གནས་ཚུལ་མཁོ་སྤྲོད་པ། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༦ ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་བོད་མི་བཅུ་ལ་ཁྲིམས་ཐག་བཅད་པའི་ནང་གི་ལོ་༦ ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྤྲོ་ཚིགས་ཚུལ་ཁྲིམས་ལགས་ནི། རང་ལོ་༣༣ ཡིན་ཞིང་། ལོ་སྔོན་མའི་ཕྱི་ཟླ་༡༠ པ་ཙམ་ལ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཉེ་བའི་ཟླ་ཤས་གོང་བར་གར་ཡོད་ཙམ་ཡང་ཤེས་རྟོགས་བྱུང་མེད། གནས་ཚུལ་ཡོངས་ཁུངས་ནས་བརྗོད་པར་༸གོང་ས་མཆོག་གི་གྱ་སྟོན་སྐབས་རྔ་བ་མི་མང་གི་སྤྲོ་སྐྱིད་སོགས་ལ་སྣེ་ཁྲིད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་འདུག
ཁོང་གི་ཕ་ཡུལ་སྤྲོ་ཚིགས་ཡུལ་ཚོའི་རྡོ་བ་སྡེ་བའི་ཡར་འཇོང་ཚང་ནས་ཡིན་པ་དང་། ཕ་མིང་ལ་སྟོབས་རྒྱལ་དང་། མ་མིང་ལ་ནོར་ལྷ་ཟེར་ཞིང་། སྔོན་ཆད་སྤྲོ་ཚིགས་དགོན་པར་གྲྭ་པ་བྱེད་མྱོང་ཡོད་པར་མ་ཟད། ཕྱི་ལོ་༢༠༠༨ ལོར་སྤྲོ་ཚིགས་དགོན་པའི་དགེ་འདུན་པ་དྲུག་ལ་བཙོན་འཇུག་ཁྲིམས་བཅད་སྐབས་ཁོང་ལ་ལོ་༡ དང་ཟླ་༩ ཁྲིམས་ཐག་བཅད་ཡོད་འདུག
༢༽ དེ་བཞིན་ཉིན་དེར་ལོ་༥ བཙོན་འཇུག་ཁྲིམས་ཐག་བཅད་པའི་ཚུར་ཏེའམ་ཚུལ་ཁྲིམས། རང་ལོ་༣༢ ཙམ་ཡིན་ཞིང་། ལོ་སྔོན་མའི་ཕྱི་ཟླ་༡༡ ཚེས་༢༥ ཡས་མས་སུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་ཟླ་བ་མང་པོའི་རིང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཙམ་ཡང་ཤེས་རྟོགས་བྱུང་མེད་པ་དང། ཕྱི་ལོ་༢༠༠༨ ལོར་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་ལོ་༡ ཟླ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་གི་ཕ་ཡུལ་ལྷ་སྡེ་གོང་མ་ནས་ཡིན་ཞིང་། མ་མིང་ལ་བཀྲ་པོ་ཡིན་པ་དང་། ཁོང་སྔོན་ཆད་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་མྱོང་ཡོད་ལ། རྗེས་སུ་སྐྱ་སར་བབ་ནས་གཉེན་སྒྲིག་བྱས་ཏེ་ལོ་བཞི་ལྔ་ཅན་གྱི་ཕྲུ་གུ་གཉིས་ཡོད་འདུག་པ་བཅས་དང་།
དེ་མིན་གསལ་བཤད་ཞུ་རྒྱུ་ཞིག་ལ།
དེ་སྔོན་བཏང་བའི་གནས་ཚུལ་ནང་གི་ཏཱ་རེ་ཟེར་བར་ལོ་༨ ཁྲིམས་ཐག་བཅད་འདུག་པ་དེའི་མིང་ཆ་ཚང་ལ་ཏཱ་རེ་སྐྱིད་ཡིན་འདུག་ལ། སྤྱི་ཚོགས་རྒྱུད་ལམ་ཁག་ཏུ་ཐོན་པའི་ཙཀྲ་ཟེར་བ་དང་མི་གཅིག་ཡིན་འདུག་པས། ཙན་དྲ་ཟེར་བ་ཞིག་ཉེ་ཆར་ཁྲིམས་ཐག་བཅད་པའི་ཁོངས་སུ་མེད་པ་ཐུགས་འཇགས་འཚལ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༨ ལ།
http://tibettimes.net/%E0%BD%A1%E0%BD%84%E0%BC%8B%E0%BD%82%E0%BD%85%E0%BD%B2%E0%BD%82%E0%BC%8B%E0%BD%96%E0%BD%A6%E0%BE%B2%E0%BD%BA%E0%BD%82%E0%BD%A6%E0%BC%8B%E0%BD%A0%E0%BD%91%E0%BD%B4%E0%BD%82-%E0%BD%84%E0%BC%8B%E0%BD%9A/
་
ཡང་གཅིག་བསྲེགས་འདུག ང་ཚོ་ལྟད་མོ་བ་ཡིན་ནམ།
བོད་ཀྱི་དུས་བབ། ༢༠༡༦/༡༢/༠༩ རིག་པ། (༥)
—རང་ལུས་མེར་བསྲེགས་མཁན་དང་དེའི་ལྟད་མོ་བ་ཚོར་དམིགས་ཏེ་བྲིས།
ཀླུ་སྨྱོན་ཧེ་རུ་ཀ