ཚེ་རིང་རྡོ་རྗེ།
བོད་རེ་བས་འཕུང་ཟེར་བའི་དཔེ་བཞིན་དུ་ང་ཚོས་ཕྱི་ནང་གི་སྟོབས་ཤུགས་དང་འགལ་རྐྱེན་ལ་བློ་གཟུར་བོས་བརྟག་དཔྱད་མཐིལ་ཕྱིན་པ་མི་བྱེད་པར་གཞན་གྱི་སྙིང་རྗེ་དང་རྒྱབ་སྐྱོར་ལ་སྐྱབས་འཚོལ་བར་གོམས། ཕྱི་ཚུལ་གྱི་གདུང་སེམས་མཉམ་བསྐྱེད་ཙམ་ལ་འཁྲུལ་སྣང་བྱུང་བས་འགལ་རྐྱེན་དང་དཀའ་གནད་དངོས་ནི་དེ་བས་ངོས་མི་ཟིན་པ་དང་། གཞན་ལ་རེ་ལྟོས་ཆེ་དྲགས་པས་རང་སྟོབས་ཀྱི་ཉམས་མི་དཔོག་པ་དང་གནས་སྐབས་སུ་སྒྲུབ་ནུས་ལ་མ་འོངས་པའི་རྨང་གཞིར་གྱུར་བའི་ལས་དོན་རྣམས་རྒྱབ་ཏུ་བསྐྱུར། དེ་ལྟར་གཞན་ལ་སྐྱབས་འཇུག་དང་འབོད་སྐུལ་ཇི་ཙམ་ཞུས་ཀྱང་སྐོམ་པ་ཆུ་འདོད་ཀྱི་རྒྱབ་སྐྱོར་ནི་མ་རག་པས། བོད་ཕྱི་ནང་གཉིས་ན་འུ་ཐུག་པའི་ཚོར་བ་ཆེ་རུ་རྒྱས་པ་དང་། སྐབས་རེར་སྐྱབས་ཡུལ་ལ་འཁང་ར་དང་། སྐབས་རེར་རང་ཕྱོགས་མ་འཇོན་པའི་སྡུག་སྐད་འདོན་པ་དང་། སྐབས་ཕལ་ཆེ་བར་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཞེ་འཁོན་གྱི་རྣམ་འགྱུར་སྟོན། འོན་ཀྱང་གཞན་གྱིས་རང་ཉིད་སྐྱོབ་པར་བསམ་པའི་འཁྲུལ་སྣང་ནི་སྔར་བཞིན་དུ་མ་སད། ང་ཚོ་འཁྲུལ་སྣང་འདི་ལས་ངེས་པར་སད་དགོས་པ་དང་རང་སྟོབས་དང་དཀའ་གནད་ངོས་ཟིན་དགོས། གཞན་ལ་རང་ཉིད་སྐྱོབ་པའི་ཞུ་བ་འཐེན་ནའང་འདྲ། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གདོང་ཐུག་གིས་ངོ་རྒོལ་བྱས་ནའང་འདྲ། མཐར་གཏུགས་ན་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཕྱི་ནང་གི་གནོན་ཤུགས་གཡོལ་དཀའ་བ་ཞིག་སྤྲད་ནས་བོད་མི་ཐུན་མོང་གི་མངོན་འདོད་ཁས་ལེན་དུ་གཞུག་རྒྱུ་དེ་ལས་མ་འདས། འདིར་ཕྱིའི་གནོན་ཤུགས་ཟེར་བ་ནི་རྒྱལ་སྤྱིའི་གཞུང་དམངས་གཉིས་ཀྱིས་བོད་མི་ཉམ་ཆུང་གི་འབོད་སྐུལ་ལ་དྲང་བདེན་གྱི་རྒྱབ་སྐྱོར་བྱས་ཏེ་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཆབ་སྲིད་དང་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་རྒྱུ་དེ་ཡིན་པ་དང་། ནང་གི་གནོན་ཤུགས་ཞེས་པ་ནི་བོད་གཞིས་པའི་རང་དབང་ལས་འགུལ་རིགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཐད་ཀར་གྱི་གནོན་ཤུགས་དང་རྒྱལ་སྤྱིའི་མཐོང་སྣང་གི་ཤུགས་རྐྱེན་ཐེབས་པ་ལ་ཟེར། དོན་ངོ་མར་བོད་ཕྱི་ནང་གཉིས་ནས་གནོན་ཤུགས་ཇི་ཙམ་ཞིག་སྤྲོད་ནུས་སམ་ཞེས་དྲི་ན། ང་ཚོར་གདེངས་ཚོད་ཅི་ཡང་མ་མཆིས་པས་ལན་ལྡོན་དཀའ། བོད་ཕྱི་ནང་གཉིས་ནས་ལས་འགུལ་རབས་དང་རིམ་པར་སྤེལ་ཡང་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནོན་ཤུགས་གཡོལ་དཀའ་བ་ཞིག་མ་ཐེབས་པའི་གནད་འགག་རྟོགས་ན། བོད་དོན་ལས་འགུལ་གྱི་དཀའ་གནད་ངོས་འཛིན་ཐུབ་པ་དང་འཁྲུལ་སྣང་རང་སད་དུ་འགྲོ་བ་ཡིན།
བོད་ནང་གི་ལས་འགུལ་གྱིས་གནོན་ཤུགས་གཡོལ་དཀའ་བ་ཞིག་མ་ཐེབས་པའི་རྒྱུ་མཚན་རགས་ཙམ་བརྗོད་ན། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་འཛམ་གླིང་ན་དམག་ཤུགས་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་ཤོས་ཀྱི་སྒེར་གཅོད་སྲིད་དབང་ཞིག་ཡིན་པ་དང་། དེའི་ལག་ཏུ་དྲག་ཆས་ཉེན་རྟོག་པ་དང་གསང་བའི་ཉེན་རྟོག་པ་ལ་སོགས་ནང་ཁུལ་དྲག་གནོན་གྱི་སྟོབས་ཤུགས་དང་། བརྡ་འཕྲིན་དང་སྨྲ་བརྗོད་བཀག་འགོག་གི་ནུས་པ། བདེན་དོན་འཁྱོག་བརྗོད་དང་རྫུན་གཏམ་དྲིལ་བསྒྲག་གི་ནུས་པ། རྒྱ་ནག་མི་རིགས་རིང་ལུགས་ཀྱི་ཚོར་ཤུགས་སློང་བའི་ནུས་པ་ལ་སོགས་ཡོད་པས་ན། གཞིས་པ་ཚོའི་རང་དབང་ལས་འགུལ་དང་དེའི་ཤུགས་རྐྱེན་ལ་ཚོད་འཛིན་སླ་བ་ཡིན། དེར་མ་ཟད། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་ཐ་ན་རྒྱ་ནག་མི་མང་གིས་རང་མོས་འོས་འདེམས་བྱས་པའི་གཞུང་ཞིག་ཀྱང་མིན་པ་དང་། དྲག་སྤྱོད་དང་རྫུན་གཏམ་ལ་བརྟེན་པའི་སྒེར་གཅོད་སྲིད་དབང་ངམ་སྒེར་གཅོད་དབང་དྲག་ཅན་དག་གི་ཁེ་ཕན་ཚོགས་པ་ཞིག་ཡིན་པས། དེས་བོད་མིའི་རང་དབང་གི་མངོན་འདོད་ཁས་ལེན་མི་སྲིད་པ་དང་། ཁས་བླངས་ན་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་འཆི་ཐག་ཇེ་ཉེར་འགྲོ་བ་དང་སྒེར་གཅོད་པ་ཚོའི་སྒེར་གྱི་ཁེ་ཕན་ལ་གནོད། མདོ་དོན་བཤད་ན། ད་ལྟའི་མཐུན་རྐྱེན་དང་གནས་བབ་ཀྱི་འོག་ཏུ་བོད་ནང་གི་རང་དབང་ལས་འགུལ་གྱིས་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་དེ་བོད་མི་ཐུན་མོང་གི་མངོན་འདོད་ཀྱི་ཕྱོགས་སུ་མགོ་སྒུར་དུ་འཇུག་མི་ནུས་པ་དང་། དེས་རང་འགུལ་གྱིས་བོད་མིའི་མངོན་འདོད་ཁས་ལེན་པ་ནི་དེ་ལས་ཀྱང་མི་སྲིད།
བོད་ཕྱིའི་ལས་འགུལ་རིགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནོན་ཤུགས་གཡོལ་དཀའ་བ་ཞིག་མ་ཐེབས་པའི་རྒྱུ་མཚན་རགས་ཙམ་བརྗོད་ན། ང་ཚོའི་རྒྱབ་སྐྱོར་གྱི་རེ་བ་རྒྱག་སའི་རྒྱལ་སྤྱིའི་གཞུང་དམངས་གཉིས་ནས་རང་གི་ཁེ་ཕན་དེ་གཙོ་བོར་འཛིན་པ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་དང་རྒྱ་ནག་ལས་ཐོབ་པའི་ཁེ་ཕན་རིགས་བློས་བཏང་སྟེ་བོད་དོན་ལ་བདེན་པའི་རྒྱབ་ལངས་བྱ་འདོད་མེད་པ་དང་། སྤྱིར་བཏང་གི་ཆ་ནས་ཀྱང་ཁོ་ཚོས་བོད་མ་ཡིན་པའི་གཞན་གྱི་ཆེད་དུའང་རང་གི་ཁེ་ཕན་ལ་མ་ལྟོས་པར་ཁ་ཡོད་ལག་ཡོད་ཀྱི་ནུས་པ་ཐོན་པའི་རྒྱབ་སྐྱོར་བྱེད་པ་དཀོན། ཕྱོགས་གཞན་ནས་བཤད་ན། ཁོ་ཚོའི་རྒྱལ་ཁབ་ནང་ཁུལ་གྱི་ལས་དོན་མ་ཡིན་པའི་ཕྱི་འབྲེལ་གནད་དོན་གྱི་ངོས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་དང་དམངས་གཉིས་ལས་གཞུང་ཕྱོགས་ཀྱི་སྲིད་ཇུས་དང་ཐག་གཅོད་ལ་ནུས་ཤུགས་ཡོད་པ་མ་གཏོགས། དམངས་ཀྱི་བསམ་ཚུལ་ཙམ་དུ་གྱུར་བའི་རྒྱབ་སྐྱོར་གྱི་རྣམ་འགྱུར་ལ་ནུས་ཤུགས་ཧ་ལས་པ་ཅང་མེད། དཔེར་ན། བརྒྱ་ཆའི་ལྔ་བཅུ་ལས་བརྒལ་བའི་དབྱིན་ཇིའི་མི་མང་གིས་བོད་དོན་གལ་ཆེ་བར་བརྩི་དགོས་པའི་རྒྱབ་སྐྱོར་གྱི་བསམ་ཚུལ་ཡོད་ཀྱང་། དབྱིན་ཇིའི་སྲིད་གཞུང་གིས་རྒྱ་ནག་ནས་ཐོབ་པའི་དཔལ་འབྱོར་གྱི་ཁེ་ཕན་དམ་པོར་བཟུང་སྟེ་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་ཤི་མ་གསོན་སྟོན་པ་ཙམ་ཡིན། ཉིས་སྟོང་བརྒྱད་དགུའི་བར་དུ་དབྱིན་ལན་ལ་དཔལ་འབྱོར་ཉམ་ཉེས་བྱུང་བའི་དུས་སུ། དབྱིན་གཞུང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལས་དཔལ་འབྱོར་གྱི་ཁེ་ཕན་ལེན་ཆེད་དུ་བོད་ཀྱི་གནས་བབ་ལ་འཛིན་པའི་ལྟ་སྟངས་ལ་འགྱུར་བ་བཏང་ནས་བོད་དོན་ལ་གྱོང་ཡང་བསྐུར་མྱོང་།
རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་མིའི་རེ་ལྟོས་འཆའ་སའི་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཁེ་ཕན་ཅི་ཞིག་སྤྲོད་པ་དང་། དེ་ཚོས་ཅིའི་ཕྱིར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ངོ་བསྲུང་དགོས་སམ་ཞེ་ན། ཐོག་མར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྒྱལ་སྤྱིའི་འབྲེལ་བ་ཡི་སྟོབས་ཤུགས་ཅི་ཡིན་ཤེས་དགོས། དེ་ཡང་ཕྱོགས་གསུམ་ན་ཡོད་དེ། ཕྱི་འཚོང་དང་ནང་འདྲེན་གྱི་ཚོང་འབྲེལ་སྟོབས་ཤུགས་དང་། མངའ་ཁུལ་བརྟན་བརླིང་གི་གནད་དོན་ཐག་གཅོད་ཀྱི་སྟོབས་ཤུགས། རྒྱལ་སྤྱིའི་བདེ་འཇགས་ཀྱི་ཤུགས་རྐྱེན་བཅས་ཡིན། རྒྱལ་སྤྱིའི་ཚོང་འབྲེལ་གྱི་ཆ་ནས་བལྟས་ན། ད་ལྟའི་ཆར་རྒྱ་ནག་ནི་འཛམ་གླིང་གི་བཟོ་གྲྭར་གྲགས་པ་དང་རྒྱལ་སྤྱིའི་དཔལ་འབྱོར་འདུ་འགོད་ཆེ་ཤོས་ཨང་གཉིས་པ་ཆགས། རྒྱལ་སྤྱིའི་སྲིད་གཞུང་དང་སྒེར་གྱི་ཚོགས་པ་མང་པོས་འཚང་ཁ་ཤིག་ཤིག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ལག་པ་བརྐྱངས་ཏེ་རྒྱ་ནག་ལས་བྱུང་བའི་ཁེ་བཟང་ཟ་བར་རྔམ། ༢༠༡༠ ལོར་རྒྱ་ནག་ལ་མ་རྩ་བཞག་པའི་ཕྱི་རྒྱལ་གྱི་ཚོང་གཉེར་ཚོགས་པ༼company༽ ༣༠༠༠༠༠ ཙམ་ཡོད་པ་དང་། ལོ་དེའི་ཟླ་དང་པོ་ནས་ཟླ་དྲུག་པའི་བར་དུ་ཕྱི་རྒྱལ་གྱིས་རྒྱ་ནག་ལ་བཞག་པའི་མ་རྩའི་སྤྱི་འབོར་ནི་ཨ་སྒོར་དུང་ཕྱུར ༥༡.༤ ཟིན། རྒྱ་ནག་དབུས་ཚོང་དོན་སྡེ་ཚན་ནས་བཤད་པ་ལྟར་ན། ༢༠༡༡ ལོར་ཕྱི་རྒྱལ་གྱིས་ཐད་ཀར་བཞག་པའི་མ་རྩ་ནི་ཨ་སྒོར་དུང་ཕྱུར ༡༡༦ ཟིན་འདུག་ཟེར། རྒྱ་ནག་ནས་ཚོང་གི་ཁེ་བཟང་ལེན་པའི་རྒྱལ་ཁབ་མང་པོའི་ཁྲོད་ནས་ཨ་མེ་རི་ཁ་ནི་དེའི་ཚོང་གྲོགས་ཆེ་ཤོས་དང་། ཡུ་རོབ་མཐུན་ཚོགས་ཀྱིས་ཀྱང་རྒྱ་ནག་ལས་ཚོང་གི་ཁེ་ཕན་ཆེན་པོ་ལེན་པ་དང་། ཨོ་སི་ཊི་ལི་ཡས་གཏེར་ཁ་སོགས་རྒྱ་ནག་ལ་ཕྱི་འཚོང་བྱས་ནས་ཚོང་གི་ཁེ་ཕན་ཆེན་པོ་ལེན་པ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ལ་རག་པ་ནི་ཚོང་གི་ཁེ་བཟང་གཅིག་པུས་མི་ཚད་པ་དང་། གཞུང་དང་སྒེར་གྱི་ཚོགས་པ་མང་པོས་རྒྱ་ནག་ལས་ཁེ་ཕན་གྱི་རིགས་གཞན་དག་ཀྱང་ལེན་པ་དཔེར་ན། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་རྒྱ་ནག་ལ་འབྲེལ་བའི་ལས་གཞིའི་རིགས་ནས་རག་པའི་ཁེ་ཕན། རྒྱ་ནག་ཏུ་ལས་ཀའི་གོ་སྐབས་རག་པའི་ཁེ་ཕན། རིག་གནས་བརྗེ་རེས་ཀྱི་ཁེ་ཕན་ལ་སོགས་ཡོད། མདོར་ན། རང་ལ་མཁོ་བའི་ཁེ་ཕན་རག་ན། རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་ལ་འབྲེལ་བ་མི་འཛིན་མཁན་ནི་ཧ་ཅང་ཉུང་། དེའི་ཕྱིར་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་དོན་ལ་ཕྱི་ཚུལ་གྱི་རྒྱབ་སྐྱོར་སྟོན་པ་ཙམ་ལས་ཁོ་ཚོའི་ཚོང་འབྲེལ་ལ་སོགས་ཀྱི་ཁེ་བཟང་བློས་བཏང་ནས་ཕན་འབྲས་ཐོན་པའི་རྒྱབ་སྐྱོར་བྱ་མི་སྲིད།
གཞན་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་སྤྱིའི་གྲོས་མོལ་གྱི་ཁོར་ཡུག་ནས་རང་ཕྱོགས་ལ་རྒྱབ་ལངས་བྱེད་མཁན་རག་པའི་ཆེད་དུ། ཨ་ཧྥེ་རི་ཁ་གླིང་དང་། ཨེ་ཞི་ཡ་གླིང་། ལ་ཊིན་ཨ་མེ་རི་ཁ་གླིང་སོགས་སུ་རྒྱལ་ཁབ་དབུལ་བོ་དང་སྒེར་གཅོད་ཅན་ལ་དཔལ་འབྱོར་གྱི་མ་རྩ་བཏང་ནས་གསོས་ཕྲུག་ཏུ་ཉར་བ་དང་། རྒྱལ་ཁབ་དེ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་གནད་དོན་གྲོས་མོལ་བྱེད་སའི་སྡིངས་ཆའི་སྟེང་ནས་འཛེམ་བག་མེད་པར་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་གཞུང་གི་ཕྱོགས་བཟུང་སྟེ་བོད་དོན་གླེང་སློང་བ་ཙམ་ལ་ཡང་དགག་རྐྱང་བྱེད་པ་ཡིན།
མངའ་ཁུལ་བརྟན་བརླིང་གནད་དོན་ཐག་གཅོད་ཀྱི་ཆ་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནད་འགག་གི་ནུས་པ་ལྡན། ཐའེ་ཝན་དང་འཇར་པན་གྱི་བདེ་འཇགས་གནད་དོན་དང་། ལྷོ་བྱང་ཀོ་རི་ཡའི་འབྲེལ་བའི་གནད་དོན་དང་། ཨེ་ཤི་ཡའི་མངའ་ཁོངས་ས་མཚམས་རྩོད་རྙོག་གི་གནད་དོན་ལ་སོགས་ཀྱི་ཐད་ནས་རྒྱ་ནག་གིས་ཤུགས་རྐྱེན་ཆེན་པོ་གཏོང་ཐུབ། དཔེར་ན། ཉེ་དུས་སུ་བྱུང་བའི་ཨེ་ཤི་ཡ་མངའ་ཁུལ་གྱི་གླིང་ཕྲན་བདག་དབང་གི་རྩོད་རྙོག་ལས་ར་སྤྲོད་གསལ་བོར་བྱས་པ་ལྟ་བུ། རྒྱ་ནག་དམར་ཤོག་གཞུང་གིས་སྒེར་བདག་དམག་ཤུགས་དང་རྒྱ་མི་རིགས་རིང་ལུགས་ཀྱི་ཚོར་ཤུགས་ལག་ཏུ་འཆང་ཡོད་པས། གོང་གི་གནད་དོན་རིགས་ཀྱི་ཕྱོགས་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་དེ་ལ་མ་བསྟུན་རང་བསྟུན་ཡིན།
རྒྱལ་སྤྱིའི་བདེ་འཇགས་ཀྱི་ཆ་ནས་བཤད་ན། རྒྱ་ནག་དམར་ཤོག་སྲིད་གཞུང་ནི་རྡུལ་ཕྲན་མཚོན་ཆ་མང་ཤོས་ཀྱི་གྲས་ཡིན་པ་དང་། དེས་འཛམ་གླིང་གི་སྒེར་གཅོད་སྲིད་གཞུང་དང་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཁག་ལ་ལྐོག་ནས་དཔལ་འབྱོར་དང་གོ་མཚོན་གྱི་མཐུན་རྐྱེན་སྦྱོར་བ་ཡིན། ཨ་རི་སོགས་རྒྱལ་སྤྱིའི་སྲིད་གཞུང་ཁག་གིས་རྒྱལ་སྤྱིའི་བདེ་འཇགས་གནད་དོན་གྱི་ཐད་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བསྟུན་དགོས། དཔེར་ན། ཐའེ་ཝན་རང་བཙན་ཕྱོགས་སུ་བསྐྱོད་ན་དེས་དྲག་རྒོལ་གྱི་རྣམ་འགྱུར་སྟོན་པ་དང་། ཨ་རི་སྲིད་གཞུང་གིས་ཐའེ་ཝན་གྱི་བདེ་འཇགས་བསྲུང་དགོས་པ་དང་རྒྱ་ནག་གཞུང་གི་ངོ་ཡང་བསྲུང་དགོས། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱ་གར་ལ་སོགས་པའི་ཁྱིམ་མཚེས་རྒྱལ་ཁབ་དག་ལ་ས་མཚམས་ཀྱི་རྩོད་རྙོག་བསླངས་ཏེ་རྒྱལ་སྤྱིའི་བདེ་འཇགས་དཀྲུག་པའི་ནུས་པ་ཡོད་པ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་མ་གཞི་ནས་དྲག་སྤྱོད་ལ་བརྟེན་པའི་སྲིད་དབང་ཞིག་དང་དེའི་ལག་ཏུ་རྡུལ་ཕྲན་མཚོན་ཆ་ཐོགས་ཡོད་པས་འཛམ་གླིང་བདེ་འཇགས་ཀྱི་ཕྱོགས་ནས་རྙོག་དྲ་སློང་སྲིད། འཇིག་སྐུལ་རིང་ལུགས་དང་རྡུལ་ཕྲན་མཚོན་ཆ་ལ་སོགས་པའི་རྒྱལ་སྤྱིའི་བདེ་འཇགས་གནད་དོན་གྱི་ཐད་ནས་བལྟས་ཀྱང་། སྲིད་གཞུང་ཁག་གིས་བོད་དོན་རྒྱབ་སྐྱོར་གྱི་ཕྱིར་དུ་རྒྱ་ནག་དམར་ཤོག་དྲག་སྤྱོད་སྲིད་གཞུང་ལ་ཁོང་ཁྲོ་སློང་འདོད་མེད་པ་རྟོགས་ཐུབ། ཇི་ལྟར་བཤད་ཀྱང་ང་ཚོས་ཕྱིའི་རྒྱབ་སྐྱོར་ལ་རེ་ལྟོས་བྱེད་པ་དང་། ཕྱི་རོལ་གྱིས་ང་ཚོར་ཕན་ནུས་ཐོན་པའི་རྒྱབ་སྐྱོར་ཞིག་མི་བྱེད་པ་ཧ་ཅང་གསལ། ༢༠༠༨ལོར་བོད་གཞིས་པ་ཚོས་ལས་འགུལ་དེ་འདྲའི་ཤུགས་ཆེན་པོ་སྤེལ་བ་དང་བཙན་བྱོལ་བ་ཚོས་ཀྱང་གཞོགས་འདེགས་ཀྱི་ལས་འགུལ་གང་ནུས་སྤེལ་ནས་བོད་དོན་འཛམ་གླིང་ཡོངས་སུ་གྲགས་པར་བྱས་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་གནོན་ཤུགས་གཡོལ་དཀའ་བ་ཞིག་གཏན་ནས་སྤྲོད་མ་ཐུབ་པའམ་མ་འདོད་པ་དང་། གཞིས་པ་བོད་མི་ཚོས་དྲག་གནོན་གྱི་སྡུག་བསྔལ་ཚད་མེད་མྱངས། ད་ལྟའི་བར་དུ་བོད་ཕྱི་ནང་གཉིས་སུ་བོད་མི་མང་པོས་རང་ལུས་མེར་བསྲེག་གི་ངོ་རྒོལ་འཇིག་རྟེན་འདིར་སྔར་བྱུང་མ་མྱོང་བ་བརྩམས་ཏེ་བོད་མིའི་མངོན་འདོད་འཛམ་གླིང་དུ་བསྒྲགས་ནའང་། བོད་མིའི་སྡུག་བསྔལ་སེལ་ཞིང་མངོན་འདོད་འགྲུབ་པའི་རྒྱབ་སྐྱོར་ཕན་འབྲས་ཐོན་པ་ཅང་མ་རག
འོ་ན། བོད་དོན་ལས་འགུལ་ལ་གྲུབ་འབྲས་གང་ཡང་མི་རག་གམ་ཞེ་ན། དེ་ཡང་མ་ཡིན། བོད་རང་དབང་ལས་འགུལ་གྱི་སྟོབས་ཤུགས་དང་། གྲུབ་འབྲས་དང་། གོ་སྐབས་བཅས་ལ་ཤེས་རྟོགས་གསལ་བོ་བྱུང་ན། གྲུབ་འབྲས་ལ་འཁྲུལ་སྣང་སྐྱེས་པའམ་སེམས་ཤུགས་ཆགས་པ་མི་འབྱུང་། བོད་ནང་ལ་ཡོད་པའི་སྟོབས་ཤུགས་ནི་བོད་ཀྱི་ངོ་བོ་དང་། མདུན་ལམ་དང་། རྡོག་རྩ་གཅིག་སྒྲིལ་དང་། རང་དབང་དབང་བརྩོན་ལེན་བཅས་ཀྱི་གོ་རྟོགས་སད་པ་དེ་ཡིན། བཙན་བྱོལ་བོད་ཀྱི་སྟོབས་ཤུགས་ནི་༧རྒྱལ་བ་རིན་པོ་ཆེའི་བོད་མི་གོང་བུ་ཆིག་སྒྲིལ་གྱི་མཐུ་དང་ཁོང་གི་རྒྱལ་སྤྱིའི་ཤུགས་རྐྱེན་དང་། བཙན་བྱོལ་བ་ཚོར་བོད་མིའི་འབོད་སྒྲ་དེ་རྒྱལ་སྤྱིའི་སྟེང་བརྒྱུད་སྒྲོག་བྱེད་པའི་ནུས་པ་གང་འཚམས་ཤིག་ལྡན་པ་དེ་ཡིན། ད་ལྟའི་བར་དུ་གཞིས་བྱེས་གཉིས་ནས་ལས་འགུལ་སྣ་ཚོགས་བརྩམས་པ་དང་རྒྱལ་སྤྱིའི་སྟེང་དུ་ཁྱབ་བསྒྲགས་གང་ནུས་ཤིག་བྱས་ཟིན་པས། འཛམ་གླིང་གི་མི་ཁ་ཅིག་གིས་བོད་ལ་དཀའ་ངལ་ཡོད་པ་ཧ་གོ་སོང་བ་དང་། རྒྱལ་སྤྱིའི་གཞུང་དམངས་གཉིས་ཀའི་ནང་ན་ཁ་ཅིག་གིས་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་ཕྲན་བུ་རེ་བསྟན་དང་སྟོན་གྱིན་འདུག འོན་ཀྱང་འདི་ནི་རྨང་གཞི་དང་ས་བོན་ཙམ་ཡིན་པ་ལས་མཐར་ཐུག་གི་གྲུབ་འབྲས་མིན། མཐར་ཐུག་གི་འབྲས་བུ་ད་ལྟ་འཕྲལ་དུ་མི་ཐོན་པའི་དཀའ་གནད་གོང་དུ་བརྗོད་ཟིན་པ་ལྟར་ཡིན།
མཐར་ཐུག་གི་འབྲས་བུ་འབྱུང་བ་ལ་ཕྱི་ནང་གི་མཐུན་རྐྱེན་སྨིན་དགོས་པ་མ་ཟད། ད་དུང་གློ་བུར་གྱི་རྐྱེན་ལས་བྱུང་བའི་གོ་སྐབས་ཤིག་ཀྱང་དགོས། གློ་བུར་གྱི་རྐྱེན་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགལ་ཟླའི་རྐྱེན་དང་། རྒྱལ་སྤྱིའི་ཆབ་སྲིད་དང་དམག་དོན་གྱི་ཁ་དབུགས་འགྱུར་བའི་རྐྱེན་ལྟ་བུ་ཞིག་ཡིན་སྲིད་ནའང་། རྐྱེན་དེ་གང་གིས་སློང་བ་སུས་ཀྱང་བརྗོད་མི་ནུས། གོ་སྐབས་གང་ཞེ་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཆབ་སྲིད་ལ་ཉམ་ཉེས་ཆེན་པོ་འབྱུང་བའི་དུས་དེ་ཡིན། ལོ་རྒྱུས་ལ་ཕྱིར་མིག་བལྟས་ཀྱང་ཤེས་ཐུབ་སྟེ། བོད་ལ་གོ་སྐབས་ཆེན་པོ་རག་པའི་དུས་ནི་རྒྱ་ནག་གི་ཆབ་སྲིད་ལ་ཉམ་ཉེས་དང་འཕོ་འགྱུར་ཆེན་པོ་བྱུང་བའི་དུས་ཡིན། དཔེར་ན། སོག་པོས་རྒྱ་ནག་ལ་དབང་སྒྱུར་བའི་དུས་དང་། ཆིང་རྒྱལ་རབས་ཉམས་རྒུད་ཀྱི་སྐབས་དང་། རྒྱ་དམར་ནག་གཉིས་ནང་འཁྲུག་གི་དུས་སྐབས་ལྟ་བུ། དེང་གི་ཆར་རྒྱ་ནག་དམར་ཤོག་སྲིད་དབང་ལ་ཉམ་ཉེས་འབྱུང་བའི་གནས་སྐབས་དེ་ནི་ང་ཚོའི་གོ་སྐབས་ཡིན། རྒྱ་ནག་གི་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཁ་གཅིག་གྲགས་ཀྱིས་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་དེ་འཆི་བའི་གནས་སྐབས་སུ་ལྷུང་ཟིན་པར་འདོད་པ་དང་། ཆབ་སྲིད་བཅོས་སྒྱུར་བྱས་རུང་མ་བྱས་རུང་ རྒྱ་ནག་དམར་ཤོག་སྲིད་དབང་འཇིག་རྒྱུ་ཡིན་པ་ཆོས་ཉིད་དུ་བཤད། རྒྱ་ནག་མི་མང་ཡར་ལངས་པ་དང་རྒྱ་ནག་གི་དཔལ་འབྱོར་གྱི་ཁེ་ཕན་ཡོད་ཚད་མི་གྲངས་དུང་ཕྱུར་བཅུ་གསུམ་ལ་སྙོམས་པར་བགོ་བྱ་རྒྱག་པའི་དུས་དེར། འཛམ་གླིང་གི་ཚོང་ར་དང་རྒྱལ་སྤྱིའི་བཟོ་གྲྭར་གྲགས་པ་དེའང་འཇིག་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་ལ་ཚོང་གི་ཁེ་བཟང་མེད་པར་འགྱུར་བ་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་ཁབ་ཕྱི་ནང་དུ་འགལ་ཟླ་མང་པོ་བཟོས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་ནས་ཕྱི་འབྲེལ་གྱི་ནུས་པ་ཕམ་ཉེས་འབྱུང་བའི་ཚེ། དེས་གསོས་ཕྲུག་ཏུ་ཉར་བའི་སྒེར་གཅོད་སྲིད་གཞུང་ཁག་གིས་ཀྱང་ངོ་གདོང་འགྱུར་སྲིད་པ་དང་། ཁྱིམ་མཚེས་རྒྱལ་ཁབ་དང་ཉམ་ཆུང་རྒྱལ་ཁབ་ཀྱི་མི་མང་ལ་འཁོན་འཛིན་གྱི་ས་བོན་བཏབ་པའི་ཉེར་ལེན་གྱིས་དེ་དག་གིས་ཀྱང་རྒྱ་ནག་དམར་ཤོག་སྲིད་གཞུང་ཉམ་དམས་པའི་གོ་སྐབས་དང་བསྟུན་ནས་རྣམ་འགྱུར་སྟོན་སྲིད། རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་མི་མང་གི་མིག་མདུན་དུ་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་མངོན་སུམ་འཛེམ་མེད་དུ་རྡོག་བརྫིས་བཏང་བའི་དབང་གིས་འཛམ་གླིང་གི་སྲིད་གཞུང་དང་མི་མང་ཁ་ཅིག་གིས་གོ་སྐབས་བཟུང་ནས་གནོན་ཤུགས་སྤྲོད་སྲིད་པ་དང་། དེའི་དུས་སུ་བོད་དོན་ལས་འགུལ་ལ་འབྲས་བུ་སྨིན་པའི་གོ་སྐབས་ཤིག་ཀྱང་འཆར་བ་ཡིན།
ཡིན་ནའང་། ང་ཚོ་གོ་སྐབས་ལ་སྒུག་ནས་རང་གར་མི་འདུག་པར་རང་སྟོབས་ཀྱིས་ལྕོགས་པའི་སྔོན་འགྲོའི་ལས་དོན་རྣམས་ངེས་པར་དུ་སྒྲུབ་དགོས། གཞིས་བྱེས་གཉིས་ན་བོད་མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་ཐུབ་པའམ་བོད་ལ་རང་དབང་ཐོབ་ན་བསམ་དོན་མཐའ་དག་ངང་གིས་འགྲུབ་འོང་བསམ་འདུག འདི་ནི་སྒྱིད་ལུག་དང་ཕྱི་བཤོལ་གྱི་ལྟ་ཚུལ་ཞིག་ཏུ་མཐོང་། མཐར་ཐུག་གི་མངོན་འདོད་རེ་ཞིག་མི་འགྲུབ་ཀྱང་གནས་སྐབས་སུ་རང་ངོས་ནས་ཐག་གཅོད་ཐུབ་པ་དང་ཡར་རྒྱས་གཏོང་ཐུབ་པའི་རིགས་ནི་ཇི་ཙམ་སྔ་བར་བསྒྲུབས་ན་དེ་ཙམ་གྱིས་བཟང་། བོད་ནང་ལ་མཚོན་ན་༧པན་ཆེན་རིན་པོ་ཆེ་སྐུ་གོང་མས་གནང་མ་ཚར་བར་ལྷག་པའི་བོད་ཀྱི་རྨང་གཞི་སྲ་བརྟན་གྱི་བྱ་གཞག་དེའི་མཇུག་སྐྱོང་དགོས། ཁོང་ནང་བཞིན་གྱི་ནུས་པ་མེད་པས་ལས་དོན་གལ་ཆེན་ཁ་ཅིག་འགྲུབ་ཐབས་མེད་ཀྱང་། ཁོང་གིས་བསྟན་པའི་བོད་མིའི་ངོ་བོ་སྲུང་སྐྱོབ་དང་སྲིད་འབྱོར་རིག་གསུམ་ཡར་རྒྱས་གཏོང་བའི་ལམ་ཁ་དེ་ལ་མུ་མཐུད་ནས་བསྐྱོད་དགོས། རྒྱ་ནག་གི་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་ནང་དུ་ཐོབ་ཐང་གང་ཡོད་ལག་ལེན་དུ་ཡོང་ཐབས་དང་དེ་ལས་ཆེ་ཙམ་རག་མིན་བལྟ་དགོས། ངས་གཞིས་པ་ཚོས་ཅི་ཡང་བསྒྲུབ་ཀྱིན་མི་འདུག་ཟེར་བ་མིན། ད་ལྟའི་བར་དུ་བོད་མི་ལྷག་བསམ་ཅན་ཁ་ཅིག་གིས་བྱ་གཞག་དེའི་ཆ་ཤས་བསྒྲུབས་དང་སྒྲུབ་མུས་སུ་འདུག གང་ཞིག་བསྒྲུབ་དགོས་པའི་དཔེ་མཚོན་འགའ་དྲངས་ན། བོད་མི་རང་ངོས་ནས་བོད་སྐད་བོད་ཡིག་རྒྱུན་འཛིན་གྱི་ལས་འགུལ་རྒྱ་བསྐྱེད་དང་རྒྱུན་སྐྱོང་བ། བོད་མིའི་ཚོང་ལས་མཉམ་འབྲེལ་འཛུགས་པ། ཡ་རབས་བཟང་སྤྱོད་དར་སྤེལ། ཆོས་ལུགས་གྲུབ་མཐའ་ཁག་གི་མཐུན་སྒྲིལ། ཕོ་མོ་འདྲ་མཉམ། བུད་མེད་དང་བྱིས་པའི་ཐོབ་ཐང་ལ་སོགས་ཀྱི་ངོས་ཐད་ནས་རྒྱ་ནག་དམར་ཤོག་གཞུང་གི་བཀག་རྒྱ་ཆེར་མེད་པའི་རིགས་ནི་ཕྱི་བཤོལ་མེད་པར་བསྒྲུབ་དགོས། ད་དུང་ཤིན་ཏུ་གལ་ཆེ་བ་ཞིག་ནི་བོད་ཆོལ་ཁ་གསུམ་ཕན་ཚུན་འབྲེལ་མཐུད་དང་སྒྲིག་འཛུགས་ཀྱི་རྨང་གཞི་བརྟན་པོ་ཞིག་འཛུགས་དགོས། དེ་མེད་ན་ཆོལ་གསུམ་གོང་བུ་ཆིག་སྒྲིལ་གྱི་ནུས་པ་ཇེ་བརྟན་དུ་གཏོང་མི་ཐུབ་པ་དང་། མ་འོངས་པར་གོ་སྐབས་ཆེན་པོ་ཤར་བའི་དུས་སུ་ཆོལ་གསུམ་ཡོངས་སུ་ཁྱབ་པའི་ལས་འགུལ་སྤེལ་བར་འབྲེལ་མཐུད་དང་སྒྲིག་འཛུགས་ཀྱི་ནུས་པ་མེད་ན་གོ་སྐབས་དམ་འཛིན་བྱ་བར་དཀའ་ངལ་འབྱུང་། འབྲེད་མཐུད་དང་སྒྲིག་འཛུགས་ཀྱི་ནུས་པ་དེའང་ཆབ་སྲིད་ཀྱི་རྣམ་པར་མངོན་མི་རུང་བ་དང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྒོལ་རྡུང་མི་ཐེབས་པའི་རྣམ་པ་གང་རུང་ཞིག་གི་སྟེང་ནས་འཛུགས་དགོས། དཔེར་ན། ཆོས་ལུགས་དང་། བོད་སྐད་ཡིག་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ། ཚོང་ལས། གླུ་གར་སྒྱུ་རྩལ། རྩོག་རིག་སྒྱུ་རྩལ། ལུས་རྩལ། སྤྱི་ཚོགས་ཞབས་ཞུ་ལ་སོགས་པའི་ཐད་ནས་ཆོལ་གསུམ་འབྲེལ་མཐུད་དང་སྒྲིག་འཛུགས་ཀྱི་དྲ་བ་བཟོ་དགོས། དེ་ཡོད་ན་མ་འོངས་པར་གོ་སྐབས་ཤར་ཚེ་བོད་སྤྱི་ལ་ཁྱབ་པའི་སྒྲིག་འཛུགས་དང་འབྲེལ་མཐུད་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པ་འདོན་ཐུབ།
བཙན་བྱོལ་དུ་བསྒྲུབ་དགོས་པ་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་གནོད་པའི་བྱ་ངན་གང་ཞིག་བརྩམས་དང་རྩོམ་བཞིན་པ་དང་། བོད་མིའི་ངོ་རྒོལ་ལས་འགུལ་གང་བྱུང་བ་རྣམས་ཞིབ་ཚགས་པ་དང་ཡང་དག་པར་ཡིག་ཐོག་ཏུ་འགོད་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་གོ་རྟོགས་གང་ནུས་ཅི་ལྕོགས་སྤེལ་ནས་ཆུད་ཟོས་སུ་མི་གཏོང་བ། ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བོད་དོན་གོ་རྟོགས་སྔར་བས་རྒྱ་ཆེ་རུ་སྤེལ་བ། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་དག་གི་ནང་དུ་བོད་དོན་རྒྱབ་སྐྱོར་བ་རྒྱུན་མ་ཆད་པར་གནས་ཐབས་བྱེད་པ། ནུབ་ཕྱོགས་སྟོབས་ཆེན་གྱི་གཞུང་དམངས་གཅིག་པུ་མ་ཡིན་པར་དེ་ལས་ཀྱང་ཁྱབ་ཆེ་བར་དམིགས་ནས། འཛམ་གླིང་གི་གཞུང་དམངས་ཆེ་ཆུང་དང་དབུལ་ཕྱུག་ལ་མ་ལྟོས་པར་བོད་དོན་ཀྱི་གོ་རྟོགས་སྤེལ་བ་དང་འབྲེལ་ལམ་འཛུགས་དགོས། བཙན་བྱོལ་གཞུང་དམངས་སྲ་བརྟན་དུ་གཏོང་བ། བཙན་བྱོལ་བ་ཚོའི་བོད་ཀྱི་ངོ་བོ་མ་ཉམས་པར་གནས་ཐབས་བྱེད་པ། བོད་ཀྱི་ལོས་རྒྱུས་དང་གནས་བབ་སྐོར་གྱི་ཡིག་ཚགས་ལ་བསྐྱར་ཞིབ་དང་ཁ་སྐོང་ཐུབ་པ་རྣམས་བསྐངས་ཏེ་ལོ་རྒྱུས་དེབ་ཐེར་ཁ་གསལ་ཁུངས་བཙུན་བྲིས་ནས་བོད་པའི་སྤྱི་ཚོགས་སུ་འགྲེམས་པ་དང་ཡིག་རིགས་གཞན་དུ་བསྒྱུར་བ། བོད་དོན་ལས་འགུལ་གྱི་དཀའ་གནད་དང་གྲུབ་འབྲས་རྣམས་བོད་ཕྱི་ནང་གཉིས་སུ་གསལ་བོར་ངོ་སྤྲོད་པ་ལྟ་བུ་ཡིན།
ཁོ་བོས་འདི་ལྟར་རང་གི་མཐོང་ཐོས་མྱོང་སུམ་ལས་བྱུང་བའི་སེམས་གཏམ་ཟོལ་མེད་བརྗོད་པའི་ཚེ། ཆབ་སྲིད་ཀྱི་མིག་འཕྲུལ་དང་ཁ་ཕོ་ལ་བརྟེན་ནས་རང་དོན་གཉེར་མཁན་ཚོ་དང་། སེམས་ཚོར་གྱིས་སྦྲིད་ནས་ཁུ་ཚུར་སྟོང་པ་གནམ་ལ་འཕྱར་མཁན་ཚོ་སྙིང་རླུང་ལྡང་སྲིད་ཀྱང་། གང་ལྟར་ང་ཚོ་བོད་དོན་ལས་འགུལ་གྱི་འཁྲུལ་སྣང་ལས་ངེས་པར་སད་དགོས་པ་དང་རང་སྟོབས་དང་དཀའ་གནད་ངོས་ཟིན་དགོས་སོ།།
བསམ་བློ་ཡག་པོ་འདུག།
ད་དུང་འདི་འདྲའི་རྩོམ་ཡིག་མང་དུ་སྤེལ་རོགས་ཞུ།
རྩོམ་ཡིག་གི་ཁྱད་ཆོས་ནི་མིའི་སེམས་ཁམས་བསྐྱུར་བྱེད་ཡིན་པས་ནམ་ཡང་དཔའ་མ་ཞུམ
དཔྱད་རྩོམ་ཡག་པོ་སྤེལ་འདུག
བྲིས་རྒྱུ་མང་དྲགས་པས། ཀློག་ཐབས་བྲལ། རེ་ཞིག་འདིར་ངལ་སོ་ཆེད་འཇོག་རྒྱུ་ཡིན། ཐུགས་རྗེ་ཆེ།
་་་་ རྒྱ་ནག་གི་ཆབ་སྲིད་དཔྱད་བརྗོད་པ་མང་པོས་ཁ་གཅིག་གྲགས་ཀྱིས་རྒྱ་ནག་དམར་ཤོག་སྒེར་གཅོད་སྲིད་དབང་དེ་འཆི་བའི་གནས་སྐབས་སུ་ལྷུང་ཟིན་པར་འདོད་པ་དང་། ཆབ་སྲིད་བཅོས་སྒྱུར་བྱས་རུང་མ་བྱས་རུང་ རྒྱ་ནག་དམར་ཤོག་སྲིད་དབང་འཇིག་རྒྱུ་ཡིན་པ་ཆོས་ཉིད་དུ་བཤད། ་་་་་ཟེར།
་་་་་ རྒྱ་ནག་དམར་ཤོག་གཞུང་གིས་འཛམ་གླིང་མི་མང་གི་མིག་མདུན་དུ་རང་དབང་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ལ་མངོན་སུམ་འཛེམ་མེད་དུ་རྡོག་བརྫིས་བཏང་བའི་དབང་གིས་འཛམ་གླིང་གི་སྲིད་གཞུང་དང་མི་མང་ཁ་ཅིག་གིས་གོ་སྐབས་བཟུང་ནས་གནོན་ཤུགས་སྤྲོད་སྲིད་པ་དང་། དེའི་དུས་སུ་བོད་དོན་ལས་འགུལ་ལ་འབྲས་བུ་སྨིན་པའི་གོ་སྐབས་ཤིག་ཀྱང་འཆར་བ་ཡིན། ་་་་ཟེར།
་་་་་ ངས་གཞིས་པ་ཚོས་ཅི་ཡང་བསྒྲུབ་ཀྱིན་མི་འདུག་ཟེར་བ་མིན། ད་ལྟའི་བར་དུ་བོད་མི་ལྷག་བསམ་ཅན་ཁ་ཅིག་གིས་བྱ་གཞག་དེའི་ཆ་ཤས་བསྒྲུབས་དང་སྒྲུབ་མུས་སུ་འདུག གང་ཞིག་བསྒྲུབ་དགོས་པའི་དཔེ་མཚོན་འགའ་དྲངས་ན། བོད་མི་རང་ངོས་ནས་བོད་སྐད་བོད་ཡིག་རྒྱུན་འཛིན་གྱི་ལས་འགུལ་རྒྱ་བསྐྱེད་དང་རྒྱུན་སྐྱོང་བ། བོད་མིའི་ཚོང་ལས་མཉམ་འབྲེལ་འཛུགས་པ། ཡ་རབས་བཟང་སྤྱོད་དར་སྤེལ། ཆོས་ལུགས་གྲུབ་མཐའ་ཁག་གི་མཐུན་སྒྲིལ། ཕོ་མོ་འདྲ་མཉམ། བུད་མེད་དང་བྱིས་པའི་ཐོབ་ཐང་ལ་སོགས་ཀྱི་ངོས་ཐད་ནས་རྒྱ་ནག་དམར་ཤོག་གཞུང་གི་བཀག་རྒྱ་ཆེར་མེད་པའི་རིགས་ནི་ཕྱི་བཤོལ་མེད་པར་བསྒྲུབ་དགོས། ་་་་ཟེར།
་་་་ བཙན་བྱོལ་དུ་བསྒྲུབ་དགོས་པ་ནི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་གནོད་པའི་བྱ་ངན་གང་ཞིག་བརྩམས་དང་རྩོམ་བཞིན་པ་དང་། བོད་མིའི་ངོ་རྒོལ་ལས་འགུལ་གང་བྱུང་བ་རྣམས་ཞིབ་ཚགས་པ་དང་ཡང་དག་པར་ཡིག་ཐོག་ཏུ་འགོད་པ། རྒྱལ་སྤྱིའི་སྤྱི་ཚོགས་སུ་གོ་རྟོགས་གང་ནུས་ཅི་ལྕོགས་སྤེལ་ནས་ཆུད་ཟོས་སུ་མི་གཏོང་བ། ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་བོད་དོན་གོ་རྟོགས་སྔར་བས་རྒྱ་ཆེ་རུ་སྤེལ་བ། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས་དག་གི་ནང་དུ་བོད་དོན་རྒྱབ་སྐྱོར་བ་རྒྱུན་མ་ཆད་པར་གནས་ཐབས་བྱེད་པ། ནུབ་ཕྱོགས་སྟོབས་ཆེན་གྱི་གཞུང་དམངས་གཅིག་པུ་མ་ཡིན་པར་དེ་ལས་ཀྱང་ཁྱབ་ཆེ་བར་དམིགས་ནས། འཛམ་གླིང་གི་གཞུང་དམངས་ཆེ་ཆུང་དང་དབུལ་ཕྱུག་ལ་མ་ལྟོས་པར་བོད་དོན་ཀྱི་གོ་རྟོགས་སྤེལ་བ་དང་འབྲེལ་ལམ་འཛུགས་དགོས། ་་་་ཟེར།
་་་་ ཁོ་བོས་འདི་ལྟར་རང་གི་མཐོང་ཐོས་མྱོང་སུམ་ལས་བྱུང་བའི་སེམས་གཏམ་ཟོལ་མེད་བརྗོད་པའི་ཚེ། ཆབ་སྲིད་ཀྱི་མིག་འཕྲུལ་དང་ཁ་ཕོ་ལ་བརྟེན་ནས་རང་དོན་གཉེར་མཁན་ཚོ་དང་། སེམས་ཚོར་གྱིས་སྦྲིད་ནས་ཁུ་ཚུར་སྟོང་པ་གནམ་ལ་འཕྱར་མཁན་ཚོ་སྙིང་རླུང་ལྡང་སྲིད་ཀྱང་། གང་ལྟར་ང་ཚོ་བོད་དོན་ལས་འགུལ་གྱི་འཁྲུལ་སྣང་ལས་ངེས་པར་སད་དགོས་པ་དང་རང་སྟོབས་དང་དཀའ་གནད་ངོས་ཟིན་དགོས་སོ།། ་་་ཟེར།
རྩོག་རིག་སྒྱུ་རྩལ། འདིའི་གོ་དོན་ཤེས་མ་སོང་བས་་་་་་