆེན་པོ། དེ་འདྲའི་གླེན་འདང་མ་རྒྱགས། ངས་ཁྱོད་ལ་ཞུ་བ་འཐེན་’’ཞེས་གསུངས་སོང་།
༢༠༠༨།༣།༡༤དོན་རྐྱེན་དུ་འབོད་པའི་བོད་མིའི་ཞི་རྒོལ་ཆེན་མོ་བྱུང་བ་དང་རྡ་སའི་དང་བླང་མི་མང་ཁག་གི་ལྷན་དུ་ངའི་གྲོགས་མོ་ཞིག་དང་ཞིག་དང་བཅས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེར་ཞུགས་ནས་ལམ་ཐག་སྤྱི་ལེ་སུམ་བཅུ་ལྷག་བརྒལ་ནས་བོད་ཕྱོགས་སུ་གོམ་བགྲོད་བྱས་ཀྱང་། མཐར་ང་དང་ངའི་གྲོགས་མོ་དེ། ཕོ་རྒོད་སྐྲ་རིང་གཅིག དགེ་འདུན་པ་གཅིག་ངེད་བཞི་ལས་གཞན་མི་མང་སྤྱི་ཡོངས་གཞུང་གིས་འབོད་བཀག་བྱས་པ་ལྟར་ཕྱིར་ཕེབས་ཤུལ་དུ་གྲོགས་མོ་དེ་ནས་རྡ་སར་གུང་གསེང་དུ་ཕེབས་པ་ང་དང་འཕྲད་ནས་ལས་འགུལ་འདིར་ཞུགས་པ་ལས་ངས་ཤུགས་རྐྱེན་གྱིས་འགྲོ་འདོད་བྱེད་ཀྱི་ཡོད་པ་ལས་ཁོ་མོ་རང་ཉིད་ཀྱི་སེམས་ཐག་ཆོད་པོའི་སྒོ་ནས་འགྲོ་ཡི་མེད་པ་ཡིན་དུས། ཁོ་མོའི་བདེ་འཇག་དང་ཚེ་སྲོག་ལ་ངས་འགན་ཁུར་དགོས་པ་ཡིན་དུས། ངས་ཁོ་མོས་རེ་སྐུལ་དང་དུ་བླང་དུ་ཕྱིར་འཐེན་བྱེད་དགོས་ཐུག་སོང་།
ཡིན་ཡང་། ང་རང་ཕྱིར་ཡོང་ནས་བོད་ནང་གི་ཞི་རྒོལ་ཆེན་མོའི་སྐོར་ལ་ཉི་མ་རེ་རེ་བཞིན་བསམ་ཚུལ་ཁག་སུམ་བཅུ་ལས་བརྒལ་བའི་ཟིན་བྲིས་དེ་དག་བཏབས་པའི་ཁྲོད་ནས་ “བོད་རེ་བའི་ཕོངས་’’ཞེས་པའི་ཟིན་བྲིས་དེ་མ་གཏོགས། གློག་ཀླད་རང་ཉིད་ཀྱི་མིན་སྟབས་རྗེས་སུ་ཚང་མ་བོར་བརླག་དུ་བུད་སོང་།
༢༠༡༡ལོར་ཟླ་དགུ་ཙམ་མ་གཏོགས་སོན་མེད་པའི་བུ་མོ་ཐར་མ་མཚོ་དང་མཛའ་མོ་གངས་དཀར་ལྷ་འཚོ་{yael pfeffer}གཉིས་སྐྱུར་ནས་ཕྱིར་རྒྱ་གར་དུ་འོང་ནས་བོད་དོན་འཐབ་རྩོད་ཀྱི་ལས་གཞི་རྒྱ་ཆེན་པོ་བྱེད་རྩིས་བྱས་ཀྱང་། ཤེས་ཡོན་དང་དཔལ་འབྱོར་གྱི་རྒྱབ་དཔུང་བྲལ་བའི་མི་ང་ལྟ་བུའི་འཇོན་ཐང་དེ་ཡི་གོ་སྐབས་ལེན་ཐུབ་མ་སོང་བས་ཕྱིར་རང་གི་བུ་མོ་དང་མཛའ་མོ་གངས་དཀར་ལྷ་འཚོའི་གམ་དུ་ལོག་དགོས་ཐུག་སོང་།
༢༠༡༡ལོའི་ལོ་མཇུག་ནས་བོད་ནང་གི་ཞི་བའི་མེ་ལྕེ་མཆེད་སྟངས་ཤུགས་ཆེ་རུ་སོང་བ་དང་། གཞིས་ལུས་སྤུན་ཟླའི་ཛ་དྲགས་གནས་བབས་དང་། ཀྲུང་གོ་སྲིད་གཞུང་གི་བོད་ལྗོངས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚོགས་གཙོའི་མིང་ཐོག་ནས། རྒྱ་མི་རིགས་ཟེར་བ་ལས་མི་རིགས་གཞན་ཟེར་བ་ཞིག་གཏན་ནས་མེད་པ་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བསྐྱབས་སྟབས། སྔ་མོ་ནས་རང་གི་རིགས་གཞུང་དང་བོད་མིའི་རང་དབང་སླར་གསོའི་རྨི་ལམ་མི་ཉུང་བ་རྨི་མཁན་གྱི་རང་ཉིད་ནི། ད་ནི་ཁ་ཞེ་གཉིས་མེད་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལག་ལེན་དངོས་ཀྱི་སྟེང་ནས། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ལ་དམིགས་དཔེ་བཟང་བོ་ཞིག་བསྐྲུན་པའི་དུས་སུ་འབབ་པ་དང་དེ་ཡང་སྔ་མོ་ལྟར་རོགས་པ་འཚོལ་བ་དང་སྒུག་ནས་བསྡོད་པའི་དུས་ཚོད་ཅིག་ཆགས་མེད་པ་དང་། གཞན་ལ་གྲོས་བྱས་ནས་བསྡོད་པ་སོགས་ཀྱི་དུས་གཏན་ནས་མིན་པར་རང་ཉིད་ནས་མགོ་བརྩམས་སྟེ་མ་ཤི་ཚུན་ཆད་དུ་བོད་དོན་བདེན་པའི་འཐབ་རྩོད་ཆེད་དུ། གཅེས་པའི་བུ་དང་བུ་མོ། འདྲིས་ཤིང་གཤིབ་པའི་མཛའ་མོའམ་ཆུང་མར་བོས་ཀྱང་མ་ཆོག་པ་མེད་པའི་ཁོང་མ་སྨད་གསུམ་བློས་མི་གཏོང་ཐབས་མེད་ཀྱི་དུས་ལ་སླེབས་པའི་ཞི་བའི་འཐབ་རྩོད་ཅིག་བྱེད་དགོས་པ་མཐོང་ནས། ཞི་བའི་འབོད་ཚིག་ལྔ་བསྒྲགས་ནས་བོད་དོན་བདེན་པའི་ཆེད། ཞི་བའི་འཐབ་རྩོད་ཀྱི་མགོ་འཛུགས་རྒྱུའི་དམ་བཅའ་ཡིད་ལ་བཅིངས་སྟེ་ཕྱིར་རྒྱ་གར་དུ་འབྱོར། ༢༠༡༢།༣།༡༠ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ལས་འགུལ་ཞི་བའི་གོམ་བགྲོད་འགོ་བཙུགས་པའི་བར། མི་ལོ་ཉི་ཤུ་ཏག་ཏག་གི་རྒྱུད་རིམ་དང་ཉམ་མྱོང་། བསམ་གཞིགས་སོགས་ཆེས་བློས་གཏོང་མང་བོ་ཞིག་རྒྱུད། ངས་བོད་མི་རིགས་ཀྱི་བདེན་པའི་མཐའ་སེལ་རྒྱུ་ཡོད་པའི་རྨི་ལམ་འདི་བཅིངས་སྟེ། དེ་རིང་རང་ཉིད་ངོས་སུ། སོ་སོའི་ལུས་ངག་ཡིད་གསུམ། སྤྱི་དོན་ལ་འབུལ་ཐུབ་པ་ཡིན། འོན་ཀྱང་། ངའི་མི་ཚེ་འདི་ནས་ཅི་ཙམ་འཚོ་བའི་བར་བོད་མིའི་བདེན་དོན་གྱི་ལས་ཅི་ཙམ་འགྲུབ་མིན་དང་སྒྲུབ་ཐུབ་མིན་ནི། ང་གཅིག་བུས་{དམ་བཅའ།}དང་{བློས་གཏོང་}ལ་རེག་ལས་མེད་པ་ནི། གནམ་འོག་གི་བོད་མི་ཤེས་འཇོན་ལྡན་པ་དང་རྣམ་དཔྱོད་མཁའ་ལྟར་ཡངས་པ་ཚོས་མཁྱེན་གསལ་བཅས་སོ།
དེ་འདྲའི་གོ་རིམ་སྟེ། ལོ་ངོ་ཉི་ཤུ་ཏག་ཏག་རྒྱུད་པའི་དེ་རིང་གི་ང་ནི་ཁ་ཞེ་གཉིས་མེད་ཀྱི་བོད་དོན་བདེན་པའི་ཆེད་དུ་གསོན་ནས་མ་ཤི་བར་སུ་ལའང་འཇིགས་ཞུམ་མེད་པར་རང་མི་རིགས་ཀྱི་བདེན་དོན་གླེང་བ་དང་རྩོད་པའི་ལམ་དུ་ཞུགས་པའི་ཡོད་ཚད་བློས་གཏོང་ཟིན་པའི་ཞི་བའི་འཐབ་རྩོད་ཁྲོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ལག་ལེན་གྱི་སྟེང་ནས་ར་སྤྲོད་བྱེད་ཐུབ་པར་འབད་འབུངས་ཅི་ཐུབ་གང་ཐུབ་བྱེད་ཀྱིན་པའི་ས་ཡ་དྲུག་བུ་དེའོ་ཞེས་མཇུག་བསྡུས་པ་དང་ལྷན། ངས་གང་བཤད་པ་གཅིག་བུར་མི་བལྟ་བར། ངས་གང་བྱེད་དང་{དམ་བཅའ}། {བློས་གཏོང་}གི་རྒྱུད་རིམ་ལ་ཞིབ་དཔྱོད་ཕྱོགས་ལྷུང་མེད་པ་ཞིག་གནོངས་རོགས་ཞུ་རྒྱུ་ཡིན།
མཐའ་དོན་ངའི་ཞི་བའི་འཐབ་རྩོད་ཀྱི་མཇུག་ག་དུས་བསྐྱེལ་གྱི་རེད་དམ་ཟེར་ན། དེ་ནི་བོད་མི་རིགས་ལ་རང་དབང་ཐོབ་ནས་༧རྒྱལ་བ་རིན་པོ་ཆེ་ཚང་ཕོ་བྲང་པོ་ཏ་ལར་ཞབས་ཀྱིས་བཅག་སྟེ། གཞིས་བྱེས་ལྷན་འཛོམ་ཡོང་བའི་ཉིན་མོ་དེ་ནི། ངའི་ཞི་བའི་འཐབ་རྩོད་ཀྱི་མཇུག་བསྡུས་པ་ཡིན་པ་བཅས་སོ།
____________________________________________
ངའི་ལོ་རྒྱུས།
༡༩༧༧།༣།༩བོད་མདོ་སྨད་བླ་བྲང་བསང་ཁོག་སྒྲོག་གི་ནག་ལྡང་ནང་སྐྱེ།
འཚར་ལོངས་བྱུང་ས་བླ་བྲང་སྔོན་ཆགས་སྡེ་བ།
ཁྱིམ་མིང་། གླིང་ཚ། བཏགས་མིང་། ཚེ་བརྟན་རྡོ་རྗེ།
༡༩༨༥བསང་ཆུ་རྫོང་རྒྱོའི་རྒྱ་སློབ་ཆུང་དུ་ཞུགས།
༡༩༨༨བླ་བྲང་དགོན་པར་ཆོས་ཞུགས་བྱས།
རང་བྱུང་གི་མིང་ལ། ཚུལ་ཁྲིམས་རྒྱ་མཚོར་བཏགས།
༡༩༩༥ལོར་བཙན་བྱོལ་དུ་ཐོག་མར་འབྱོར།
༡༩༩༧ལོར་ཕྱིར་བོད་དུ་སོང་།
༡༩༩༨ཡང་བསྐྱར་བཙན་བྱོལ་དུ་བཅར།
༡༩༩༩ལོ་ནས་རང་ཁ་རང་གསོའི་ལམ་དུ་ཞུགས་ནས་ཟ་ཁང་ཁག་གི་དཀར་སྡེར་འཁྲུ་མཁན་ནས་འགོ་བཙུགས་སྟེ་ད་ལྟའི་བར་ལས་ཀ་ཤུགས་ཆེ་ཤོས་མ་བྱན་བྱས།
༢༠༠༣ལོར་ཕྱིར་བོད་དུ་སོང་བ་དང་དམིགས་འདུན་ལེགས་འགྲུབ་མ་བྱུང་བར་སླར་ཡང་བཙན་བྱོལ་དུ་བཅར།
ཐེངས་གསུམ་ལ་བཙན་བྱོལ་དུ་འོང་བ་དང་ཐེངས་གཉིས་ལ་ཕྱིར་བོད་དུ་སོང་ནའང་། རྒྱ་ནག་གཞུང་ཚབ་ཁང་དུ་ལག་ཁྱེར་ཞུས་དེ་སོང་མྱོང་མེད་པར་རྐང་ལམ་རྒྱུད་པ་ཡིན།
༢༠༠༨ཨེས་སུ་རལ་དུ་སོང་ནས་ཨེས་སུ་རལ་གྱི་བུད་མེད་{yael pfeffer}གངས་དཀར་ལྷ་འཚོ་དང་མཉམ་དུ། གཅེས་ཕྲུག་གཉིས་ཡོད། བུ་མོ་ཐར་མ་མཚོ་དང་བུ་ཁ་བའི་ལྷ་སྲས།
༢༠༡༢།༣།༡༠བོད་མི་རིགས་ཀྱི་བདེན་དོན་དང་རང་དབང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་བྱེད་ཆེད་དུ་{ཞི་བའི་འཐབ་རྩོད་}ཀྱི་ལས་ལ་དངོས་སུ་ཞུགས་པ་བཅས་སོ།
སྨྱུག་མིང་། བོད། ཤ་ཁྲག་རུས་གསུམ། བོད། ལྷ་ཀླུ་གཉན་གསུམ། བོད། ལུས་ངག་ཡིད་གསུམ་བཅས་དང་། འཐབ་རྩོད་ཀྱི་མིང་། ས་ཡ་དྲུག་གི་བུ།
གད་སྙིགས་དུ་འཕེན་མ་དགོས་པ་ཙམ་གྱིས་དེབ་བཞི་དཔར་བསྐྲུན་བྱས་ཟིན་པ་དང་དཔར་ལ་ཉེ་བ་དང་རེ་ཟུང་ལུས་ཡོད།
བལ་ཡུལ་བཙོན་ཁང་དུ་༡༡།༡༢།༡༢ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།
དྲ་གྲོགས་རྙིང་པ་བོད་ཤ་རུས་ཁྲག་གསུམ་ལགས། ཁྱེད་དང་ང་གཉིས་ཀྱིས་དྲ་ཐོག་ཏུ་སྐད་ཆ་བཤད་མྱངས་བའི་རྒྱུད་རིམ་ནང་དུ་ཡུང་རོབ་ནང་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཆེན་པོ་འཛམ་གླིང་ནང་གི་ཆེ་ཤོས་ཤིག་བཟོ་ཨེ་བལྟ་ཞེས་ཁ་བརྡ་བྱས་མྱངས་ཡོད། ངས་ཀྱང་དེའི་སྐོར་དུ་སྒོར་མོ་ག་འདྲ་དགོས་མིན་དང་འཛུགས་སའི་ས་ཆ་རག་མིན་ཐོག་ཏུ་བསམ་བློ་བཏང་མྱངས་ཡོད།
སྐབས་དེ་དུས་ངས་བསམ་པར་ཡུང་རོབ་ནང་དུ་ཞི་བའི་གོམ་བགྲོད་རྒྱ་ཆེན་པོ་ཞིག་བྱས་ནས་ཧྥི་རན་སི་རྒྱལ་ཁབ་ཀྱི་ནང་དུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཆེན་པོ་འཛུགས་སའི་ས་ཆ་རག་མདོག་ཁ་པོ་རེད་བསམ་བཞིན་ཡོད། དེའི་རྗེས་སུ་ངས་བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུགས་མ་ཞེས་པའི་རྩོམ་ཡིག་ཞིག་བྲིས།
རྩོམ་ཡིག་དེ་བོད་ཀྱི་དུས་བབ་བསམ་ཚུལ་ནང་དུ་འགོད་རོགས་མ་བྱས་པ་མ་ཟད་དུས་བབ་ནང་གི་ངའི་ཟིན་བྲིས་ཚང་མ་ནག་བསུབས་བྱས་པ་རེད། དེའི་རྗེས་ནས་ཁྱེད་དང་ང་གཉིས་ཀྱི་བར་དུ་འབྲེལ་བ་ཁ་ཐག་ཅི་རིང་དུ་ཕྱིན། དེའི་རྗེས་སུ་ཁྱེད་ཀྱིས་ཞི་བའི་གོམ་བགྲོད་བྱེད་ཀྱི་འགོ་འཛུགས་པ་དང་ཞི་བའི་དོན་ཚན་ལྔ་བཏོན་པ་རེད། དོན་ཚན་ལྔ་པོ་དེ་དག་གི་ནང་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༧གོང་ས་མཆོག་བོད་ལ་གདན་འདྲེན་བྱ་དགོས་ཟེར་བ་དེར་བློ་ལ་བབ་མ་བྱུང་སྟབས་ཅི་གང་ཡང་ལབ་མེད།
ཞི་བའི་གོམ་བགྲོད་བྱས་ནས་རྡི་ལི་བསླེབས་དུས་སུ་སྐར་ལྔ་དར་དམར་འཕྱར་བྱུང་བས་བློ་ཕབ་ཆེན་པོ་བྱུང་ལ་འཇིག་རྟེན་མི་ཟེར་བ་འདི་ལ་ཡིད་བརྟན་མི་འདུག་ཨ་བསམ་བསམ་དྲན་བྱུང་། སྔོན་མ་འཛམ་གླིང་ཐོག་ཏུ་བོད་རྒྱལ་ཁབ་ཀྱི་རྒྱལ་དར་བྱུང་མ་མྱོང་བའི་ཆེན་པོ་ཞིག་བཟོ་གསུངས་མཁན་ཁྱེད་རང་ཡིན། ཁྱེད་ཀྱིས་བོད་རྒྱལ་ཁབ་ཀྱི་རྒྱལ་དར་ཆུང་ཆུང་ཞིག་སྐར་ལྔའི་དར་དམར་གྱི་འོག་ཏུ་འཁུར་ནས་འགྲོ་བ་མཐོང་དུས་ཁོང་ཁྲོ་ཆེན་པོ་ལངས་ཀྱི་འདི་ལ་བློ་ཕམ་ཆེན་པོ་བྱུང་། སྔོན་མའི་ལོ་རྒྱུས་རེད།
ཁྱེད་ཀྱིས་མུ་མཐུད་ནས་སྐར་ལྔའི་དར་དམར་ཁུར་གྱི་ཟེར་གྱི་ཡོད་རེད། འདོད་པ་རྩ་བ་མེད་ཞུ་རྒྱུ་ཡིན། ང་དང་ང་ལྟ་བུའི་བོད་མི་རྣམས་ཀྱི་སེམས་ལ་རྨ་ཁ་བཟོ་ངེས་རེད། ངས་རེ་བ་ལ་རྗེས་སུ་དེ་འདྲ་མ་བྱེད་རོགས་བྱོས་ཅེས་ཞུ་གི་ཡོད།
http://www.tibettimes.net/blogs.php?id=55&post_id=10589
ཤི་མ་ཐུབ་པའི་སྔ་གཞུག
རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས།
ངས་འདི་ནས་སྐད་ཆ་ཁ་ཤས་ཤིག་འདིི་ལྟར་ཞུ་འདོད་ཀྱིས་ཁ་སེམས་མེད་པར་ཞུ་རྒྱུའི་བློ་ཐག་བཅད་པ་ཡིན། དེ་ཡིན་དུས་ངས་སྐད་ཆ་དེ་བཤད་རྗེས་སུ་མི་མི་ཉུང་བ་རེ་ཡིས་ང་ལ་ཁ་བརྡང་བྱེད་སྲིད་ལ། བྱེད་འོས་པའིི་གནས་ལུགས་རེ་ཟུང་ཡོད་ངེས་ཡིན་ལ། བྱེད་མི་འོས་པའི་རྒྱུ་མཚན་ཡང་རེ་ཟུང་ཞིག་ཡོད་སྲིད་པ་ཡིན།
དེ་དག་ཡོད་ཚད་ཀློག་མཁན་གྱི་བོད་རིགས་སྤུན་ཟླ་དག་གིས་བསམ་བློ་སྔོན་བཏང་གི་སྒོ་ནས་ཞིབ་དུ་ཀློག་རོགས་ཞུ། དེང་སང་བོད་བཙན་བྱོལ་གཞུང་ཟེར་ནས་ལོ་ངོ་ལྔ་བཅུ་སོང་བའི་དེ་རིང་གི་ཉིན་མོ་འདི་ལ་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིགས་ཤིག་མི་འདོད་ཀྱང་བཙན་གྱིས་བོད་གཞུང་གི་ཆེས་མཐོའི་དབུ་ཁྲིད་བཀའ་བློན་ཁྲི་བ་ནས་གསུངས་དེ་སླེབས་འོང་དུས། མངའ་འོག་སྐྱེ་འབུངས་མི་སེར་ཆེས་མི་ཉུང་བ་ཞིག་སེམས་ཁོང་དུ་དྲི་བ་ཞིག་རང་བཞིན་གྱིས་སླེབས་ཀྱི་ཡོད།
ང་ཚོ་བཙན་བྱོལ་ནས་བོད་གཞིས་བྱེས་མི་མང་གི་ཚབ་མཚོན་ལྡན་པའི་གཞུང་ཞིག་བཙུགས་པའི་ལོ་ངོ་ལྔ་བཅུའི་ཡར་སྔོན་གྱི་སྙིང་སྟོབས་དེ་ནི། ཉིན་མ་དེ་རིང་གི་བར་དུ་གནས་ཡོད་ལ། དེ་རིང་བར་དུ་བྱེས་པ་ཚོ་བོད་གཞིས་ལུས་རྒྱ་ཆེ་མི་མང་གི་མགྲིན་ཚབ་པ་དང་བདེ་སྡུག་གི་རེ་འདོད་སྒྲོག་མཁན་གྱི་ཚབ་མཚོན་ཆེས་ཡག་ཤོས་ཤིག་ཆགས་ཡོད་པར་ས་བསྒྲགས་གནམ་བསྒྲགས་བྱས་སྟབས། ཉིན་མ་དེ་རིང་བར་དུ་ཁ་གྲགས་མི་ཤེས་པའི་ས་གནམ་གཉིས་ཀྱིས་ཀྱང་བཙན་བྱོལ་བོད་གཞུང་གཞིས་ལུས་མི་མང་གི་མགྲིན་ཚབ་པ་དང་བོད་མི་ས་ཡ་དྲུག་གི་བདེ་སྡུག་མཚོན་བྱེད་ཀྱི་བཙན་བྱོལ་གཞུང་དུ་ངེས་འཛིན་བྱས་པ་རེད།
བསམ་མི་འཕོད་པའི་གནད་འགག་གི་སྐད་ཆ་ཞིག་གློ་བུར་དུ་བཙན་བྱོལ་སྤྱི་ཚོགས་བརྒྱུད་དེ་རྒྱལ་སྤྱིའི་གདེང་ཆའི་སྒང་དུ་སླེབས་དེ་འོང་དུས། བོད་བཙན་བྱོལ་གཞུང་དེ་ནི་སྒྲིག་འཛུགས་ཤིག་གི་ངོ་བོར་གྱུར་བ་རེད། དེ་འདྲ་ཞིག་ཡིན་ན། སྒྲིག་འཛུགས་ཤིག་ལ་མཚོན་ན་ཚོགས་པ་ཞིག་གི་ལས་རྟགས་ལས་གཞན་གང་ཡང་མི་དགོས་པ་ཡིན་དུས། ད་ནི་བོད་མིའི་རང་དབང་ལག་དེབ་བམ། རང་བཙན་ལག་དེབ་མེ་བསྲེག་བཏང་ན་འོས་ཤིང་འཚམ་ལ། ཉིན་མ་དེ་རིང་ནས་གཞུང་གི་གླེང་ཕྱོགས་ཟེར་ནས་བརྗོད་མཚམས་བཞག་ནས་སྒྲིག་འཛུགས་ཤིག་གི་དགོས་འཁོ་ཟེར་ནས་གླེང་འོས་པ་དང་། སྒྲིག་འཛུགས་དེ་ཡི་དམིགས་ཡུལ་ཡང་སྒྲིག་འཛུགས་རང་བཞིན་ལས་བོད་མི་ས་ཡ་དྲུག་གི་ངོ་ཚབ་མཚོན་པ་ཞིག་བྱེད་ཐུབ་མེད་པ་དེར་ཁས་ལེན་བྱེད་དགོས་པའི་དུས་སུ་སླེབས་པ་ཡིན།
དྲང་མོ་བཤད་ན། བཙན་བྱོལ་བ་གཅིག་བུ་ལ་སྒྲིག་འཛུགས་ཤིག་དགོས་དོན་མི་འདུག་ལ། རང་བཙན་ལག་དེབ་དེ་བས་ཀྱང་དགོས་དོན་མི་འདུག ང་ཚོ་བོད་མི་ས་ཡ་དྲུག་གི་ངོ་ཚབ་ཀྱང་དེ་རིང་ནས་མ་ཉན་པ་དེ་ཡང་ཁས་ལེན་བྱེད་རན་ལ་ཐུག་པ་རེད། ཁ་སང་གི་བཙན་བྱོལ་སྒྲིག་འཛུགས་ཟེར་བའི་མིང་ཚིག་དེ་མ་སླེབས་བར་དུ་གཞུང་སྒེར་མི་ཉུང་བ་ཞིག་གིས་ཀྱང་། རང་བཙན་ལག་དེབ་བེད་སྤྱོད་བཏང་བ་དེར་དགོས་པ་ཡོད་ཟེར་ན་འགྲིག་མོད། སྐད་ཆ་དེ་སླེབས་ཉིན་ནས་བཟུང་དེ། རང་བཙན་ལག་དེབ་མེ་བསྲེག་བཏང་ནས་སྒྲིག་འཛུགས་ཤིག་གི་ལས་རྟགས་གསར་བཟོ་བྱོས་ན་འཚམ་པོ་ཡིན།
ལྷག་པར་དུ་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་གནང་མཁན་གྱི་ཚོགས་པ་སྐྱིད་སྡུག་ཁག་གིས་ཀྱང་ང་ཚོ་བོད་མི་གཞིས་ལུས་ཡོངས་ཀྱི་ཚབ་མཚོན་བྱེད་ཐུབ་དགོས་ཀྱི་ཡོད་ཟེར་བའི་སྐད་ཆ་དེ་ཡང་སྐྱག་རྫུན་དང་གཡོ་སྒྱུ་ཞིག་ལས་འགན་ལེན་ཡོད་པའི་སྐད་ཆ་དང་། གཞིས་ལུས་མི་མང་གི་སེམས་པ་དྲོད་ལ་སྒྱུར་བའི་སྐད་ཆ་ཞིག་མིན་པ་དེར་ཁས་ལེན་བྱེད་ཞོར་དུ་རང་བཙན་ལག་དེབ་མེ་བསྲེག་གཏོང་རོགས་ཞུ།
འདོན་སྤེལ།: ༢༠༡༠/༠༧/༢༦
ལྟོས་དང་་་ཁྱེད་རང་སྔོན་མ་རྒྱལ་ཞེན་ཆེན་པོ་དང་བཙན་བྱོལ་བོད་གཞུང་དགོས་མཁན་ཟེར་ཞིག་རེད། བོད་ཀྱི་རྒྱལ་དར་དང་བོད་གཞུང་དགོས་ཟེར་མཁན་ཞིག་རེད། དེང་སང་སྐར་ལྔའི་དར་དམར་གནམ་ལ་འཕྱར་ནས་འགྲོ་གི་ཡོད་རེད། ཅི་མ་བྱུང་ཐལ། གང་མ་འགྲིག་ཐལ། རང་ཚུགས་ཤོར་དགོས་དོན་ཅི་རེད་དམ།
ང་མི་ཞིག་མ་ཡིན་ཁྱི་ཞིག་ཡིན།
བོད་བཙན་པོའི་ཡུལ་གྱི་ཁྱི་ཞིག་ཡིན།
ང་ས་ཡ་དྲུག་གི་ཁྱི་སྒོ་གྱིས།
ཁྱེད་ས་ཡ་དྲུག་གི་བུ་ཞིག་ལ།
ཞུ་ཕོག་པ་དོན་ཞིག་མི་འདུག་ཀྱང་།
ཟུག་མི་བརྒྱབ་དཀའ་མེད་ལས་ཀྱིས་དེད།
སྐྱེས་ཕོ་རབ་བཤད་བཤད་གཏམ་ཞིག་བཤད།
གཏམ་ལྕགས་ཀྱི་རིལ་བུ་འདྲ་ཞིག་བཤད།
ལོ་ཅི་ཙམ་སོང་ཡང་འགྱུར་བ་མེད།
གཏམ་དེ་འདྲའི་བདག་པོ་ཕོ་རབ་ཡིན།
ཕོ་མཐའ་མས་བཤད་བཤད་རྫུན་ཞིག་བཤད།
རྫུན་རང་མགོ་སྐོར་བའི་གཏམ་ཞིག་བཤད།
ལོ་སྔར་ལོ་བཤད་པར་ད་ལོར་མེད།
གཏམ་དེ་འདྲའི་བདག་པོ་ཕོ་མཐའ་རེད།
ཁྱི་སྡར་ལུ་ཟུག་ཟུག་དགྲ་ལ་ཟུག
དགྲ་འཕར་སྤྱང་བསླེབས་དུས་ཟུག་ཞིག་བརྒྱབ།
ལུག་གཡང་ཀའི་རྩྭ་ས་ཨེ་ཟིན་བསམས།
དཔོན་ལུག་རྫིའི་དཔང་རོགས་ཨེ་ཕན་བསམས།
འདི་སྒོ་ཁྱི་དར་མའི་དབང་ལས་རེད།
སྐེ་ལྕགས་ཐག་གོན་པའི་སྒོ་ཁྱི་དང་།
ཁྱོད་ས་ཡ་དྲུག་གི་དཔའ་བོ་གཉིས།
གཏམ་བཤད་པའི་སྟོང་སྐད་འདྲ་ནའང།
སེམས་པའི་དམིགས་ཡུལ་མ་འདྲ་ཐལ།
ས་རང་ཡུལ་བཙོང་བའི་དཔའ་བོ་ལས།
ཁྱི་སྡར་ལུའི་སྐྱེ་བ་ལེན་ན་བསམས།
རྒྱ་དམར་པོའི་སྐྱག་ཁུ་འཐུང་བ་ལས།
ཤ་མེད་པའི་རུས་པར་འདྲེད་ན་བསམས།་་
གོ་ན་རྣ་བའི་ཡུལ་དུ་གསོལ།
མ་གོ་ཟུག་ཡང་བརྒྱབ་མེད།
བུ་དཔའ་བོ་ཡིད་ལ་དེ་ལྟ་ཞོག
ཅོ་རིའི་ངོ་མ་སེམས་འགུལ་ཐེབས་པ་ཞིག་བཤད་འདུག ངོ་མ་བཤད་ན་ཚེ་རྡོར་སྔོན་མ་ནས་ངོ་ཤེས་མཁན་ཞིག་ཡིན་པའི་ཆ་ནས་ཁོ་བོས་སྤྱི་དོན་འཁུར་དུ་བླངས་པར་སྔོན་དུ་ཐོན་ནས་རྒྱབ་སྐྱོར་བྱེད་དགོས་པའི་རྒྱུ་མཚན་མང་པོ་ཞིག་ཡོད་ཀྱང་། བཙན་བྱོལ་ནང་དུ་དགྲ་བོའི་དར་དམར་འཁུར་བ་དེ་ལ་ངོ་མ་བློ་ཕམ་ཙམ་མ་ཡིན་པར་ཁོང་ཁྲོ་ཡང་ལང་གི་འདུག དེ་ནི་ངོ་མ་ཕ་བསད་པར་རྒྱ་རྔ་རྡུང་ཟེར་བ་རང་རེད། རྒྱ་དམར་པོའི་གདུག་རྩུབ་ལས་བྱུང་བའི་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཐ་དག་ལ་བསམ་ན། ང་ཚོས་རྒྱ་དམར་གཞུང་མཐའ་གཅིག་ཏུ་དགྲར་རྩིས་ཏེ་སྡང་སེམས་བྱེད་མི་འོས་ཀྱང་། ཁྱེད་ཀྱི་བྱེད་སྟངས་འདི་ནས་ཆེས་ཚད་ལས་བརྒལ་འདུག་བསམ། འདིར་སེམས་གཏིང་གི་འབོད་བསྐུལ་ཞིག་ཞུ་རྒྱུ་ཡོད་པ་ནི། ཁ་བྲོ་་་་བོད་དོན་ངོ་མ་སེམས་ནས་བསམ་གི་ཡོད་ན་བོད་མི་མང་གི་སེམས་ལ་རྨ་ཁ་མ་བཟོ་རོགས་ཞེས་ནན་ཞུ་ཡོད།།
མི་ལོ་འདི་དག་གི་རིང་ལ་ལམ་དབུ་མ་ཟེར་བཞིན་དེ་ལག་ལེན་དུ་བསྟར་དུས་སེམས་ཕམ་དང་ཁོང་ཁྲོ་ལང་ཟེར་དུས་ཁྱད་ཚར་རེད་ད།
གླིང་ཚ་ལགས། ཁྱེད་ཀྱིས་གསལ་བཤད་དེ་མི་ངན་ཁ་ཤས་ཀྱིས་བསྐྱོན་བརྗོད་ལས་རྐྱེན་པས་གནང་བ་ཡིན་ན་དགོས་མེད་རང་རེད། ཁྱེད་ཀྱི་སྐྱག་ཁ་མ་མསྔོག་རོགས། དྲི་ངན་འཐུལ་རོགས་གང་ཡང་མེད་པ་རེད། དེ་ལས་སོ་སོའི་ལས་འགུལ་གྲ་བསྒྲིག་བྱོས་་་་་་་་་་་་་་་་་་་་་
ཅི་ལྟར་བསམས་ཀྱང་ཚ་གླིང་ཟེར་བ་འདི་སྨྱོན་པ་ཡིན་པ་ཐག་ཆོད། ད་ཁྱོད་ཀྱིས་ཡང་བསྐྱར་བོད་བླ་འཚོང་མི་འདོར་འདྲེ་དར་གནམ་ལ་མ་འཕྱར་རོགས། ད་ལྟ་བར་བོད་མི་བརྒྱ་ལྷག་གིས་དགྲ་དར་དམར་པོ་དེར་བརྒོལ་ནས་རང་སྲོག་མེ་ལ་བསྲེགས་དགོས་ཐུག་པ་རེད། དཔའ་བོ་དཔའ་མོ་དེ་ཚོས་དུར་ཁུང་ནས་ཀྱང་ཁྱོད་ལ་དམོད་པ་དང་གཤེ་གཤེ་གཏོང་ངེས་རེད། ཟ་རོ་ཁྱོད།
ལམ་དབུ་མ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་དར་དམར་ཁྲོམ་སྐོར་དུ་འཕྱར་བ་དང་གོམ་བགྲོད་དུ་འཁུར་བ། ཁང་པའི་ཡང་ཐོག་དང་ལས་ཁུངས་ཅོག་ཙེའི་སྟེང་དུ་ངེས་པར་དུ་འཛུག་དགོས། དེ་ལྟར་མ་བྱས་ན་ལམ་དབུ་མའི་རྩ་དོན་དང་ཡོངས་སུ་འགལ་བ་རེད་སྙམ། རྒྱུ་མཚན་ནི་ལམ་དབུ་མ་བ་ཚོས་བོད་དེ་རྒྱ་ཁོངས་སུ་སྡོད་དགོས་པ་དང་བོད་མཐའ་རྒྱ་དམག་གིས་བསྐོར་དགོས་ཞེས་ཨུ་ཚུགས་བྱེད་ཀྱིན་ཡོད་པ་རེད།
ཨ་རིར་མཚོན་ན་མངའ་སྡེ་རེ་རེར་དར་ཆ་རེ་ཡོད་པ་དང་། དེ་ནམ་འཕྱར་དུས་ཨ་རིའི་སྐར་མ་ལྔ་བཅུ་ཅན་གྱི་རྒྱལ་དར་དེ་ཡང་ངེས་པར་དུ་འཕྱར་དགོས། ལམ་དབུ་པ་སུ་ཞིག་གིས་ས་གནས་གང་ཞིག་ཏུ་བོད་ཀྱི་མངའ་སྡེའི་དར་ཆ་གངས་སེང་ཅན་དེ་འཕྱར་དུས་ལམ་དབུ་མ་བ་ཚོ་སྡོད་སའི་རྒྱ་ནག་རྒྱལ་ཁབ་ཀྱི་དར་ཆ་དེ་མ་འཕྱར་ན་རྒྱ་ནག་གི་རྩ་ཁྲིམས་དང་འགལ་བ་རེད། ལམ་དབུ་མ་བ་ཚོས་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་སྡོད་ཀྱི་ཡིན་ཟེར་གི་ཡོད་པས། རྒྱ་ཁྲིམས་འཁུར་གྱི་ཡིན་ན་ནི་རྒྱ་ནག་ངེས་པར་དུ་འཕྱར་དགོས་ཀྱི་རེད།
ཨ་ཁུ་ཀླུ་སྨྱོན་ལགས། ཁྱེད་ཀྱི་བཤད་པ་བདེན་པ་རེད། འོན་ཀྱང་། ལམ་དབུ་མ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ནའང་དགྲ་དར་འཕྱར་རྒྱུ་དེ་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་ཚར་རྗེས་ཀྱི་སྐད་ཆ་ཞིག་རེད། ངོ་མ་བོད་མིའི་བླ་བཙོང་པ་འདི་ཚོ་མིག་གི་མ་མཐོང་སྔོན་ལ་ང་ཅིའི་ཕྱིར་ཤི་མ་སོང་བ་ཡིན་ནམ།
བོད་ཀྱི་བདེན་མཐའ་དེ་བུ་ཕྲུག་ཞིག་སྐྱེས་པར་ཆ་མཚོན་ན།
ཕ་མ་གཉིས་ཉལ་པོ་བྱེད་པའི་དུས་སྐབས་དང་། མངལ་སྦྲུམ་པའི་དུས་སྐབས། ཕྲུ་གུ་སྐྱེ་བའི་དུས་སྐབས་རྣམས་སོ་སོར་ཡོད་པ་བཞིན་རེད། ཕྲུ་གུ་མ་སྐྱེས་པ་དང་། མངལ་མ་སྦྲུམ་པ། ཉལ་པོ་མ་བྱས་པའི་སྑབས་དང་། ཕོ་མོ་གཉིས་གྲོགས་སྒྲིག་པ་དང་དགའ་བོ་བྱེད་པའི་དུས་སྐབས་སུ་ཕྲུ་གུར་གོན་ཆས་བཟོ་བ་འདི་གླེན་པ་རྟ་ལ་ལྟིག་གི་ཆ་ལུགས་ཡིན་པ་ཤེས་དགོས་གི་རེད།
གནས་ལུགས་དེ་ཤེས་ན་བོད་རྒྱའི་གནད་དོན་ཡང་གནས་ལུགས་དེ་དང་གཅིག་མཚུངས་ཡིན། དེང་སྐབས་བཙན་བྱོལ་ནང་སྨྱོ་ནད་ཅན་ཇེ་མང་ཇེ་མང་རེད། གཟབ་གཟབ་མ་བྱས་ན་སྨྱོ་ནད་དེ་འགོས་ནད་ཅིག་ལ་འགྱུར་ཉེན་འདུག
ལམ་དབུ་མ་པ་ཚོ། རྒྱ་དར་འཕྱར་རྒྱུ་ད་ལྟ་མ་རེད། ནམ་ཞིག་ཀྲུང་གོའི་མིང་དོན་མཚུངས་པའི་རང་སྐྱོང་ཁས་ལེན་ན་དེ་དུས་ཁྱེད་ཚོས་༼སྐར་སྔའི་༽ དར་འཕྱར་དུང་འབུད་བྱེད་རོགས། ད་ལྟ་མགོ་སྒུར་རྒྱུ་མ་རེད། ང་རང་ནི་དུས་ནམ་ཡང་དར་དམར་འོག་ལ་འགྲོ་འདོད་མེད། དེ་ལས་ནུབ་ཕྱོགས་རྒྱལ་དུ་ལྡབ་འགྱུར་གྱི་སྐྱིད།
ཅི་ཞིག་ཡིན་པ་ཐམས་ཅད་ཇི་བཞིན་བྲིས་ཡོད་པའི་ཚོར་སྣང་གིས། ང་རང་ཧ་ཅང་སྐྱིད་པོ་བྱུང་། ཁྱེད་གཏན་དུ་རྒྱལ་བར་ཤོག
ཨ་རིའི་མངའ་སྡེ་རྣམས་ལ་རྒྱལ་དར་ཟེར་བ་མེད། དེ་ཚོར་མངའ་སྡེ་རང་རང་གི་དར་ཆ་ཟེར་བ་ལས་ཨ་རིའི་རྒྱལ་དར་ནམ་ཡང་མི་བརྗོད། ཨ་རིར་རྒྱལ་དར་གཅིག་ལས་མེད་པ་ཤེས་པར་མཛོད་ཅིག རྒྱལ་དར་ཟེར་བ་ནི་རྒྱལ་ཁབ་མཚོན་ཆེད་ཀྱི་དར་ཆ་ཡིན་པས་རྒྱལ་དར་དང་དར་ཆ་གཉིས་མཉམ་བསྲེས་མ་གནང་རོགས། རྒྱལ་དར་ལ། national or countery flag ཟེར་བ་རེད་འཛམ་གླིང་གི་ས་ཁྲ་ལས་སོགས་ཀྱི་སྟེང་དུ་རྒྱལ་ཁབ་རེར་རྒྱལ་དར་རེ་ལས་མེད་དོ། ཨ་རིའི་རྒྱལ་དར་ལ་སྐར་ལྔའི་དབྱིབས་ཅན་ལྔ་བཅུ་ཡོད་དེ་མངའ་སྡེ་ལྔ་བཅུ་མཚོན་བྱེད་རེད་དོ།
བོད་མི་ཞིག་གིས་རང་ཉིད་ཀྱི་ཡོད་ཚད་བློས་བཏང་སྟེ་མི་རིགས་ཀྱི་ཆེད་དུ་འབད་བརྩིས་བྱ་བར་རྐང་བརྫི་མ་བྱས་ན་ཡག་གི་རེད། གླིང་ཚ་ནི་དབུ་མའི་ལམ་པོ་བ་ཚོས་དབུ་མའི་ལམ་གྱི་སྐུ་ཚབ་ཡིན་ཞེས་གཏོང་གི་ཡོད་པ་མ་རེད། གླིང་ཚ་ནི་རང་གིས་འདམས་པའི་རྐང་ལམ་ཕྲ་མོར་ཞུགས་པའི་བོད་མི་ཨུ་ཚུགས་ཅན་ཞིག་གོ།
བཀྲ་ཤིས་རྒྱལ་ལགས། ལམ་དབུ་མ་བ་ཚོས་རྒྱ་གཞུང་དེ་དགྲ་རུ་རྩི་གི་ཡོད་པ་མ་རེད་གཉེན་ལ་རྩི་གི་ཡོད་པ་རེད། གཉེན་ཉེ་ལང་ཤོར་ཞིག་ལ་རྩི་གི་ཡོད་པ་རེད།
གང་ལྟར་དགྲ་དར་ཤར་བ་ལ་ངོས་ལེན་དང་རྒྱབ་སྐྱོར་མེད། ནམ་ཡང་ངོ་རྒོལ་ཡོད། ཡིན་ཡང་ཁུག་རྟའི་དབུ་མའི་ལམ་ལས་འགུལ་ཁང་ངུ་གཅིག་ཤར་དགོས་ངེས་རེད། ལས་འགུལ་ཁང་དང་འཐབ་ཕྱོགས་གཅིག་གྱུར་ཁང་གཉིས་ལྟ་བ་གཅིག་བ་ཡིན་པས་ཡིན། མ་འོངས་བར་དབུ་མའི་ལས་འགུལ་ཁང་གིས་དེ་སྔོན་གྱི་པཎ་ཆེན་བླ་བྲང་ཚབ་བྱེད་ངེས་རེད། འོན་ཀྱང་ལས་འགུལ་ཁང་ལ དེ་ལྟར་ནུས་བ་མེད། རྒྱུ་མཚན་ནི་བོད་མི་མང་གི་མངོན་འདོད་དང་མི་མཐུན་པས་སོ།
སུ་ཞིག་རྒྱ་ནག་གཉེན་དུ་བརྩི་མཁན་དེ།།
མི་ངའི་འཇིག་རྟེན་འདི་ཡི་དགྲ་བོ་ཡིན།།
དགྲ་ལ་འཁོན་ལེན་སློག་པའི་ནུས་མེད་ཀྱང།།
རྒྱབ་སྐྱོར་བྱེད་པའི་ལུགས་སྲོལ་བདག་ལ་མེད།།
རྒྱ་ལ་མགོ་འདོགས་བྱེད་ན་རང་དབང་རེད།།
རྒྱ་ཡི་དར་དམར་ཤར་ན་རང་མོས་རེད།།
དགྲ་དར་འཁུར་ནས་བོད་དོན་གླེང་བ་འདི།།
ཅི་ཙམ་བསམ་ཡང་ངོས་ལེན་བྱེད་ཐབས་མེད།།
འདི་ནས་བརྩིས་པའི་ལོ་ངོ་བཅུ་མ་ཟིན་ཙམ་གྱི་གོང་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། གསོག་སྒར་སློབ་གྲྭའི་ཨ མདོ་མཛོད་དགེ་ཕྱོགས་ཀྱི་བུ་མོ་པདྨ་མཚོའི་བརྩེ་དུང་གི་ཆེད་དུ་རང་ཤི་རྒྱག་རྒྱུ་ཡིན་པར་ཐག་བཅད་པ་མ་ཟད། ཐ་ན་ངོ་ཤེས་གྲོགས་པོ་ཚོར་ཤི་ཁའི་ཁ་ཆེམས་ཡང་བཞག་མྱོང་། དེ་ནི་ཕལ་ཆེར་( བརྩེ་དུང་གི་ཨ་ལོང་ལས་ཤོར་བའི་སེམས་འཕྲིན་དམར་བོ།)་བཀླགས་མྱོང་མཁན་ཞིག་ཡིན་ན་ཤེས་ངེས་ཡིན། བརྩེ་འཕྲིན་༢༧་གྱིས་བཀུགས་མ་ཐུབ་པའི་པདྨ་མ་མཚོ་ནི་ཁོའི་མི་ཚེ་འདིའི་ཡོད་ཚད་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱས་མྱོང་།
སྐབས་དེར་ད་དུང་ཁོས་དུག་འཐུང་ན་ཡང་ཤི་མ་ཐུབ་པ་ལྟ་བུའི་གཏམ་རྒྱུད་གང་མང་རྡ་སའི་རི་ངོགས་སུ་དཔར་ཡོད་་་་་་་་་་སྐར་དེར་ཁོང་གིས་བརྩེ་དུང་གི་དབུ་མའི་ལམ་དུ་ཉམས་ལེན་བྱས་པ་འདྲ།
དབུ་མའི་ལམ་གྱི་སྲིད་ཇུས་ལ་། ཞུ་ན་ཡར་ཕོག་མར་ཕོག་གཏོང་།
ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་། ཞུ་མི་རུང་མི་ཕོད་གཉིས་ཙམ་ཡོད་།
བོད་རང་བཙན་ཡིན་ཞེས་བོད་དར་ཕྱར་ཆོག་ན་་་་བོད་རྒྱ་ཁོངས་འདུག་ཀྱི་ཡིན་ཞེས་རྒྱ་དར་ཕྱར་མི་ཆོག་པ་གང་ཡིན་ནམ་་་རྒྱུ་མཚན་མེད་པའི་འུར་ཤོད་མཁན་དག་ལ་འདི་འདྲ་མ་གཏོགས་དུས་ནམ་ཡང་བཤད་རྒྱུ་མེད་ངེས་རེད་་་་་དེ་ལས་ཤུགས་རྒྱོབས་ཤིག་གླིང་ཚའི་བུ་རྒོད་ལགས་་རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཀུན་ཁྱེད་ཀྱིས་ཕྱོགས་སུ་ཡོད་ངེས་རེད་་་་སེམས་ཤུག་ཆགས་མི་སྲིད་ལ་་་་ཅགས་དགོས་དོན་ཡང་མེད་པ་རེད་་་་་
གླིང་ཚ་ལ་མཚོན་ན་དར་དམར་འཕྱར་བ་ལ་ངོ་རྒོལ་རྩ་བ་བྱེད་མ་ཕོད། ཁོང་དཀའ་བའི་ཚེགས་ལ་གདོང་ལེན་དང་དཀོན་པའི་རྒྱུ་ལ་སྣང་མེད་བྱས་ནས་བོད་དོན་གོམ་བགྲོད་གཅིག་པོ་མན་པར། རྡ་ས་ནས་འགོ་བཙུག་ཏེ་མཐར་རྒྱལ་ས་ལྷ་ས་བར་ཞི་བའི་གོམ་བགྲོད་གནང་གི་ཡོད་དུས། རྒྱ་གར་གྱི་དར་དང་བལ་པོའི་དར་དེ་བཞིན་བོད་དར་རྒྱ་ནག་དར་བཅས་ལོས་འཕྱར། ཁོང་རྒྱལ་ཁབ་བཞི་རིམ་པ་བཞིན་བརྒྱུད་ནས་ཕེབས་ཀྱི་ཡོད་པས་རེད། རྒྱལ་ས་ལྷ་ས་དེ་བོད་པའི་ས་ཡན་་གང་ཞིག་ལ་རྒྱ་ནག་པས་བཙན་དབང་གིས་བཟུང་ཡོད་པས་དར་ཆ་གཉིས་མཉམ་འཕྱར་བྱས་ན་རྒྱལ་ཁབ་མ་འདྲ་བ་གཉིས་མཚོན་གྱི་ཡོད། དེ་མིན་རྡ་ས་ནས་རྒྱ་དར་འཕྱར་ནས་དབུ་ལམ་གྱི་ཆེས་མཐོའི་འབོད་སྒྲ་བསྒྲགས་ན་རྣམ་པ་ཚོས་ཐུགས་བསམ་ངེས་པར་དུ་བཞེས་དགོས་ཆགས་པ་རེད། གླིང་ཚ་ཁྱེད་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །བོད་རྒྱལ་ལོ། རང་དབང་རང་བཙན་རྒྱལ་ལོ།
ངོ་རྒོལ་རྩ་བ་ནས་བྱེད་མི་ཕོད།་་་་་་་་བཅོས
གླིང་ཚ་ཁྱེད་དུས་ནམ་ཡང་ང་དང་ངའི་མི་རབས་ཚ་རྒྱུད་ཀྱི་ཚབ་བྱེད་ཐུབ་པའི་དབའ་སྙིང་དང་ཕུགས་རྒྱང་ཡོད་མཁན་ཞིག་མིན་པས། ཁྱོད་ས་ཡ་དྲུག་གི་བུ་ཞིག་ལ་ཆགས་མེད། དེ་ཤེས་པར་བྱོས།
ཤོག་ཞྭ་ཟེར་ནིའི་ཞྭ་ནག་ཞིག་དང་། དར་དམར་ཟེར་ནིའི་ཁྲག་དམར་ཞིག་དང་། ཤུགས་རིལ་ཟེར་ནིའི་བཙན་བཀའ་ཞིག་ནི་གོན་མི་འདོད་པའི་ཞྭ་དང་། འཕྱར་མི་འདོད་པའི་དར། གོ་མི་འདོད་པའི་ཁྲིམས་བསྒྲགས་ཡིན།
ཤར་ཁུག་དང་ཚེ་རྡོར་གཉིས་ཀྱིས་རྒྱ་དར་ལ་བསྟོད་པ་དང་ལག་ཏུ་འཁུར་ནས་མྱི་ལོ་གཅིག་ལྷག་བུད་སོང་མོད་ཀྱང་་། རྒྱའི་གཞུང་མ་དགོས་རྒྱ་ནག་མི་མང་ཁྲག་ཁྲིག་ལས་རྒལ་བ་ཡོད་པའི་ནང་ནས་རྐང་གཅིག་གིས་དེ་ཟུང་གི་བྱེད་སྟངས་ཡག་པོ་རེད་ཟེར་ནས་དགའ་བསུ་བྱས་པ་འཇིག་རྟེན་འདིའི་སྒང་ན་མི་འདུག་། ཡིན་ཡང་ཁ་ཚུར་འཁོར་ནས་བོད་མི་ནང་ཁུལ་ལ་མི་འཆམ་པ་མང་པོ་མང་པོ་ཞིག་བཟོ་བཞིན་འདུག
ལོ་མ་ལྗང་གུས་བཤད་པ་དེ་བདེན་པ་རེད། དར་དམར་འཕྱར་བ་འདིས་ཕན་ཐོག་འདི་ཡིན་མེད་པའི་བོད་མི་ནང་ཁུལ་འགལ་བ་འགྲོ་གཞིར་འགྱུར་བཞིན་འདུག་པས། དགོངས་པ་གཏིང་ཟབ་བཞེས་རྒྱུ་གལ་ཆེ།
ང་ཡི་བསམ་པ་ཁྱོད་ཀྱིས་མ་མཁྱེན་ཞིང་།།
ཁྱོད་ཀྱི་རྣམ་དཔྱོད་ང་ཡིས་མ་ཤེས་ཀྱང་།།
རིགས་དང་རུས་པའི་རིག་གཞུང་རྩ་ཆེན་པོ།།
མྱུར་སྐྱོབས་བྱེད་ལ་བདག་གིས་འབད་ཁུལ་བྱེད།།
གློ་བུར་གློ་བུར་ཚོར་བའི་རྗེས་འབྲངས་མཁན།།
སེམས་དང་ཀླད་པའི་བར་ན་མགོ་འཐོམ་པའི།།
དྲ་རྒྱའི་སྟེང་གི་རིགས་གཅིག་སྤུན་ཟླ་ཚོས།།
དགོངས་པ་གང་བཞེས་དེ་ལ་གུས་པའི་མདུད།།
བསམ་སྤྱོར་ངན་པའི་བློ་རྩེ་སྔ་མོ་ནས།།
དོར་ལ་དམ་བཅའ་བཞག་པའི་སྔ་གཞུག་དུ།།
རིགས་ཀྱི་སྤུན་ཟླ་སུ་ལ་སྡང་སེམས་མེད།།
ཁྱོད་ཚོས་གང་གསུང་འདོད་པ་རང་དབང་ཡོད།།
རྒྱ་ནག་གིས་ཆ་རྐྱེན་གང་ཡང་མེད་པར་གང་སྐྱིད་དང་ཕོ་བྲང་། ད་དུང་གདན་ས་ཁག་ནས་རྒྱ་དམར་གྱི་རྒྱ་དར་མ་སྒྲེང་བར་དུ་རྒྱ་བོད་ཞུ་མོལ་མི་ཞུ་ཟེར་ན། ཁྱོད་ཀྱིས་གང་བཤད་དམ། གང་བྱེད་དམ།
ཤར་ཁུག། གླིང་ཚ། འཇམ་གཅེས་སོགས་ནང་དཀྲུག་མ་བྱེད། ངའི་སྐེ།
བློ་རྒྱ་་ཡངས་ཤིང་རྣམ་དཔྱོད་ལྡན་པས་བོད་རིགས་ཡོངས་ཀྱིས་རྒྱལ་གཅེས་པ་ཁྱེད་ལ་རྟག་ཏུ་རྒྱབ་སྐྱོར་ཡོད་ངེས་རེད་ གོང་གི་མཆན་བུ་བལྟས་ཡོང་དུས་ཤར་ཁུག་དང་འབྲེལ་བའི་སྒེར་ནད་མཉམ་གངས་ཅན་གྱི་བུ་རྒོད་ཁྱེད་ཀྱང་དྲུད་ཡོང་བ་དེ་བློ་ཕམ་བྱུང་སྲིད་ཀྱང་ནམ་ཡང་བློ་སྟོབས་ཞུམ་མི་ཉན་ བོད་དོན་འཐབ་རྩོད་ཆེད་ཐབས་ལམ་ལ་ཚད་བཀག་མེད་ སྨ་ལ་ཕན་ན་ཁྱིའི་ཚིལ་ཡིན་ཡང་ལེན་པར་འོས་ བོད་མི་རིགས་ཀྱི་དོན་དུ་དཔའ་བོ་ཁྱེད་ཀྱིས་མ་སྲིང་ཆུང་མ་བུ་ཕྲུག་དང་བཅས་པ་བློས་བཏང་ཀྱིས་ཞི་བའི་འཐབ་རྩོད་ལམ་བུ་དེ་ལ་བློ་རྒྱ་ཡངས་པའི་བོད་རིགས་ཡོད་རྒུ་ཅོག་གིས་ཁྱེད་ལ་དུངས་ཤིང་རྒྱབ་སྐྱོར་གཙང་མ་ཡོད་པ་ཐག་གིས་ཆོད་ རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ་་་
ཨ་མའི་བུ་རྒོད་གླིང་ཚ་ལགས། སྐུ་ཉིད་ཀྱི་ལས་འགུལ་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་ཡོད་ལ། གཞན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཚེ་རྒྱ་ནག་གི་རྒྱབ་དར་འཁྱེར་མིན་དེ་གཙོ་བོ་མ་རེད། རང་ཚུགས་མ་འཁྱོར་། དམ་བཅའ་མ་དོར། ཨ་མའི་བུ་རྒོལ་རྒྱལ་གྱུར་ཅིག།།
ཨ་མའི་བུ་རྒོད་གླིང་ཚ་ལགས། སྐུ་ཉིད་ཀྱི་ལས་འགལ་ལ་སྙིང་ཐག་པ་ནས་རྒྱབ་སྐྱོར་ལ། གཞན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཚེ་རྒྱ་ནག་གི་རྒྱབ་དར་འཁྱེར་མིན་དེ་གཙོ་བོ་མ་རེད། རང་ཚུགས་མ་འཁྱོར། དམ་བཅའ་མ་དོར། ཨ་མའི་བུ་རྒྱབ་གྱུར་ཅིག།།
ཁྱེད་ལ་བོད་ཀྱི་ཆབ་སྲིད་ཐད་ནས་ལྟ་སྟངས་དང་ལྟ་གྲུབ་གསར་རྙིང་ཅི་ཞིག་ཡོད་ཀྱང་། ཁྱོད་མི་བུ་ཞིག་ཡིན་ན། རང་གི་ཕྱོགས་སུ་མ་ལྷུང་བ་བྱས་ནས། ཉིད་ཀྱིས་གང་ལ་ལྟ་བཞིན་པ་དང་སེམས་ཀྱིན་པ་དེའི་གནས་ལུགས་སྨྲ་རྒྱུ་ནི་མི་བུའི་འགན་འཁྲི་རེད། དེ་བཞིན་དུ། ཁྱེད་ཀྱི་བསམ་ཚུལ་དང་རང་ལུགས་ཅི་ཞིག་ཡིན་ཡང་། ཁྱེད་ཀྱིས་ཀློག་གིན་པ་དང་སེམས་ཀྱིན་པའི་རྩོམ་དེའི་ནང་དོན་གཞིར་བཞག་ནས། ལེགས་ཉེས། བླང་དོར། དགག་སྒྲུབ་བཅས་ལ་འཇུག་རྒྱུ་ནི། རང་ཉིད་ཡི་གེ་བ་ཞིག་ཡིན་པའི་འགན་འཁྲི་རེད། དེ་མཚུངས་སུ། ཁྱོད་བོད་མི་ཡ་རབས་ཅིག་གམ་བོད་ཀྱི་སྐྱིད་སྡུག་ལ་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན་ན། ཁྱོའི་ལུས་ངག་ཡིད་གསུམ་གྱི་ལས་གང་ནས་ཀྱང་། བོད་ལ་མི་གནོད་པ་ཞིག་དང་། བོད་མི་ལ་བག་ཆགས་ངན་པ་མི་འཇོག་པ་ཞིག་གནང་རྒྱུ་ནི་རང་རེའི་འགན་འཁྲི་རེད། སྐད་ཆ་འདི་མཆན་འདེབས་པ་ཚོར་ཕུལ་ནི་ཡིན།
དབུ་མའི་ལམ་ཟེར་དུས། གོ་བདེ་པོར་བཤད་ན་བོད་འདི་རྒྱ་འོག་ཏུ་འདུག་ཡིན་ཟེར་གྱི་ཡོད་རེད། དེས་ན་གླིང་ཚ་བས་རྒྱ་མིའི་དར་འཁྱེར་བ་ལ་ནོར་འཁྲུལ་ཅི་འདུག་་་་་་་་་་་ཁོང་གི་ལང་ཕྱོགས་དང་ལྟ་བ་དབུ་མའི་ཡིན་པ་རེད། མགོ་མ་འཚོས་པའི་ཉ་ཉོག་མང་པོ་བཤད་བསྡད་མཁན་འངི་ཚོ་ལ་ང་སྙིང་རྗེཡི་འདུག་་་་་་་་
མདོར་ན་གླིང་ཚ་བུ་དུས་ནམ་ཡང་རྒྱལ་གྱུར་ཅིག
གླིང་ཚ་ལགས། རྒྱ་མའི་དར་ཆ་ཤོར། རྒྱ་མིའི་རྒྱལ་གླུ་ལོངས། རུམ་ལ་རྒྱ་སྒོར་ཆུགས་ནས་རྒྱ་ནག་ཚང་ལ་རྒྱུགས་ལོ། བོད་མི་བརྒྱ་ལྷག་གིས་རང་གི་གཅེས་སྲོག་བཏང་ནས་རྒྱ་ནག་ལ་རྒོལ་བཞིན་པའི་དེང་སང།་ཁྱོད་ཀྱི་རྒྱ་དར་ཕྱར་ནས་བོད་མི་ག་ཚད་ཀྱི་སེམས་ལ་རྨ་ཁ་བཟོས་ཡོད་པ་ཤེས་སམ། ཐུགས་རྗེ་གཟིགས། ཁྱོད་ཀྱིས་ཆབ་སྲིད་འཐབ་རྩོད་འཇོན་ས་མ་རེད། ཕྱིར་ཨེ་ཟི་རལ་ལ་འགྲོ་རོགས།
གླིང་ཚ་ལགས་ཀྱིས་ལས་འགུལ་བྱེད་ཕྱོགས་སྐོར་ལ་མི་སུ་ཞིག་ཡིན་ནའང་འགྲིགས་མིན་བཤད་པའི་ཐོབ་ཐང་ཡོད་པ་མ་རེད།རྒྱུ་མཚན་འདི་ནི་མི་སྒེར་ཞིག་དང་རང་རིགས་ལ་དུང་ཞེན་ཆེ་བའི་གང་ཟག་གཅིག་གིས་སྒྲུབ་པའི་བྱ་འགུལ་རེད།གལ་སྲིད་འདི་ལ་ལེགས་ཉེས་འདོན་པའི་བསམ་བློ་དང་སྙིང་སྟོབས་ཡོད་ན་རང་ཉིད་ཀྱི་འདོད་པའི་བྱ་འགུལ་ཏེ་རང་ཉིད་ཀྱིས་རྒྱུན་སྐྱོང་བྱོས་དང་།འདི་མ་བྱེད་ཟེར་བའི་མི་སུ་ཡང་ཡོད་པ་མ་རེད།དེ་བས་སྨྱོ་ཁ་བླ་བར་ཡིད་རང་དང་རྒྱབ་སྐྱོར་བྱས་ན་འོས་འཚམས་ཡིན་པར་འདོད་དོ།
བོད་མི་ས་ཡ་དྲུག་ལ་བུ་དར་དམར་འཕྱར་མཁན་ཞིག་སྐྱེས་འདུག རྒྱ་མི་དམངས་གཙོ་དོན་གཉེར་བ་དང་། ཧྥ་ལུན་གུང་ཉམས་ལེན་པ། ཀོང་ཏུང་གི་ས་ཁང་གཞུང་ལེན་ལ་ངོ་རྒོལ་བ་ཚོས་ཀྱང་དར་དམར་འཕྱར་གི་མི་འདུག དར་དམར་འཕྱར་མཁན་འདི་བོད་མི་ས་དྲུག་ལ་བུ་ཡིན་མིན་མི་ཤེས་ཏེ་དབུ་མའི་ལམ་གྱི་བུ་ཡིན་པར་རྩོད་པ་མི་འདུག